ལོ་ངོ་བཅུའི་རིང་ལ། མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རྩྭ་སའི་ཁ་གསབ་བྱ་དགའ་ལག་བསྟར་དང་ཕྱུགས་སྐྱུར་རྩྭ་འདེབས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་བཟོ་སྐྲུན་དངོས་འབེབས་བྱས་ཏེ། རྩྭ་སར་ལྕགས་ར་མུའུ་བྱེ་བ་གཉིས་ས་ཡ་ལྔ་འབུམ་གཅིག་ཁྲི་དྲུག་ལྷག་བསྐོར་བ་དང་། རྩྭ་ས་མུའུ་ས་ཡ་གསུམ་འབུམ་དགུ་ཁྲི་བཞི་ལྷག་གསབ་འདེབས་བྱས་ཤིང་། ས་ནག་ཐང་མུའུ་འབུམ་ལྔ་ཁྲི་གསུམ་ལྷག་བཅོས་སྐྱོང་བྱས་པ་དང་། རྩྭ་ས་མུའུ་བྱེ་བ་གཉིས་ས་ཡ་དགུ་འབུམ་གཉིས་ཁྲི་གཅིག་ལྷག་གི་ཨ་བྲའི་གནོད་འཚེ་འགོག་བཅོས་དང་། རྩྭ་ས་མུའུ་ས་ཡ་གཅིག་འབུམ་བདུན་གྱི་དུག་རྩྭ་འགོག་བཅོས་བྱས། བསྡོམས་པས་རྩྭ་སའི་ཁ་གསབ་མ་དངུལ་དངོས་འབེབས་བྱས་ཚད་སྒོར་དུང་ཕྱུར་ཉེར་ལྔར་བསླེབས། ཁུལ་ཡོངས་ཀྱི་ཁྱིམ་ཚང་ཁྲི་བདུན་སྟོང་གཉིས་བཞི་བརྒྱ་དང་མང་ཚོགས་འབུམ་གསུམ་ཁྲི་གཅིག་ལྷག་ལ་ཕན་ཁེ་ཐོབ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་རྐང་སུ་མི་སྟོང་གཅིག་བདུན་བརྒྱ་ལྷག་བསྡུ་ལེན་བྱས་པ་དང་། ལོ་རེར་མི་རེར་ཆ་སྙོམས་ཀྱིས་གླ་ཕོགས་བྱིན་ཚད་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱར་བསླེབས།
ལོ་བཅུའི་རིང་ལ། མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཞིང་ཕྱུགས་ཚན་རྩལ་ཁྱབ་སྤེལ་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་དང་ཞིང་ལས་ལག་རྩལ་མི་སྣའི་འཇོན་ཐང་འདོན་སྤེལ་གང་ལེགས་བྱེད་དུ་བཅུག་སྟེ། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གླིང་དང་ཚན་རྩལ་ལས་ཁུངས་དང་མཉམ་ལས་བྱས་པ་དང་། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ལག་རྩལ་གསར་བར་ཞིབ་འཇུག་དང་ཁྱབ་གདལ། བཀོལ་སྤྱོད་བཅས་བྱས་ཤིང་། སྔ་གཞུག་ཏུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཞིང་ལས་ལོ་ཏོག་ས་ཁུལ་གྱི་ཚོད་ལྟའི་ལས་གཞི་ལྔ་སྒྲུབ་པ་དང་། 《ཕྱུགས་གསོའི་རྣམ་པ་མི་འདྲ་བས་ནོར་ལུག་གི་སྐྱེ་འཕེལ་འཚར་ལོངས་དང་ཤ་ཤེད་རྒྱས་སུ་བཅུག་པའི་ལྟ་ཞིབ་ཚད་ལེན་གྱི་ཚོད་ལྟའི》གྲུབ་འབྲས་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས། ཁུལ་རིམ་པའི་ཚན་རྩལ་དཔེ་སྟོན་སྡེ་བ་ཉི་ཤུ་བཙུགས་པ་དང་། གཞི་རིམ་དུ་མངག་པའི་ཚན་རྩལ་ཆེད་ལས་པ་ཆིག་བརྒྱ་སོ་བཞི་དང་། བསྡོམས་པས་ལས་རིགས་གསར་བའི་རོང་འབྲོག་མང་ཚོགས་མི་ཐེངས་ཁྲི་བརྒྱད་ལ་གསོ་སྦྱོང་བྱས་ཤིང་། ཚན་རྩལ་གྱིས་རོང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་འཕར་སྣོན་འབྱུང་བར་བྱས་རྗེས་བཞག་ཚད་བརྒྱ་ཆའི་རེ་ལྔ་ཡན་དུ་སླེབས་པ་དང་། རྫོང་རིམ་པའི་ཞིང་ཕྱུགས་ལས་རིགས་ཀྱི་བརྡ་འཕྲིན་ཞབས་ཞུ་ལྟེ་གནས་ལྔ་དང་སྡེ་བ་རིམ་པའི་ཞིང་ཕྱུགས་ལས་རིགས་ཀྱི་བརྡ་འཕྲིན་ཞབས་ཞུ་ལྟེ་གནས་ཉི་ཤུ་བཙུགས་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་བརྒྱ་ཆའི་དགུ་ཅུ་ཡན་ལ་དྲ་རྒྱའི་བརྡ་འཕྲིན་མངོན་འགྱུར་བྱུང་།
