ཉེ་ལམ། གསར་འགོད་པས་ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་སྣོད་བཅུད་སྲུང་སྐྱོབ་དང་སླར་གསོའི་ཉམས་མྱོང་བརྗེ་རེས་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ས་གནས་ཁག་གིས་སྣོད་བཅུད་སྲུང་སྐྱོབ་དང་སླར་གསོའི་ལས་དོན་ལ་སྐུལ་འདེད་ཆེན་པོ་བཏང་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ལ། རྒྱལ་ཡོངས་ཀྱི་སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་ལ་དཔེ་མཚོན་མང་པོ་འདོན་སྤྲོད་བྱས་པ་རེད།
2013ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ཀྱི་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད(2013ནས་2020ལོའི་བར)》ལ་ཆོག་མཆན་བཀོད་ནས་སྣོད་བཅུད་སྲུང་སྐྱོབ་དང་སླར་གསོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་བཀོད་སྒྲིག་བྱས། ས་གནས་ཁག་གིས་ལས་འགན་དངོས་འབེབས་བཟང་བོ་བྱེད་རྒྱུར་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཚན་རྩལ་པུའུ་དང་གནམ་གཤིས་ཅུས་སོགས་སྡེ་ཁག་མང་པོ་དང་མཉམ་དུ་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྲུན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད། 2015ལོར་ས་ཁུལ་དང་གྲོང་ཁྱེར་སུམ་ཅུ་དང་རྫོང་ཆིག་བརྒྱ་བཅུ་གསུམ་གྱི་དཔེ་སྟོན་ཁུལ་གྱི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། དེའི་ནང་ནགས་ཚལ་དང་། རྩྭ་ཐང་། ཆུ་དང་མཚེའུ། བརླན་ས། རྒྱ་མཚོ་སོགས་ཀྱི་རང་བྱུང་སྣོད་བཅུད་མ་ལག་གཙོ་བོའི་རིགས་དང་། དེ་མིན་སྣོད་བཅུད་དབུལ་སྐྱོར་དང་། སྣོད་བཅུད་ཐོན་ལས་འཕེལ་རྒྱས། སྒྲིག་གཞི་དང་རྐྱེན་སྲོལ་བཅོས་སྒྱུར་སོགས་ཀྱི་འབྲེལ་ཡོད་གཙོ་གནད་ལས་འགན་འདུས་ཡོད།
ཉེ་བའི་ལོ་འགའི་རིང་། རྒྱལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རང་རྒྱལ་གྱི་སྣོད་བཅུད་སྲུང་སྐྱོབ་དང་སླར་གསོའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་ཡོད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཡུང་གིས། མིག་སྔར། ནགས་ཚལ་དང་རྩྭ་སའི་སྔོ་ཁེབས་ཀྱི་ཚད་བརྟན་བརླིང་ངང་ཇེ་མཐོར་སོང་ཏེ། ས་ཞིང་བྱེ་འགྱུར་དང་། བྱེ་མ་ཅན་དུ་འགྱུར་བ། ས་ཆུ་ཤོར་བ་བཅས་ཀྱི་སྣོད་བཅུད་ཀྱི་གནད་དོན་ཆེན་པོ་གསུམ་ཐག་གཅོད་ལེགས་པོ་བྱས་ཡོད་ལ། ཆུ་དང་མཚེའུ། བརླན་ས། རྒྱ་མཚོ་བཅས་ཀྱི་སྣོད་བཅུད་སྲུང་སྐྱོབ་དང་སླར་གསོའི་ལས་དོན་ལ་འཕེལ་རྒྱས་ཡག་པོ་བྱུང་ནས་སྐྱེ་དངོས་སྣ་མང་རང་བཞིན་ཉིན་རེ་བཞིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་ཅེས་དེ་ལྟར་བཤད་བྱུང་།
