2018ལོའི་ཟླ10པའི་ཚེས29ཉིན། ཀན་སུའུ་ཞིང་ཆེན་ལན་ཀྲུ་གྲོང་ཁྱེར་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས། དེ་ནི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་དེ་འཛུགས་སྐྲུན་གྱི་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུས་ཀྲང་ཀྲང་ཅན་ལོང་དང་། ཀན་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཐང་རིན་ཅན་གཉིས་ཀྱིས་མཉམ་དུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་སྒོ་བྱང་གི་ཡོལ་བ་ཕྱེས་པ་རེད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་བ་དང་ནུབ་རྒྱུད་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་གྱིས་མདོ་ལར་སྣོད་བཅུད་ཀྱི་ས་ཁོངས་བརྒལ་བའི་གཅིག་གྱུར་སྲུང་སྐྱོབ་དོ་དམ་མངོན་འགྱུར་བྱུང་ཡོད།
ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་བརྒལ་བའི་མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་བའི་ཡོལ་བ་གལ་ཆེན་དང་། རྨ་ཆུ་བཞུར་རྒྱུན་གྱི ཆུའི་མགོ་ཁུངས་གལ་ཆེན། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སྔོན་སྐྱོད་ཁུལ་བཅས་ཡིན།
རང་རྒྱལ་གྱིས་ཐོག་དང་པོར་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་བཅུའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་ཁུལ་གྱིས་སྲིད་འཛིན་མཐའ་མཚམས་ཀྱི་ཚོད་འཛིན་མེད་པར་བཟོས་ཤིང་། ལམ་ལུགས་ཚོད་ལྟའི་བྱ་བའི་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ལྔ་ལྷག་ཡོད། དེ་ལ་ནགས་ཚལ་དང་། རྩྭ་ས། ཐང་རྒོད། བརླན་ས་བཅས་སྣོད་བཅུད་མ་ལག་སྣ་ཚོགས་འདུས། དེའི་ནང་ཀན་སུའུ་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གསུམ་སྟོང་བཞི་བཞི་བརྒྱ་ཡོད་ཅིང་། རྒྱལ་ཁབ་སྤྱི་གླིང་སྤྱིའི་རྒྱ་ཁྱོན་གྱི68.5%ཟིན་པ་དང་། ཁོངས་སུ་སུའུ་པེ་དང་། སུའུ་ནན། ཨ་ཁི་སའེ། ཀྲུང་གོའི་ཞིང་ལས་འཕེལ་རྒྱས་སྡེ་ཁག་ཀུང་སིའི་ཁོངས་གཏོགས་ཧྲན་ཏན་རྟ་ར་སོགས་རྫོང་བརྒྱད་དང་། ཀན་སུའུ་ཁོངས་ཀྱི་མདོ་ལ་རིང་མོའི་རི་རྒྱུད་དང་། ཚྭ་རྫིང་ཁུགས་སོགས་སྲུང་སྐྱོབ་ས་ཁུལ་འདུས་ཡོད། མཚོ་སྔོན་ཁོངས་སུ་གཏོགས་པའི་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་སྟོང་ལྔ་བརྒྱད་བརྒྱ་ཡོད་ཅིང་། རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་གྱི31.5%ཟིན། ས་ཁོངས་དེ་མིན་ཡོན་དང་། ཆི་ལེན། ཐེམ་ཆེན། གཏེར་ལེན་ཁ་སོགས་རྫོང་དང་གྲོང་ཁྱེར་བཞིའི་ཞང་དང་གྲོང་རྡལ17དང་། སྡེ་བ60བཅས་ལ་འབྲེལ་ཞིང་། མཚོ་སྔོན་གྱི་མདོ་ལ་རི་བོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། ཞན་མེ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། བར་ལྡུམ(黑河)ཆུ་མགོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་སོགས་སྲུང་སྐྱོང་ཁུལ་བཅས་འདུས་ལ། མཚོ་སྔོན་ཞིང་ཆེན་གྱིས་བསྐྲུན་པའི་རྒྱལ་ཁབ་སྤྱི་གླིང་གཉིས་པ་དང་། མིག་སྔར་ཡོད་པའི་རྒྱལ་ཡོངས་ཀྱི་སྤྱི་གླིང་ཆེན་པོ་བཅུའི་གྲས་ཀྱི་གཅིག་ཡིན།
