སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་མི་རྣམས་ཀྱི་རང་རྟོགས་བྱ་སྤྱོད་དུ་བསྒྱུར་དགོས།
2018.11.05 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

 ཉེ་སྔོན། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་བསྡུས་ཤིང་། ཚོགས་ཆེན་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཚོན་པ་དང་། སྦགས་བཙོག་འགོག་བཅོས་ཐད་རྒྱལ་ཁ་ལེན་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་བཀོད་སྒྲིག་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན《ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ་བློ་ཐག་རྦད་ཆོད་ཀྱིས་སྦགས་བཙོག་འགོག་བཅོས་ཐད་རྒྱལ་ཁ་ལེན་པའི་སྐོར་གྱི་བསམ་འཆར》བཏོན་པ་དེ་ལ་གཏིང་ཟབ་ཅིང་ཡུན་རིང་བའི་དོན་སྙིང་ལྡན་པ་དང་ནུས་པ་གལ་ཆེན་ལྡན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་། རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་དང་། སྦགས་བཙོག་འགོག་བཅོས་ཐད་རྒྱལ་ཁ་ལེན་པའི་ལས་འགན་དང་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས། ང་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། འགན་འཁྲི་འཁུར་ཕོད་པ། རང་འགུལ་གྱིས་བྱས་རྗེས་འཇོག་པ། བློ་ཐག་རྦད་ཆོད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལས་དོན་སོ་སོ་ལེགས་པོར་བསྒྲུབ་དགོས།

དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་ཡུན་ངེས་ཅན་ཞིག་གི་ནང་། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་མ་ལག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ནང་དོན་ཕུན་སུམ་ཚོགས་པར་གོ་བ་ཟབ་མོ་བླངས་ཏེ། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ་བློ་ཐག་རྦད་ཆོད་ཀྱིས་སྦགས་བཙོག་འགོག་བཅོས་ཐད་རྒྱལ་ཁ་ལེན་པའི་སྐོར་གྱི་བསམ་འཆར》ནན་ཏན་སྒོས་དོན་འཁྱོལ་མཐར་ཕྱིན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་། ཁྱད་པར་དུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གི་གསུང་བཤད་གྱི་བླང་བྱ་ལྟར། “ཡིད་ལ་དམ་པོར་འཛིན་དགོས་པ་བདུན”རྒྱུན་འཁྱོངས་དང་། བློ་ཐག་རྦད་ཆོད་ཀྱིས་སྦགས་བཙོག་འགོག་བཅོས་བྱེད་པའི་མཚོན་བྱེད་རང་བཞིན་གྱི་འཐབ་འཛིང་བརྒྱད་ལེགས་པོར་འགྲུབ་ཏུ་འཇུག་པ་དང་། བྱ་བ་སོ་སོ་ཏན་ཏན་ཏིག་ཏིག་གིས་སྒྲུབ་པ་བཅས་བྱས་ཏེ། དངོས་གནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དེ་རང་རྟོགས་བྱ་སྤྱོད་དུ་བསྒྱུར་དགོས།

སྐྱེ་ཁམས་སྲུང་སྐྱོབ་ཀྱི་རང་རྟོགས་བསམ་པ་དེ་ཕུགས་བསམ་དང་ཡིད་ཆེས་ལས་བྱུང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། “ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་ལྟ་བ་བརྟན་པོར་བཙུགས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་སྟངས་གསར་པ་ཆགས་པར་སྐུལ་འདེད་བྱེད་དགོས།”ཉེ་སྔོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་སྟེ། “སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་འགན་འཁྲིའི་དགོངས་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་འགངས་ཆེན་ཞིག་ཡིན་ལ། དམངས་ཚིས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་གནད་དོན་འགངས་ཆེན་ཞིག་ཀྱང་ཡིན་པ་ང་ཚོས་ངེས་པར་དུ་ངོས་ཟིན་བྱེད་དགོས”ཞེས་བསྟན། དོན་དངོས་ལས་ང་ཚོར་གསལ་པོར་བསྟན་ཡོད་པ་ནི། གལ་ཏེ་ཕུགས་བསམ་དང་ཡིད་ཆེས་བརྟན་པོ་ཞིག་མེད་ཚེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་མཛད་རྗེས་དེང་རབས་དང་ཕན་འབྲས་བསྐལ་བརྒྱར་སྨིན་པའི་དོན་སྙིང་གལ་ཆེན་དེ་རྟོགས་མི་ཐུབ་ཅིང་། མི་སྒེར་དང་ཁེ་ལས་ཀྱི་ཁེ་བཟང་ཁོ་ནར་རྔམ་པ་དང་། ས་གནས་སྲིད་གཞུང་གི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་ཁོ་ནར་རྔམ་པ། ཁྲིམས་ལུགས་ཀྱི་ལྟ་སྐུལ་ཡོད་ཀྱང་། ལྐོག་གཅོད་དང་ཚད་བརྒལ་ཕྱིར་གཏོང་བྱེད་པ། རང་བྱུང་སྐྱེ་ཁམས་ཚད་བརྒལ་ཟད་གྲོན་བྱེད་པ་སོགས་དཔལ་འབྱོར་ཁེ་ཕན་གྱི་བསླུ་བྲིད་འོག་བཀག་ཀྱང་མི་ཁོགས་པའི་དཔལ་འབྱོར་ཁྲིམས་འགལ་བྱ་སྤྱོད་གཏན་འགོག་བྱེད་མི་ཐུབ།