“ནགས་ཚལ་གྱི་ཁེབས་ཚད་དེ་དུས་རབས་འདིའི་དུས་མགོའི་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་དྲུག་ནས་བརྒྱ་ཆའི་ཉེར་གཉིས་ཙམ་བར་ཇེ་མཐོར་ཕྱིན་པ་དང་། རྒྱལ་ཡོངས་ཀྱི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་ལོ་རེར་ཆ་སྙོམས་ཀྱིས་སྤྱི་ལེ་གྲུ་བཞི་ཆིག་སྟོང་བདུན་བརྒྱ་བཅུ་བདུན་ཇེ་ཉུང་དུ་ཕྱིན་པ། ཐང་རྒོད་ཅན་གྱི་ས་ཆའི་རྒྱ་ཁྱོན་ལོ་རེར་ཆ་སྙོམས་ཀྱིས་སྤྱི་ལེ་གྲུ་བཞི་ཉིས་སྟོང་བཞི་བརྒྱ་གོ་གཅིག་ཇེ་ཉུང་དུ་ཕྱིན་ཡོད། བྱེ་མ་ཅན་གྱི་ས་ཆའི་རྒྱ་ཁྱོན་ལོ་རེར་ཆ་སྙོམས་ཀྱིས་སྤྱི་ཆིང་འབུམ་གཅིག་ཁྲི་དྲུག་ཇེ་ཉུང་དུ་ཕྱིན་ཡོད”ཅེས་ཀྲང་ཡུང་གིས་དེ་ལྟར་ངོ་སྤྲོད་བྱས།
ལོ་ངོ་གསུམ་གྱི་རིང་། ས་ཁུལ་ཁག་ཅིག་གིས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་འཆར་འགོད་ཀྱི་གཙོ་གནད་ལས་འགན་དེ་ས་གནས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་རྩ་གནད་དང་གཙོ་གནད་ཆེད་དོན་འཆར་འགོད་བཟོ་བའི་ཁྲོད་བཞག་པ་ཆབས་ཅིག སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་འབྲེལ་ཡོད་དམིགས་ཚད་དང་ལས་འགན་དེ་རིམ་པ་སོ་སོ་དང་སྡེ་ཚན་སོ་སོར་ཁག་བགོས་དོན་འཁྱོལ་བྱས་པས། འཆར་འགོད་ཀྱི་ལས་དོན་དག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་འགན་སྲུང་བྱས་པ་རེད། སི་ཁྲོན་ཞིང་ཆེན་ནན་ཅང་རྫོང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་འཆར་འགོད་ལག་བསྟར་བྱེད་པའི་སྐབས་སུ། རྣམ་གྲངས97གསོག་འཇོག་བྱས་ཡོད་པ་དང་། མིག་སྔར་འཆར་འགོད་ལ་དམ་པོར་དམིགས་ནས། རྣམ་གྲངས56འཛུགས་བསྐྲུན་བྱས་པས་འཆར་འགོད་བཟོ་འགོད་ཀྱི་ཚན་རིག་རང་བཞིན་དང་། གནད་འཁེལ་རང་བཞིན། གཅུན་འདོམས་རང་བཞིན་བཅས་མངོན་པ་རེད།
ས་ཁུལ་ཁག་ཅིག་གིས་ས་ཁོངས་སྒྲོལ་བའི་ཕྱོགས་བསྡུས་ཁྲིམས་འཛིན་ལས་དོན་གྱི་སྒྲིག་སྲོལ་བཙུགས་ཡོད། ཧྥུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་གྱིས་གདོད་མའི་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཆེན་གྱི་རྨང་གཞིའི་ཐོག་ཆུ་བེད་དང་། རྒྱལ་ཁབ་ས་ཁོངས། ཁོར་ཡུག་སྲུང་སྐྱོབ། ནགས་ལས། གཏེར་ལས། བདེ་འཇགས་ལྟ་སྐུལ་སོགས་སྡེ་ཁག་གི