མེ་ལོང་སྡེ་བའི་སྐྱེ་ཁམས་ལམ་བུ།
2018.10.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

 མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་མེ་ལོང་སྡེ་བའི་སྡེ་དམངས་ལ་མཚོན་ནས་བཤད་ན། མེ་ལོང་མཉམ་ལས་ཁང་ནི་གསལ་ཆ་མེད་པའི་མིང་ཚིག་ཅིག་མིན་པར་དེ་ལ་ཆ་རྒྱུས་ཧ་ཅང་ཆེ། 2008ལོར་མེ་ལོང་སྐྱེ་ཁམས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ད་ལྟའི་བར། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་བདུན་ཅུ་མ་རྐང་དུ་ཞུགས་པ་དང་། འབྲོག་པ་མི་རེར་ཆ་སྙོམས་ཀྱིས་ཁེ་སྤོགས་སྒོར་ཁྲི་གཉིས་བགོས།

བུ་ཧ་ཆུ་བོའི་ཤར་འགྲམ་དུ་གནས་པའི་མེ་ལོང་སྡེ་བ་ནི་ཕྱུགས་ལས་རྐྱང་བའི་སྡེ་བ་ཞིག་ཡིན་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ་ཉི་ཤུ་ཡོད་ཅིང་། སྡེ་བ་ཡོངས་ལ་རྩྭ་ས་གཞི་ཁྱོན་སྤྱི་ཆིང་སྟོང་བདུན་ལྔ་བརྒྱ་སོ་གསུམ་ལྷག་ཡོད།

དུས་ཡུན་རིང་བོར་རགས་ལས་རྣམ་པའི་ཕྱུགས་ལས་འཕེལ་རྒྱས་ལས་རྩྭ་ས་ཉམས་ཞན་དུ་གྱུར་བ་དང་། ཕྱུགས་ཟོག་གི་རྒྱུ་སྤུས་ཇེ་ཞན་དུ་གྱུར་བ། མང་ཚོགས་ཀྱི་ཡོང་སྒོའང་དེ་དང་བསྟུན་ནས་ཇེ་དམར་སོང་བས། དབུལ་ཕོངས་ཁྱིམ་ཚང་རྒྱུན་ཆད་མེད་པར་འཕར་སྣོན་བྱུང་་བ་རེད་ཅེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཅོན་ཆིན་གྱིས་དེ་ལྟར་བཤད་བྱུང་། ཁོས་བལྟས་ན་ཇི་ལྟར་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པའི་དུས་མཚུངས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི། འབྲོག་པ་མང་ཚོགས་ཀྱི་མདུན་དུ་ལྷགས་པའི་དོན་དངོས་ཞིག་ཡིན་པར་སྙམ།

གནད་དོན་འདི་ཐག་གཅོད་བྱེད་ཆེད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཉམས་མྱོང་ཅི་ཡང་མེད་པའི་གནས་ཚུལ་འོག  སྤོབས་པ་ཆེན་པོས་གསར་སྐྲུན་དང་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ཕྱུགས་རེས་མོས་ཀྱིས་འཚོ་བ་དང་རྒྱུད་སྤེལ་བ། འཚོ་གསོ་དང་ལས་སྣོན། ཕྱིར་འཚོང་བཅས་གཅིག་གྱུར་བྱེད་པ་དང་། ཁྱུ་བགོས་ནས་གསོ་སྤེལ་བྱེད་པའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དང་ཚོད་ལྟ་བྱེད་མགོ་ཚུགས།

2011ལོར་མཉམ་ལས་ཁང་གིས་ཚན་རིག་ལྟར་གསོ་སྤེལ་བྱེད་མགོ་བརྩམས་ཤིང་། གོ་སླ་བས་བཤད་ན།  རྩྭ་ཕྱུགས་དོ་མཉམ་ཡོང་བར་སྐུལ་འདེད་དང་རྩྭ་སའི་ཐོན་ཁུངས་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་པ་དེ་ཡིན། དཔེ་དབྱིབས་འདིའི་གནད་འགག་སྐོར་གླེང་སྐབས། ཐེམ་ཆེན་རྫོང་ཕྱུགས་ལས་ཆུ་བེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་བློ་གྲོས་རྒྱལ་མཚན་གྱིས་གསར་འགོད་པར་བཤད་རྒྱུར། སློབ་སྦྱོང་བྱས་པ་བརྒྱུད། མཉམ་ལས་ཁང་གིས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། ཕྱུགས་ལས་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ངང་ལེགས་བསྒྱུར་དང་། ཐོན་སྐྱེད་གྲུབ་ཚུལ་དང་ཕྱུགས་ཁྱུའི་གྲུབ་ཚུལ་ལེགས་བཅོས། རྩྭ་སའི་ཐོན་ཁུངས་དང་སྐྱེ་ཁམས་ལྟ་སྐུལ་ཚད་ལེན་ལག་རྩལ། འབྲེལ་ཡོད་ལས་རིགས་བཅས་ཀྱི་ཚད་གཞི་ལྟར་ཏུ། དགུན་ས་དང་བར་ས། དབྱར་ས། སྟོན་ས་བཅས་ཀྱི་རྩྭ་ས་ཚན་རིག་ལྟར་ལེགས་སྒྲིག་བྱས་ཤིང་། ཕྱུགས་འཚོའི་ལམ་ལུགས་ལེགས་བཅོས་བྱས་ནས་རྩྭ་ས་ལྟར་ཕྱུགས་གྲངས་གཏན་འཁེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་ཡིན་ཟེར།