སྐྱེ་ཁམས་སྲུང་སྐྱོབ་ཀྱི་རང་རྟོགས་དེ་ཀུན་སྤྱོད་གུས་ཞེན་ལ་བརྟེན་ཡོད།   མི་དང་རང་བྱུང་ཁམས་ཀྱི་འབྲེལ་འདྲིས་ཁྲོད།  རང་བྱུང་ཁམས་ལ་གཏོར་བརླག་བཏང་ན་མཐར་ཐོན་ཁུངས་སྟོངས་པར་གྱུར་བ་དང་། ཁོར་ཡུག་ལ་གནོད་སྐྱོན་བཟོས་པ། སྐྱེ་ཁམས་དོ་མི་མཉམ་པ་བཅས་ཀྱི་མཇུག་འབྲས་བྱུང་།    “རང་བྱུང་ཐོན་ཁུངས་སྤྱད་ན་འཛད་མཐའ་མེད་པའི”ངོས་འཛིན་ནོར་འཁྲུལ་དེ་དོར་ནས། “སྐྱེ་ཁམས་དཔལ་ཡོན”ཁྲོད་ཡང་བསྐྱར་ང་ཚོ་དང་རང་བྱུང་ཁམས་ཆེན་མོའི་འབྲེལ་བར་ཕྱིར་རྟོག་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱས་ཚེ། ད་གཟོད་ནམ་མཁའ་སྔར་ལས་སྔོ་ཞིང་རི་བོ་སྔར་ལས་ལྗང་མདོག་ལྡན་པ། ཆུ་བོ་སྔར་ལས་དྭངས་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཐུབ།

སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་རང་རྟོགས་བསམ་བློ་དེ་དོན་དངོས་ཀྱི་བྱ་སྤྱོད་དང་ཁ་འབྲལ་མི་རུང་། ཁ་དཔེར། ཁ་བཤད་ཆུ་ཡི་ལྦུ་བ།  ལག་ལེན་གསེར་གྱི་ཐིགས་པ་ཟེར་བ་བཞིན། སྐྱེ་ཁམས་སྲུང་སྐྱོབ་ཀྱི་རང་རྟོགས་ནི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་ཀྱི་ཚད་མཐོའི་གཅིག་གྱུར་ཡིན་ཞིང་། ས་གནས་སྲིད་གཞུང་གིས་ཚོང་འགུག་དངུལ་འདྲེན་ཁྲོད“ཁོར་ཡུག་སྲུང་སྐྱོབ་སྒོ་ཐེམ”གཏན་འཁེལ་བྱས་ཏེ། དཔལ་འབྱོར་ཁེ་ཕན་ཆེས་བཟང་བའི་སྦག་བཙོག་ཆེན་པོ་ཅན་དང་། འཛད་གྲོན་ཆེ་བའི་ལས་གཞི་དག་བློ་ཐག་རྦད་ཆོད་ཀྱིས“འདེམས་ཤོག་གཅིག་གིས་འདོར”དགོས།  ཁེ་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གོ་རིམ་ཁྲོད། དཔལ་འབྱོར་ཕན་འབྲས་དང་མ་གནས་དངུལ་གཏོང་ལ་དོ་སྣང་བྱེད་དགོས་པར་མ་ཟད། དེ་ལས་ཀྱང་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཚོགས་ཕན་འབྲས་ལ་དོ་སྣང་བྱེད་དགོས། གཙང་མ་གཙང་རྐྱང་གི་ལམ་ནས་ཡོང་སྒོ་འཚོལ་བ་དང་།  སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་དགོས། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་མཉམ་དུ། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་གཏོང་མཁན་ལ་ཀུན་གྱིས་གཤེ་གཤེ་གཏོང་དགོས།

རང་རྟོགས་སྒོས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི། ང་ཚོའི་མི་རབས་འདིའི་འགན་འཁྲི་ཡིན་ལ། ང་ཚོས་བུ་རབས་ཚ་རྒྱུད་ལ་བཞག་པའི་ཆེས་རིན་ཐང་བྲལ་བའི་བསམ་བློའི་རྒྱུ་ནོར་དང་དངོས་པོའི་རྒྱུ་ནོར་ཡང་ཡིན།

དེར་བརྟེན། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ཁྲོད་དུས་ནམ་ཡང་། སྦགས་བཙོག་འགོག་བཅོས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་འཐབ་འཛིང་གི་གཙོ་རྒོལ་པ་བྱེད་པར་བརྩོན་དགོས་པ་དང་། ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་དགོས་ལ། ཁོར་ཡུག་ལྟ་སྐུལ་ཁྲིམས་བསྟར་དངོས་གནས་ཇེ་དྲག་ཏུ་གཏོང་དགོས།  སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་བའི་འཛུགས་སྐྲུན་ལ་ནུས་ཤུགས་གང་ཡོད་ཀྱིས་སྐུལ་འདེད་གཏོང་བ་དང་།  རྒྱལ་ཁབ་ཀྱི་ལས་གཞིའི་མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔུང་སྡེའི་འཛུགས་སྐྲུན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། རྒྱུན་ཆད་མེད་པར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་སློབ་གསོ་ལའང་ཤུགས་སྣོན་བྱེད་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།