གཙང་གསུམ་འབྱུང་ཡུལ་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་སུ་གནས་ལ། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་གཙང་བོ་ཆེན་པོ་གསུམ་གྱི་འབྱུང་ཡུལ་ཡིན་ཞིང་། རང་རྒྱལ་དང་ཨེ་ཤ་ཡའི་གལ་ཆེ་བའི་ཚྭ་མེད་ཆུ་མཁོ་འདོན་བྱེད་གནས་ཡིན་པས། མཐོ་སྒང་གི་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་མཛོད་ཀྱི་མཚན་སྙན་ཡོད་ལ། གོ་ལ་ཧྲིལ་བོའི་ནམ་ཟླའི་འགྱུར་ལྡོག་ཆེས་ཆེ་བའི་ས་ཁོངས་གྲས་ཀྱི་གཅིག་ཀྱང་ཡིན།
ལོ་རྒྱུས་ཐོག་གཙང་གསུམ་འབྱུང་ཡུལ་ནི་རྩྭ་ཆུ་འཛོམ་ཤིང་མཚེའུ་མང་ལ། རི་སྐྱེས་སྲོག་ཆགས་དང་རྩྭི་ཤིང་ཕུན་སུམ་ཚོགས་པའི་མཐོ་སྒང་གི་བརླན་ས་ཞིག་ཡིན་པས། སྐྱེ་ཁམས་དང་ཚེ་སྲོག་གི་དག་ཞིང་དུ་གྲགས་ཡོད། ཡིན་ནའང་། གོ་ལ་ཧྲིལ་བོའི་གནམ་གཤིས་ཇེ་དྲོད་དང་ཚད་བརྒལ་སྒོས་ཕྱུགས་འཚོ་བ། རི་དྭགས་ལྐོག་རྔོན་སོགས་མིའི་གནོད་འཚེའི་དབང་གིས། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ས་ཉམས་ཞན་དུ་གྱུར་བ་དང་། ས་ཆུ་ཤོར་བ་ཚབས་ཆེ་བ། སྐྱེ་ཁམས་ཇེ་སྡུག་ཏུ་འགྲོ་བ། སྐྱེ་ཁམས་སྣ་མང་རང་བཞིན་ཇེ་ཉུང་ཡིན་པ་སོགས་ཀྱི་གནད་དོན་རབ་དང་རིམ་པ་བྱུང་ནས། གཙང་གསུམ་འབྱུང་ཡུལ་དང་སྨད་རྒྱུད་ཀྱི་སྐྱེ་ཁམས་དང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བར་ཤུགས་རྐྱེན་ངན་པ་བཟོས། རང་བྱུང་དང་མིས་བཟོས་པའི་གནོད་འཚེའི་འོག གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།
2005ལོའི་ཚུན་ལ། རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱེད་མགོ་བརྩམས། ལོ་ངོ་བཅུ་འགོར་རྗེས་ཀྱི་ད་ལྟ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་སྔར་ལས་ཇེ་བཟང་དུ་གྱུར་ནས། ལྟག་ཆུ་བསྐྱིལ་གསོག་གི་བྱེད་ནུས་རིམ་བཞིན་སླར་གསོ་དང་རྩྭ་ས་ཉམས་ཞན་དུ་འགྱུར་ཚད་བཀག་འགོག་བྱུང་བ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ཇེ་མང་དུ་གྱུར་བ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་ཡིན་པའི་རྣམ་པ་བཟང་པོ་བྱུང་ཡོད།
ད་ལྟའི་གཙང་གསུམ་འབྱུང་ཡུལ་དུ་མཚོ་མོ་སྟོང་གི་མཛེས་ལྗོངས་ཡང་བསྐྱར་མི་རྣམས་ཀྱི་མིག་ལམ་དུ་མངོན་ཞིང་། གཙང་གསུམ་འབྱུང་ཡུལ་གྱི་ག་ས་གང་དུ་སྐྱེས་སྟོབས་དང་གསོན་ཤུགས་ཀྱིས་ཡོངས་སུ་ཁེངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཡང་བསྐྱར་མཛུབ་སྟོན་གལ་ཆེན་གནང་ཏེ། མཚོ་སྔོན་གྱི་རིན་ཐང་ཆེན་པོ་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེན་པོ་དང་སྦས་ཤུགས་ཆེན་པོའང་སྐྱེ་ཁམས་ཡིན་པས། ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གོ་གནས་ཨང་དང་པོར་བཞག་ནས་དམ་འཛིན་བྱེད་དགོས་ལ། རང་བྱུང་ལ་བརྩི་བཀུར་དང་རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོབ་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི་ཡོལ་བ་སྲ་བརྟན་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།
མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕྱོགས་ལྔ་གཞི་གཅིག་གི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་གཞིར་བཟུང་ནས། ཧུར་ཐག་གིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་རྩ་འཛུགས་ལག་བསྟར་བྱས་པ་དང་། ཁྱོན་ཡོངས་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཤུགས་བསྣན་ནས། ཕན་འབྲས་མངོན་གསལ་བླངས།