དགུན་ས་དང་བར་སའི་རྩྭ་ས་དེ་ཕྱུགས་རེས་མོས་ཀྱིས་འཚོ་བའི་ས་ཁུལ་ཆུང་བ་ཉེར་ལྔ་རུ་བགོས་བ་དང་། ས་ཁུལ་ཆུང་བ་དེ་དག་ཕྱུགས་རེས་མོས་ཀྱིས་འཚོ་བའི་སྡེ་ཁག་གསུམ་དུ་བགོས་ནས། ཕྱུགས་འཚོ་བའི་ཉིན་གྲངས་དེ་ཉིན་ཉིས་བརྒྱ་དང་ལྔ་རུ་བྱས་པ་དང་། སྟོན་སའི་རྩྭ་ས་དེ་ཕྱུགས་རེས་མོས་ཀྱིས་འཚོ་བའི་ས་ཁུལ་ཆུང་བ་སོ་གཅིག་ཏུ་བགོས་ནས། ཕྱུགས་འཚོ་བའི་ཉིན་གྲངས་དེ་ཉིན་དགུ་ཅུ་བྱས་ཏེ། ལོ་འཁོར་དུ་ཕྱུགས་རེས་མོས་ཀྱིས་ཐེངས་གཉིས་ལ་འཚོ་བ་གཏན་འཁེལ་བྱས། དབྱར་སའི་རྩྭ་ས་དེ་ཕྱུགས་རེས་མོས་ཀྱིས་འཚོ་བའི་ས་ཁུལ་ཆུང་བ་སོ་གཅིག་ཏུ་བགོས་ནས། ཕྱུགས་འཚོ་བའི་ཉིན་གྲངས་དེ་ཉིན་བདུན་ཅུ་བྱས་པ་དང་། དུས་ཚིགས་ཀྱི་ཆོས་ཉིད་ལྟར། མ་རྐང་དུ་བཞག་པའི་ཕྱུགས་ཟོག་དང་རྩྭ་ས་ཧྲིལ་བསྡུས་བྱས་པའི་དུས་མཚུངས་སུ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་རྐྱེན་སྲོལ་དངོས་འབེབས་ནན་མོ་བྱས་ཤིང་། ཁྲིམས་ལྟར་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་ལ་སྐུལ་འདེད་དང་རྩྭ་ས་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཏེ། ནུས་ཡོད་སྒོས་རྩྭ་སའི་ཐོན་ཁུངས་ཚན་རིག་ལྟར་བེད་སྤྱོད་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་བ་ཡིན་ཞེས་མཉམ་ལས་ཁང་གི་ལས་འཛིན་པ་ཅོན་ཆིན་གྱིས་དེ་ལྟར་བཤད་བྱུང་།

ད་ལོ་ལོ་སོ་བརྒྱད་ཡིན་པའི་བཀྲ་ཤིས་དོན་གྲུབ་ནི་མཉམ་ལས་ཁང་གི་ཕྱུགས་རྫི་ཞིག་ཡིན། ཁོ་རང་མཉམ་ལས་ཁང་དུ་མ་ཞུགས་པའི་སྔོན་ལ། ཕྱུགས་འཚོ་བ་ཁོ་ན་ལས་རྩྭ་ཕྱུགས་དོ་མཉམ་གྱི་གནད་དོན་ལ་བསམ་བློ་བཏང་མྱོང་མེད་པས། ཐོག་དང་པོར་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བའི་གནས་ཚུལ་ཐོས་རྗེས་ཐེ་ཚོམ་སྐྱེས། སྔོན་ཆད་ལྟར་ན་རྩྭ་ས་སྤྱི་ཆིང་ཐིག་དང་གྲངས་ཆུང་གཉིས་བདུན་གྱི་སྟེང་ལུག་གཅིག་འཚོ་བ་ཡིན་ལ། མཉམ་ལས་ཁང་བཙུགས་རྗེས་རྩྭ་ས་སྤྱི་ཆིང་ཐིག་དང་གྲངས་ལྔ་གསུམ་གྱི་སྟེང་ལུག་གཅིག་འཚོ་དགོས་པའི་རེ་བ་བཏོན་པས། སྐབས་ཐོག་དེར་དེ་ལ་གོ་བ་གསལ་བོ་ཞིག་ལེན་མ་ཐུབ་མོད།  རྗེས་སུ་རིམ་བཞིན་ཤེས་རྟོགས་བྱུང་སོང་། ད་ལྟ་ལུག་གི་གྲངས་ཀ་ཇེ་ཉུང་དུ་སོང་མོད། འོན་ཀྱང་རྩྭ་ས་བཟང་ལ། ལུག་ལ་ཤ་ཤེད་རྒྱས་པའང་བཟང་བས། སྔོན་ཆད་ལུ་གུ་གཅིག་གི་ལྗིད་ཚད་སྤྱི་རྒྱ་བཅུ་གཉིས་ལས་མེད་ན། ད་ལྟ་སྤྱི་རྒྱ་ཉི་ཤུར་འཕར་ཐུབ། འདི་ལྟར་རྩིས་བརྒྱབ་ན་ཕན་ཁེ་ཆེན་པོ་ཡོད་པ་ཤེས་ཐུབ་ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་དགའ་སྤྲོའི་ངང་བཤད་བྱུང་།