ཤེས་གསལ་ལྟར་ན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་བྱ་བ་སྤེལ་མགོ་བརྩམས་པའི་ཚུན་ལ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ཞིང་ཆེན་དང་ཁུལ་བཅས་ཀྱི་ཕན་ཚུན་རམ་འདེགས་ལ་བརྟེན་ནས། 《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ཇུས་གཞི》བཟོ་བའི་འོས་འགན་ལག་ལེན་མཐའ་འཁྱོལ་བྱས། ས་ཁོངས་ཀྱི་ས་མཚམས་དབྱེ་འབྱེད་དང་། རང་བྱུང་ཐོན་ཁུངས་ཀྱི་དངོས་གཞིར་རྟོག་ཞིབ། དབང་ཆ་གཏན་འཁེལ་ཐོ་འགོད། སྤྱི་ཡོངས་ཀྱི་འཆར་འགོད། དོ་དམ་རྐྱེན་སྲོལ་སྒྲིག་འཛུགས་སོགས་ཀྱི་བྱ་བ་སྣ་ཚོགས་བདེ་བླག་ངང་བསྒྲུབས་པ་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ལ་སྔར་བས་གཟབ་ནན་དང་། སྣོད་བཅུད་སླར་གསོ་དང་སྣོད་བཅུད་མ་ལག་ལྟ་སྐུལ་ཚད་འཇལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁྲིམས་འགལ་སྒྲིག་འགལ་གྱི་ལས་གཞི་གཙང་སེལ་དག་ཐེར་དང་། ཕྱོགས་བསྡུས་ཁྲིམས་འཛིན་ལ་ཤུགས་སྣོན་བྱེད་པ་སོགས་ཚོད་ལྟའི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།
རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཁྲུང་ལེའང་གིས་སྒོ་བྱང་འགེལ་བའི་མཛད་སྒོའི་སྟེང་བཤད་རྒྱུར། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ལ་སྲུང་སྐྱོབ་བྱེད་ཐབས་བཟང་པོ་དང་། སྲུང་སྐྱོབ་ལམ་ལུགས་ནན་མོ་གཏན་འཁེལ་བྱས་ཏེ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་རྒྱུ་ཡིན་ཞིང་། མུ་མཐུད་ནས་གནད་དོན་ཁྲིད་སྟོན་དང་། བཅོས་སྒྱུར་གྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དེའི་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་གི་གནད་དོན་དག་ཐེར་གྱི་ལས་ཀ་གོ་སྐབས་སུ་བཟུང་ནས་ལོ་རྒྱུས་ཀྱིས་ཤུལ་དུ་བཞག་པའི་གནད་དོན་དག་ཐག་གཅོད་ཡག་པོ་དང་། སྣོད་བཅུད་སླར་གསོ་དཔེ་སྟོན་ཁུལ་བསྐྲུན་པར་འབད་བརྩོན་བྱེད་དགོས་པར་མ་ཟད། གང་མགྱོགས་སྒོས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ས་མཚམས་རྟོག་ཞིབ་དང་། བྱེད་ནུས་ས་མཚམས་དབྱེ་བ། རྡོ་རིང་འཛུགས་པ། དབང་ཆ་གཏན་འཁེལ་ཐོ་འགོད་བྱེད་པ་བཅས་ཡོངས་འགྲུབ་བྱེད་པ་དང་། 《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་སྤྱིའི་འཆར་འགོད》ཀྱི་བཟོ་སྒྲིག་དང་། སྙན་ཞུ་མཆན་འགོད་སོགས་ཀྱི་བྱ་བ་མགྱོགས་པོར་སྒྲུབ་ཏེ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་འབྲེལ་ཡོད་སྲིད་ཇུས་དང་། བྱེད་ཐབས། སྒྲིག་རིམ་སོགས་བཟོས་ནས་ཚོད་ལྟའི་བྱ་བ་དེ་སྐས་རིམ་གསར་པ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་དགོས། འགུལ་རྣམ་ཅན་གྱི་ལྟ་སྐུལ་ཚད་འཇལ་དྲ་རྒྱའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། གནམ་ས་བར་སྟོང་གཞི་གཅིག་ཅན་གྱི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་ནས། དཔེར་མཚོན་གྱི་སྐྱེ་ཁམས་མ་ལག་དང་ཆུའི་འབྱུང་ཁུངས་གཙོ་བོ་གནད་སར་བཟུང་ནས་ལྟ་ཞིབ་ཚད་ལེན་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་དང་ཁྲིམས་འཛིན་ལ་ཤུགས་སྣོན་བྱས་ཏེ། ལྐོལ་ཏུ་སྔོག་འདོན་དང་རི་དྭགས་ལྐོག་གསོད་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས།
རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིས་ཁྲུང་ལེའང་གིས་སྒོ་བྱང་འགེལ་བའི་མཛད་སྒོའི་སྟེང་ནན་གྱིས་བསྟན་དོན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་དེ་གནད་སར་བཟུང་ནས། མདོ་ལ་རི་བོའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་དག་ཐེར་དམ་འཛིན་བྱེད་པ་དང་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ། ཚང་མས་མཉམ་དུ་སྣོད་བཅུད་ལེགས་པའི་དཔེ་མཚོན་ཁུལ་ཞིག་ཧུར་ཐག་གིས་བསྐྲུན་དགོས། ཤུགས་ཆེན་པོས་ཚན་རྩལ་ཞིབ་འཇུག་དང་དྲིལ་སྒྲོག་སློར་གསོར་སྐུལ་འདེད་དང་། རིག་གཞུང་བརྗེ་རེས་དང་མཉམ་ལས་འཕེལ་རྒྱས་ཀྱི་སྟེགས་བུ་བསྐྲུན་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དཔལ་ཡོན་གྱི་གཡུལ་ས་གསར་བ་འཛུགས་སྐྲུན་བྱེད་དགོས། མཐུན་སྦྱོར་འཕེལ་རྒྱས་གཙིགས་སུ་བཟུང་ཏེ། ཀུན་གྱིས་རང་བྱུང་ཁམས་ལ་བརྩི་མཐོང་དང་རང་བྱུང་ཁམས་ལ་ཉམས་ཞིབ། རང་བྱུང་ཁམས་ལ་རྒྱུས་ལོན་བཅས་བྱེད་པའི་གོ་སྐབས་འདོན་སྤྲོད་བྱེད་དགོས། སྔར་ཡོད་ཀྱི་སྡོད་དམངས་དང་ཁྱད་པར་དུ་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཡོངས་མི་གྲངས་ཀྱིས་རྒྱལ་ཁབ་སྤྱི་གླིང་དུ་རྒྱུན་ལྡན་གྱི་སྐོར་གཡེང་སྲུང་སྐྱོབ་སོགས་ཀྱི་བྱ་བ་སྒྲུབ་པར་སྔོན་མ་བྱས་ནས་བཀོད་སྒྲིག་བྱས་ཏེ། ས་གནས་མང་ཚོགས་ལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ནས་ཕན་ཁེ་ཐོབ་པར་བྱེད་པ་དང་། དམངས་ཡོངས་ཀྱི་སྤྱི་ཕན་རང་བཞིན་མངོན་འགྱུར་བྱེད་དགོས། མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་འཛིན་མཉམ་སྐྲུན་གྱི་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས། གང་མགྱོགས་སྒོས་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་བཏང་ཏེ། ཚན་རིག་ལྟར་དོ་དམ་ཡན་ལག་ཅུས་དང་སྲུང་སྐྱོབ་དོ་དམ་ས་ཚིགས་འཛུགས་པ་དང་། ལུགས་མཐུན་སྒོས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་ས་གནས་སྲིད་གཞུང་གི་དོ་དམ་འགན་འཁྲི་དབྱེ་འབྱེད་བྱས་ནས། མཉམ་དུ་རྒྱལ་ཁབ་ཀྱི་གཙོ་ཁྲིད་ས་ཁོངས་མཉམ་འགུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ས་བཅས་ཀྱི་མ་ལག་སྲུང་སྐྱོབ་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་རྐྱེན་སྲོལ་གསར་བ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོན་པོས་ཚོད་ལྟའི་བྱ་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས།
2013ལོར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་འཛུགས་པའི་དམིགས་འབེན་བཏོན་རྗེས། རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་དང་འཛུགས་སྐྲུན་བྱ་བ་རིམ་བཞིན་སྤེལ། 2017ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པའི《རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་འཛུགས་པའི་སྤྱིའི་ཇུས་གཞིའི》ནང་། རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཆེས་གལ་ཆེ་བའི་རིགས་ཤིག་ཡིན་པས། རྒྱལ་ཡོངས་ཀྱི་བྱེད་ནུས་ཁུལ་གཙོ་བོའི་ཁྲོད་ཀྱི་གསར་སྤེལ་གཏན་འགོག་བྱེད་པའི་ས་ཁོངས་སུ་གཏོགས་ལ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཚད་བཀག་ས་ཁུལ་གྱི་དོ་དམ་བཀག་སྡོམ་ཁྱབ་ཁོངས་སུ་བཞག་ནས། སྲུང་སྐྱོབ་ནན་མོ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་འཛུགས་པའི་དུས་ཚོད་རེའུ་མིག་ནི2020ལོའི་བར་ཡིན་པ་གསལ་བོར་བསྟན་ཡོད།
ལོ་ཙཱ་བ།སྒྲོལ་མ་སྐྱིད།