2005ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་སྐབས་དང་པོའི་བཟོ་སྐྲུན་འཆར་འགོད་ལ་ཆོག་མཆན་བཀོད་པ་དང་། ལག་བསྟར་ཁྱབ་ཁོངས་སུ་ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ། མཚོ་ལྷོ། ན་གོར་མོ་གྲོང་ཁྱེར་བཅས་བསྡོམས་པས་ཁུལ་བཞི་དང་རྫོང་བཅུ་དྲུག གྲོང་ཁྱེར་གཅིག་གི་ཞང་གྲོང་བདུན་ཅུ་ཡོད་པ་དང་། གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་ལྔ་ལྷག་ཡོད། འཛུགས་སྐྲུན་ནང་དོན་ཁྲོད་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ་འདེགས་སྐྱོར་བཅས་རིགས་ཆེན་པོ་གསུམ་དང་། བཟོ་སྐྲུན་རྣམ་གྲངས་ཉེར་གཉིས་འདུས་ཡོད་ལ། འཆར་འགོད་ཀྱི་སྤྱིའི་མ་དངུལ་སྒོར་དུང་ཕྱུར་དོན་ལྔ་ལྷག་རེད།
མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔ་གཞུག་ཏུ《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་པའི་བྱ་སྤྱོད་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི》། 《མཚོ་སྔོན་ཞིང་ཆེན་གྱི་བྱེད་ནུས་ཁུལ་གཙོ་བོའི་འཆར་འགོད》སོགས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཇུས་གཞི་དང་འཆར་འགོད་རབ་དང་རིམ་པ་གཏན་འཁེལ་འགྲེམ་སྤེལ་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྲིད་ཇུས་དང་ལམ་ལུགས་མང་པོ་ཇུས་འགོད་བྱས་ནས། ནུས་ཡོད་སྒོས་སྲུང་སྐྱོབ་འཛུགས་སྐྲུན་ཚན་རིག་ཚད་ལྡན་དང་བརྒྱུད་རིམ་ལྡན་པའི་སྒོས་ནས་སྤེལ་བར་འགན་སྲུང་བྱས།
2006ལོར་ཞིང་ཆེན་སྲིད་གཞུང་གིས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་ལ་དཔྱད་ཞིབ་མི་བྱེད་པའི་ཐག་བཅད་དེ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་དེ་གཙང་གསུམ་འབྱུང་ཡུལ་གྱི་རིམ་པ་སོ་སོའི་སྲིད་གཞུང་བྱ་བའི་དཔྱད་ཞིབ་ནང་དོན་གཙོ་བོར་བཀོད།
མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚན་རིག་ཞིབ་འཇུག་དང་བཀོལ་སྤྱོད་ཁྱབ་སྤེལ་ལས་གཞི་གོ་དྲུག་ལག་བསྟར་བྱས་པ་དང་། དེའི་ནང་གཙང་གསུམ་འབྱུང་ཡུལ་གྱི་བརླན་སའི་འགྱུར་ལྡོག་དང་སླར་གསོའི་ལག་རྩལ་ཞིབ་འཇུག་དང་གཙང་གསུམ་འབྱུང་ཡུལ་གྱི་ཞན་འགྱུར་རྩྭ་སའི་སྐྱེ་ཁམས་མ་ལག་སླར་གསོ་བཅོས་སྐྱོང་ཞིབ་འཇུག་གི་གྲུབ་འབྲས་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་བསླེབས་ཡོད།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྔ་གཞུག་ཏུ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་ལྔ་ས་ཡ་དྲུག་དང་། ས་ཞིང་ཉོ་སྒྲུབ་གྲོན་དངུལ་སྒོར་བྱེ་བ་བདུན་ས་ཡ་བདུན་འབུམ་གཉིས་ཁྲི་གཅིག་བཏང་ནས། སྐྱེ་ཁམས་གནས་སྤོར་སྡོད་ཁུལ་གྱི་ཆུ་གློག་ལམ་གསུམ་དང་། སློབ་གསོ། འཕྲོད་བསྟེན་བཅས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། གནས་སྤོར་ཡུལ་མིའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱུང་། 2009ལོ་ནས2015ལོའི་བར་བསྡོམས་པས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གནས་སྤོར་ཡུལ་མིར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་ལྔ་ས་ཡ་བརྒྱད་ལྷག་དངོས་འབེབས་བྱས་པ་དང་། 2007ལོ་ནས2015ལོའི་བར་འབུད་ཤིང་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་གཅིག་ལྷག་དངོས་འབེབས་བྱས།