་སྣོད་བཅུད་དོ་དམ་ཁྱབ་ཁོངས་ཀྱི་སྲིད་འཛིན་ཆད་གཅོད་དབང་ཆ་གཅིག་སྡུད་བྱས་ཏེ། སྣོད་བཅུད་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་བཙུགས་པ་དང་། ཞང་དང་གྲོང་རྡལ་བཅོ་བརྒྱད་ལ་མ་ལག་ཚང་བའི་སྒོ་ནས་སྣོད་བཅུད་ཕྱོགས་བསྡུས་ཁྲིམས་འཛིན་ཡན་ལག་ཅུས་བཙུགས་ཏེ། སྣོད་བཅུད་ཁོར་ཡུག་ལྟ་སྐུལ་ཞིབ་བཤེར་གྱི་འགན་ནུས་ཕྱོགས་ཡོངས་ནས་སྒྲུབ་ཏེ་སྣོད་བཅུད་ཉེན་རྟོག་པའི་ནུས་པ་ཐོན་པར་བྱས།
གཞན་ཡང་། ཉེ་སྔོན་སྒྲུབ་པའི་འབྲི་ཆུའི་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོབ་གླེང་སྟེགས་སུ《ཚེ་སྲོག་གི་འབྲི་ཆུ་སྲུང་སྐྱོབ་ཀྱི་ཝུའུ་ཧན་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་།
འབྲི་ཆུའི་སྣོད་བཅུད་ཁོར་ཡུག་སླར་གསོ་བྱ་རྒྱུ་དེ་ཀུན་ལས་ལྷག་པའི་གནས་བབ་ཏུ་བཞག་ནས། སྲུང་སྐྱོབ་ཆེན་པོར་མཉམ་དུ་དམ་འཛིན་གྱིས་གསར་སྤེལ་ཆེན་པོ་མི་བྱེད་པ་དང་། འབྲི་ཆུའི་སྐྱེ་དངོས་ཐོན་ཁུངས་དང་དེའི་གནད་སའི་སྣོད་བཅུད་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་གི་བྱེད་ཐབས་ལ་གྲོས་བསྡུར་བྱེད་པ། འབྲི་ཆུའི་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོབ་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཟབ་མོ་བྱས་ནས་ཐག་གཅོད་བཅས་བྱས་ཤིང་། ཞིང་ལས་གྲོང་གསེབ་པུའུ་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྒྲུབ་པའི་འབྲི་ཆུའི་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོབ་གླེང་སྟེགས་སུ《ཚེ་སྲོག་གི་འབྲི་ཆུ་སྲུང་སྐྱོབ་ཀྱི་ཝུའུ་ཧན་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་ནས་སྤྱི་ཚོགས་ཡོངས་ལ་ཚེ་སྲོག་གི་འབྲི་ཆུ་སྲུང་སྐྱོབ་དང་སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐུན་མོང་གི་གྲོས་འགོ་བཏོན་པ་རེད།
གླེང་སྟེགས་སུ་སྤྱི་ཚོགས་ཡོངས་ཀྱིས་འབྲི་ཆུའི་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོབ་བྱ་གཞག་ལ་སེམས་ཁུར་བྱས་ཏེ། ཧུར་ཐག་གིས་འབྲི་ཆུ་འདི་ཉིད“ཆུ་དྭངས་འགྲམ་སྔོ་དང་ཉ་འཁྱུག་མཐིལ་གསལ”གྱི་ལྗང་མདོག་བར་ཁྱམས་དང“སྣོད་བཅུད་སྔོན་སྐྱོད་དང་ལྗང་མདོག་འཕེལ་རྒྱས”ཀྱི་སྣོད་བཅུད་དཔལ་ཡོན་སྔོན་དུ་ལག་བསྟར་བྱེད་པའི་དཔེ་སྟོན་ཁུལ་ཞིག་ཏུ་བསྐྲུན་ནས། བུ་རབས་ཚ་རྒྱུད་ལ་སྣོད་བཅུད་ཀྱི་མཐུན་རྐྱེན་ལེགས་པོ་བསྐྲུན་ཅི་ཐུབ་བྱེད་པའི་འབོད་སྐུལ་བཏོན་པ་རེད།
འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་དང་ཚེ་སྲོག་གི་ཆུ་བོ་ཡིན། སྣོད་བཅུད་ཁོར་ཡུག་སྣ་མང་ལས་སྐྱེ་དངོས་ཀྱི་རིགས་ཕུན་སུམ་ཚོགས་པ་སྐྱེད་སྲིང་བྱས་ཡོད་ལ། འབྲི་ཆུ་བཞུར་རྒྱུན་གྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ལྟ་ན་སྡུག་པའི་ཁར། ནགས་ཚལ་ཁྱབ་ཚད་ཀྱིས་བརྒྱ་ཆའི་བཞི་བཅུའི་ཡན་ཟིན་པ་དང་། མཚོ་དང་། མཚེའུ། བརླན་ས་བཅས་ཀྱི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་ཉི་ཤུ་ཟིན་ཡོད། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་སྣ་མང་ལ་ཆུ་ཁུངས་གསོ་བ་དང་། སྐྱེ་དངོས་སྤེལ་བ། ཁོར་ཡུག་ལེགས་བསྒྱུར་བཅས་ཀྱི་ནུས་པ་ཆེན་པོ་ལྡན་པས། དེ་ནི་རང་རྒྱལ་གྱི་སྣོད་བཅུད་སྲུང་ཡོལ་དང་སྐྱེ་དངོས་གཞི་རྒྱུའི་བང་མཛོད་གལ་ཆེན་ཞིག་ཡིན།
འོན་ཀྱང་ད་ལྟའི་འབྲི་ཆུའི་ཁོར་ཡུག་ཉམས་ཞན་དུ་གྱུར་དང་འགྱུར་བཞིན་ཡོད་པར་མ་ཟད་གནས་བབ་ཧ་ཅང་ཚབས་ཆེ། རང་བྱུང་གི་འཕོ་འགྱུར་དང་མིའི་རིགས་ཀྱི་འགུལ་སྐྱོད་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་མིག་སྔར་འབྲི་ཆུའི་སྐྱེ་དངོས་ཀྱི་འཐུས་ཚང་རང་བཞིན་གྱི་སྟོན་གྲངས་དེ་སྤྱིར་བཏང་གི་ཆུ་ཚད་དུ་གནས་ཡོད་ཅིང་། འབྲི་ཆུའི་དུམ་ཚན་ཁག་ཅིག་ཅུང་ཞན་པའི་ཆུ་ཚད་དམ་ཡང་ན་མར་ཆག་པའི་གནས་སྟངས་སུ་སླེབས་ཡོད་པ་དང་། གཙོ་བོ་ཆུ་ནང་སྐྱེ་དངོས་ཀྱི་ཐོན་ཁུངས་རིགས་ལ་གཏོར་བརླག་ཐེབས་པ་དང་། ཆུ་ནང་གི་སྣོད་བཅུད་ཁོར་ཡུག་ཉམས་པ། ཆུའི་སྣོད་བཅུད་མ་ལག་གི་བྱེད་ནུས་ཉམས་དམས་སུ་འགྲོ་བ་བཅས་ཀྱི་སྣང་ཚུལ་མངོན་པ་དེ་རེད།
འབྲི་ཆུའི་སྐྱེ་དངོས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་འགོར་འགྱངས་ཡུད་ཙམ་ཡང་བྱེད་མི་རུང་། ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་བླང་བྱ་ལྟར། ཞིང་ལས་གྲོང་གསེབ་པུས་འཕེལ་རྒྱས་བཅོས་སྒྱུར་དང་། སྤྱི་བདེ། ནོར་སྲིད། རང་བྱུང་ཐོན་ཁུངས། སྣོད་བཅུད་ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད་སོགས་སྡེ་ཁག་དང་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་ཆུས། གྲོང་ཁྱེར་བཅས་དང་མཉམ་དུ་དམིགས་སའི་རང་བཞིན་ལྡན་པའི་ངང་སྣོད་བཅུད་ཐོན་ཁུངས་སྲུང་སྐྱོབ་དང་སླར་གསོའི་ལས་དོན་རབ་དང་རིམ་པ་བསྒྲུབ་རྒྱུ་ཡིན་ཞེས་དེ་ལྟར་བཤད་བྱུང་།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།