རྩྭ་ཕྱུགས་དོ་མཉམ་གྱི་དོན་དངོས་ཁྲོད་ནས་བཀྲ་ཤིས་དོན་གྲུབ་ཀྱིས་ཕན་འབྲས་ངོ་མ་ལོངས་སུ་སྤྱོད་ཐུབ་པ་བྱུང་བས། ལས་འགན་ལྟར་ཕྱུགས་འཚོ་སྐྱོང་ལེགས་པོ་བྱས་པར་མ་ཟད། ད་དུང་རྩྭ་ས་སྲུང་སྐྱོབ་ལ་དོ་སྣང་ཆེན་པོ་བྱས། འདི་ལྟར་ཉེ་བའི་ལོ་འགའི་ནང་། བཀྲ་ཤིས་དོན་གྲུབ་ལོ་རེ་རེར་ཕུལ་བྱུང་ཕྱུགས་རྫིར་བདམས།

ཞིབ་བཤེར་ཚད་ལེན་བྱས་པ་བརྒྱུད། ད་ལྟ། སྡེ་བ་ཡོངས་ཀྱི་རྩྭ་ས་མུའུ་རེའི་ཆ་སྙོམས་ཀྱི་རྩྭའི་ཐོན་ཚད་དེ་སྤྱི་རྒྱ་བཅོ་ལྔ་ནས་སྤྱི་རྒྱ་ཉི་ཤུར་འཕར་སྣོན་བྱུང་བ་དང་། སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་ལྔ་ཡན་དུ་ཇེ་མཐོར་སོང་། དེས་སྡེ་བའི་ཕྱུགས་ལས་འཕེལ་རྒྱས་ལ་རྨང་གཞི་ལེགས་པོ་བཏང་བར་མ་ཟད། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པར་ཡང་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་བཏོན་པ་རེད་ཅེས་བློ་གྲོས་རྒྱལ་མཚན་གྱིས་དེ་ལྟར་བཤད་བྱུང་།

སྔོན་ཆད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་ལ་ད་ལྟ་ཕན་འབྲས་ལེགས་པོ་ཐོབ་ཏེ། མེ་ལོང་སྡེ་བའི་དཔེ་དབྱིབས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་བཟང་པོ་ཞིག་འཚོལ་ཞིབ་བྱུང་ཡོད། དེང་ཐོག་སྣེ་ཁྲིད་ནས་མཉམ་ལས་ཁང་དུ་ཞུགས་པའི་ཏང་ཡོན་རྒན་པ་བུན་ཁྲང་དོན་གྲུབ་ཀྱིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དེ་དངོས་གནས་བཟང་ཞེས་མྱོང་ཚོར་ཟབ་མོས་དེ་ལྟར་བཤད་བྱུང་།

རྗེས་ཕྱོགས་ཀྱི་འཕེལ་རྒྱས་སྐོར་གླེང་སྐབས། ཅོན་ཆིན་གྱིས་བཤད་རྒྱུར། གོམ་རིམ་རྗེས་མར། ང་ཚོས་སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག ཏང་ཡོན་དང་ཕྱུག་བསྒྱུར་འཇོན་མིས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ནུས་པ་བཟང་པོ་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་གཅིག་ནས་རང་ཉིད་ཀྱི་མིང་གྲགས་ཐོན་རྫས་གསར་གཏོད་བྱེད་པ་དང་། ཕྱོགས་གཅིག་ནས་ཐོན་རྫས་ལས་སྣོན་ཞིབ་མོ་བྱེད་རྒྱུ་ཡིན་པར་མ་ཟད། སྐྱེ་ཁམས་ཕྱུགས་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བརྒྱུད་དེ། མེ་ལོང་སྡེ་བའི་ཞིང་སྡེ་དར་སྤེལ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།

ལོ་ཙཱ་བ། སྒྲོལ་མ་སྐྱིད།