2013ལོར《གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་འཆར་འགོད》ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། 2014ལོའི་ཟླ་དང་པོའི་ཚེས་བཅུ་ཉིན། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་དང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་མགོ་བརྩམས་པས། དུས་སྐབས་གཉིས་པའི་བཟོ་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་དུས་རིམ་དུ་ཞུགས་པ་མཚོན། འཆར་འགོད་ཁྱབ་ཁོངས་སུ་ཡུལ་ཤུལ་དང་མགོ་ལོག མཚོ་ལྷོ། རྨ་ལྷོ་བཅས་ཁུལ་བཞིའི་རྫོང་ཉེར་གཅིག་དང་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་བཅས་བསྡོམས་པས་ཞང་གྲོང་ཆིག་བརྒྱ་ང་བརྒྱད་དང་སྲིད་འཛིན་སྡེ་བ་ཆིག་སྟོང་ཉིས་བརྒྱ་བཅུ་བཞི་འདུས་ཡོད། སྤྱིའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་ཁྲི་དགུ་སྟོང་ལྔ་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་གཞི་ཁྱོན་གྱི་བརྒྱ་ཆའི་ལྔ་བཞི་དང་གྲངས་ཆུང་དྲུག་ཟིན་ཡོད།
གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཞན་འགྱུར་གྱི་སྣང་ཚུལ་རིམ་བཞིན་བཀག་འགོག་བྱུང་བ་དང་། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་བྱེད་ནུས་རིམ་བཞིན་མཐོར་འདེགས་བྱུང་བ། གནད་སའི་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གྱི་སྐྱེ་ཁམས་གནས་བབ་མངོན་གསལ་སྒོས་ཇེ་བཟང་དུ་གྱུར།
2005ལོའི་ཚུན་ལ། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་གྲངས་ཐིག་གཉིས་ཙམ་ཇེ་མཐོར་སོང་བ་དང་། ཕྱུགས་ཀྱི་ཤོང་ཚད་ལུག་གི་རྩིས་གཞི་བྱེ་བ་གཅིག་ས་ཡ་ལྔ་འབུམ་དགུ་ཁྲི་དགུ་ཇེ་ཉུང་དུ་སོང་། ཞན་འགྱུར་རྩྭ་སའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་གཉིས་སུམ་བརྒྱ་ཇེ་ཆུང་དུ་སོང་བ་དང་། ཨ་བྲའི་གནོད་པ་ཐེབས་པའི་རྩྭ་སའི་གཞི་ཁྱོན་ཆེས་ཆེར་ཇེ་དམར་སོང་། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་བརྒྱད་ནས་བརྒྱ་ཆའི་བདུན་དང་གྲངས་ཆུང་བཞི་གསུམ་དུ་ཇེ་མཐོར་སོང་བ་དང་། བཟོ་སྐྲུན་ཁུལ་གྱི་ཤིང་ནགས་ཀྱི་ཁེབས་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་གོར་ཐིག་དང་གྲངས་ཆུང་གཉིས་གཅིག་འཕར་སྣོ་བྱུང་བ་དང་། བྱེ་འགྱུར་ས་ཞིང་བཅོས་སྐྱོང་གི་ཚད་བརྒྱ་ཆའི་ཞེ་བདུན་དུ་ཇེ་མཐོར་སོང་།
གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཁོངས་ཀྱི་བསྡུར་ཚད་ཟིན་ཚད་དེ་བརྒྱ་ཆའི་བཞི་དང་གྲངས་ཆུང་བརྒྱད་དགུ་ནས་བརྒྱ་ཆའི་ལྔ་དང་གྲངས་ཆུང་བདུན་ཐིག་ཇེ་མཐོར་སོང་བ་དང་། བརླན་ས་སྤྱི་ཆིང་ཁྲི་དགུ་སྟོང་གཅིག་དྲུག་བརྒྱ་བཀག་སྡོམ་བཅོས་སྐྱོང་བྱས། བརླན་སའི་གཞི་ཁྱོན་མངོན་གསལ་སྒོས་འཕར་སྣོན་བྱུང་བ་དང་། སྔོ་ཁེབས་ཀྱི་ཚད་རིམ་བཞིན་ཇེ་མཐོར་སོང་། བརླན་སའི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་ལེགས་པོ་ཐོབ་ཏེ། བརླན་སའི་བྱེད་ནུས་རིམ་བཞིན་ཇེ་དྲག་ཏུ་གྱུར། གཙོད་དང་དགོ་བ། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་རིམ་བཞིན་ཇེ་མང་དུ་གྱུར་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་རིམ་བཞིན་སླར་གསོ་བྱུང་།
སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་སྡེའི་ནུས་ཁུངས་འཛུགས་སྐྲུན། ནུས་རྩལ་གསོ་སྦྱོང་། ཕྱུགས་བསྐྱུར་རྩྭ་འདེབས། རྩྭ་ས་དང་ནགས་ཚལ་གྱི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན། ཞན་འགྱུར་རྩྭ་ས་བཅོས་སྐྱོང་། ས་ཆུ་སྲུང་འཛིན་སོགས་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྱད་སྟོབས་དེ་རིམ་བཞིན་འཕེལ་རྒྱས་ཁྱད་སྟོབས་སུ་བསྒྱུར་བ་དང་། སྐྱེ་ཁམས་ཀྱི་ཁེ་སྤོགས་ཉིན་བཞིན་མངོན་གསལ་དུ་གྱུར། གཙང་གསུམ་འབྱུང་ཡུལ་གྱིས་གནས་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་དོན་དགུ་ལྷག་མངོན་འགྱུར་བྱས་ཤིང་། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་ཉི་ཤུ་ལྷག་འཕར་སྣོན་བྱུང་། ཁྱོན་ཡོངས་ནས་ཞིང་ཕན་སྲིད་ཇུས་སྣ་ཚོགས་དང་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་པ་བརྒྱུད། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་ཇེ་ཡངས་སུ་གྱུར་བ་དང་། ས་གནས་རོང་འབྲོག་མང་ཚོགས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་བདུན་སུམ་བརྒྱར་འཕར་སྣོན་བྱུང་ནས། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དུ་ཇེ་མཐོར་སོང་།
སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། ས་ནག་ཐང་ཕྱོགས་བསྡུས་བཅོས་སྐྱོང་དང་ཕྱུགས་རྩྭ་གསབ་འདེབས། སྦྲ་དཀར་མཉམ་ལས་ཁང་གི་དཔེ་དབྱིབས་སོགས་དཔྱད་གཞིར་འོས་པའི་དཔེ་དབྱིབས་དང་ལག་རྩལ་སྐོར་ཞིག་འཚོལ་ཞིབ་བྱུས་ནས། དུས་རབས་གསར་བར་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མ་ལག་ལེགས་བཅོས་བྱེད་པར་བྱེད་ཐབས་དང་ཉམས་མྱོང་བཟང་པོ་འདོན་སྤྲོད་བྱས།
ལོ་མང་པོའི་རིང་ལ་སྲུང་སྐྱོབ་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་རིམ་བཞིན་ལེགས་བཅོས་བྱུང་བ་དང་། ནགས་དང་རྩྭ་ཡི་ཁེབས་ཚད་མགྱོགས་མྱུར་ངང་འཕར་སྣོན་བྱུང་བ། མཚེའུ་དང་བརླན་སའི་གཞི་ཁྱོན་ཇེ་ཆེར་སོང་བ། ལྟག་ཆུ་བསྐྱིལ་གསོག་དང་ས་ཆུ་སྲུང་འཛིན་གྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གྱུར་ཏེ། རྨ་ཆུའི་མགོ་ཁོངས་སུ་ཡང་བསྐྱར་རྩྭ་ཆུ་འཛོམས་ཞིང་སྐྱེ་དངོས་སྣ་མང་གི་མཛེས་ཉམས་མངོན། 2004ལོ་དང་བསྡུར་ན། 2017ལོའི་ལོ་མཇུག་གི་བར། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་གཙང་བོ་ཆེན་པོ་གསུམ་གྱིས་ལོ་རེར་ཆ་སྙོམས་ཀྱིས་སྨད་རྒྱུད་དུ་མུས་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ལྔ་བརྒྱད་ཀྱི་སྤུས་ལེགས་ཆུ་མཁོ་འདོན་བྱས་ཏེ། ས་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།
ད་ལྟའི་གཙང་གསུམ་འབྱུང་ཡུལ་དེ་རི་ཆུ་ནགས་གསུམ་གྱིས་བསྐོར་ཞིང་། སྤང་ལ་རྩི་ཤིང་རྒྱས་ཤིང་ནོར་ལུག་གི་ཁྱུ་ཚོགས་བག་ཡངས་སུ་རྒྱུ་བས། མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་པར་བྱེད་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཏུ་གྱུར་ཡོད།
ལོ་ཙཱ་བ། སྒྲོལ་མ་སྐྱིད།