ཆི་ལེན་རྫོང་གི་ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཀྱི་ཚད80%ཡན་ལ་སླེབས།
“ལོ་ངོ་དུ་མར་སྲུང་སྐྱོབ་བྱས་པ་བརྒྱུད། སྔོན་ཆད་ཚང་མས་བཀོལ་སྤྱོད་མི་བྱེད་པའི་ས་ནག་ཐང་དེ་ད་ལྟ་ཁྱིམ་ཚང་ཚང་མས་བཀོལ་འདོད་ཆེ་བར་གྱུར ”ཞེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་འབྲོང་ལུང་ཞང་དར་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མ་ཅིག་གིས་མིག་མདུན་གྱི་སྔོ་རྩྭ་བསྟན་ནས་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་།
མ་ཅིག་ཡོད་སའི་འབྲོང་ལུང་ཞང་དར་ལུང་སྡེ་བ་ནི་སྔོན་ཆད་གསའ་ལུང་ཐང་ས་ཁུལ་གྱི་རྩྭ་ས་ཉམས་ཞན་དུ་འགྱུར་ཚད་ཆེས་ཚབས་ཆེ་བའི་སྡེ་བ་ཞིག་ཡིན། གསའ་ལུང་ཐང་ས་ཁུལ་དེར་འབྲོང་ལུང་ཞང་གི་སྤེན་མ་དང་དར་ལུང་། ཁམ་བུ་ལུང་བ་བཅས་སྡེ་བ་གསུམ་འདུས་པས། མདོ་ལ་རི་བོའི་འདབས་རོལ་གྱི་རྒྱ་ཁྱོན་ཆེ་བའི་ས་ནག་ཐང་བཅོས་སྐྱོང་གི་གནད་སའི་ས་ཁུལ་ཡིན།
“ས་ནག་ཐང”ནི་རྩྭ་ས་ཞན་འགྱུར་ཆེས་ཚབས་ཆེན་ཡིན་པའི་རྣམ་པ་ཞིག་ཡིན། རྩྭ་ས་ཉམས་ཞན་དུ་གྱུར་རྗེས་ས་ཤུན་ཕྱིར་མངོན་པའི་ཁར། ཨ་བྲས་གཏོར་བརླག་བྱས་པའི་དབང་གིས་ས་ནག་ཐང་རིམ་བཞིན་བྱུང་བ་རེད། 2014ལོ་ནས་བཟུང་། ཆི་ལེན་རྫོང་གིས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན། ཕྱུགས་སྐྱུར་རྩྭ་འདེབས་བཟོ་སྐྲུན་སོགས་ལས་གཞི་ཆེན་པོ་བཞི་ལ་བརྟེན་ནས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་དགུ་ས་ཡ་ལྔ་བཏང་ནས་གསའ་ལུང་ཐང་སོགས་ས་ཁུལ་གྱི་ས་ནག་ཐང་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་དང་། “གཅིག་བསྡུས་སྒོས་མ་དངུལ་གཏོང་བ་དང་མུ་འབྲེལ་སྒོས་བཅོས་སྐྱོང་བྱེད་པ”སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་ནས་སྲུང་སྐྱོབ་དང་བེད་སྤྱོད་བྱས་པས། “ཕྱུགས་སྐྱུར་རྩྭ་གསོ་དང་རྩྭ་ཕྱུགས་མཉམ་འཕེལ”གྱི་རྩྭ་སའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་རྣམ་པ་གསར་པ་ཞིག་རིམ་བཞིན་ཆགས། མིག་སྔའི་བར། བསྡོམས་པས་ས་ནག་ཐང་སྤྱི་ཆིང་ཁྲི་གཅིག་སྟོང་གཅིག་སུམ་བརྒྱ་བཅོས་སྐྱོང་བྱས་པ་དང་། ཞན་འགྱུར་རྩྭ་ས་སྤྱི་ཆིང་སྟོང་གསུམ་དང་སུམ་བརྒྱ་སོ་གསུམ་ལེགས་སྒྱུར་བྱས། དེའི་ནང་གསའ་ལུང་ཐང་ས་ཁུལ་གྱི་ས་ནག་ཐང་སྤྱི་ཆིང་སྟོང་དགུ་དང་སུམ་བརྒྱ་སོ་གསུམ་བཅོས་སྐྱོང་བྱས་པས། ཆི་ལེན་རྫོང་གི་ས་ནག་ཐང་གི་སྔོ་ཁེབས་ཀྱི་ཚད10%ནས80%ཡན་ལ་ཇེ་མཐོར་སོང་བ་དང་། ཕྱུགས་རྩྭའི་ཆ་སྙོམས་ཀྱི་མཐོ་ཚད་ལི་སྨི50ལ་སླེབས་པ་དང་། ཆ་སྙོམས་ཀྱི་མུའུ་རེའི་ཕྱུགས་རྩྭའི་ཐོན་ཚད་སྤྱི་རྒྱ50ཡས་མས་ནས་སྤྱི་རྒྱ350ཡན་ལ་སླེབས། རྩྭ་སའི་ཐོན་ཁུངས་འོས་འཚམ་གྱིས་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན། ཐོན་ཁུངས་འཛད་སྤྱོད་དེ་ཐོན་ཁུངས་གྲོན་ཆུང་ཅན་དུ་བསྒྱུར་བའི་ཡུན་རིང་གི་རྐྱེན་སྲོལ་རིམ་བཞིན་བཙུགས་པས། ཆི་ལེན་རྫོང་གི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།
རྫ་སྟོད་རྫོང་གིས་ཐོག་མཐའ་བར་གསུམ་ཏུ་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་དང་མཉམ་དུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་པའི་སྤྱིའི་རྣམ་པ་རྒྱུན་འཁྱོངས་བྱས།
ཉེ་བའི་ལོ་འགའི་རིང་ལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གིས་ཐོག་མཐའ་བར་གསུམ་ཀུན་ཏུ་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་དང་མཉམ་དུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་པའི་སྤྱིའི་རྣམ་པ་རྒྱུན་འཁྱོངས་དང་། ལྗང་མདོག་ལ་དྲིན་གཟོ་དང་སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་སློག་པའི་བླང་བྱ་དམ་འཛིན་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ནན་ཏན་གྱིས་སྐུལ་སྤེལ་བྱས་ཏེ། རྫ་སྟོད་རྫོང་དེ་སྐྱེ་ཁམས་དཔལ་ཡོན་གྱི་དཔེར་སྟོན་རྫོང་དང་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་སྔོན་སྐྱོད་ལྟེ་གནས་ཁུལ་དུ་འགྱུར་བར་འབད་བརྩོན་བྱས།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཙོ་གནད་དུ་བཟུང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྒྲིག་གཞི་འཐུས་ཚང་དུ་བཏང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་གཞི་གཙོར་བཞག་ཏེ། ཏང་སྲིད་འགན་འཁྲི་མཉམ་འཁུར་དང་ལས་རྐང་གཅིག་ལ་འགན་འཁུར་གཉིས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འགན་འཁུར་ལམ་ལུགས་ལག་བསྟར་བྱས། རྩ་འཛུགས་ཀྱི་འགོ་ཁྲིད་དང་དམིགས་ཚད་ཞིབ་བཤེར། ཕྱོགས་བསྡུས་ལྟ་ཞིབ་ལམ་ལུགས་སོགས་བཙུགས་ནས། མཉམ་འཛུགས་མཉམ་བདག་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གྲུབ་པར་བྱས།
རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས། སྡེ་ཁག་ཆེན་མོའི་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་། རྫ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་བསྟར་རུ་ཁག་དང་དོ་དམ་ལམ་ལུགས་ཀྱི་སྒྲིག་སྲོལ། སྐྱེ་ཁམས་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་སོགས་ཕྱོགས་བསྡུས་བྱས་པ་བརྒྱུད་ནས། སྤྱི་ཚོགས་ཟབ་ཞུགས་སྣེ་ཁྲིད་དང་དྲིལ་སྒྲོག་རྒྱ་ཁྱབ་ཏུ་གཏོང་པ་སོགས་ཀྱི་འགན་ནུས་ལག་བསྟར་བྱས། འཐུས་ཚང་གི་སྐྱེ་ཁམས་ལྟ་སྲུང་ལམ་ལུགས་བཙུགས་པ་མ་ཟད། གསབ་སྦྱོང་དང་སྐོར་ཞིབ། ལྟ་ཞིབ་ཚད་འཇལ། ཞིབ་བཤེར། བྱ་དགའ་སྟེར་བ་སོགས་ཀྱི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་སྤེལ་བྱས་ཏེ། ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་ཕྱོགས་ཡོངས་ལ་ཁེབས་པར་བྱས། གངས་གཟིག་བརྗོད་གཞི་ཡིན་པའི་ཁུལ་ཡོངས་ཀྱི་རང་བྱུང་ཚད་ལྟའི་རྟེན་གཞི་བཙུགས་ཏེ། མི་དང་རི་སྐྱེས་སྲོག་ཆགས་ཀྱི་འཆམ་མཐུན་མཉམ་གནས་ཡོང་བ་མངོན་འགྱུར་བྱས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།