གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་ཇེ་བརྟན་དུ་བཏང་བ།
2018.11.12 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

 རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ཆབ་སྲིད་ལས་འགན་ཆེན་པོ་རང་འགུལ་གྱིས་ཕྲག་ཏུ་བླངས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ནན་ཏན་སྒོས“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས་པས། ད་ལོར། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་སྐབས་གཉིས་པ་འཛུགས་སྐྲུན་བྱེད་པའི་འཆར་གཞི་ལག་བསྟར་ཁྲོད་ཀྱི་དུས་རིམ་བར་མའི་དཔྱད་ཞིབ་མཇུག་འབྲས་དངོས་སུ་ཁྱབ་བསྒྲགས་བྱས།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྱུར་བའི་གནས་བབ་བཀག་འགོག་རགས་ཙམ་བྱེད་ཐུབ་པ་བྱུང་ལ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བྱུང་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་ལྷག་པར་སྲ་བརྟན་དུ་གྱུར།

ཞིང་ཆེན་སྐྱེ་ཁམས་གཞུང་སྒྲུབ་ཁང་གིས་འདོན་སྤྲོད་བྱས་པའི་གཞི་གྲངས་ཤིག་ལས་མངོན་པ་ལྟར་ན། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་སྐབས་གཉིས་པ་འཛུགས་སྐྲུན་བྱེད་པར་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གོ་བདུན་དང་བྱེ་བ་གཅིག་ས་ཡ་གཅིག་བཏང་བ་དང་། དེས་འཆར་འགོད་སྤྱིའི་མ་དངུལ་གྱི་བརྒྱ་ཆའི་དྲུག་ཅུ་དང་གྲངས་ཆུང་ལྔ་ཟིན་ཡོད་ལ། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གོ་ལྔ་དང་བྱེ་བ་བཞི་ས་ཡ་བརྒྱད་གཏོང་བ་ལེགས་གྲུབ་བྱུང་།

མདོ་དབུས་མཐོ་སྒང་གི་ལྟེ་བར་གྱུར་པའི་གཙང་གསུམ་འབྱུང་ཡུལ་ནི་རང་རྒྱལ་གྱི་ཚྭ་མེད་ཆུའི་ཐོན་ཁུངས་ཀྱི་མཁོ་སྤྲོད་བྱེད་གནས་གལ་ཆེན་དེ་ཡིན་ལ། ཨ་ཤེ་ཡ་དང་སའི་གོ་ལའི་ཕྱེད་བྱང་མ། ཐ་ན་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཚོར་སྐྱེན་ཁུལ་དང་སྙོམས་སྒྲིག་ཁུལ་གལ་ཆེན་དེ་ཡིན། དེས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་དམིགས་བསལ་གྱི་གོ་གནས་གལ་ཆེན་བཟུང་ཡོད།

2005ལོར། རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐབས་དང་པོ་སྤེལ་མགོ་བརྩམས་པ་དང་། 2014ལོར་བཅོས་སྐྱོང་རྒྱ་ཁྱོན་སྔར་ལས་ཆེ་ཞིང་བཅོས་སྐྱོང་ཚད་གཞི་སྔར་ལས་མཐོ་བའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐབས་གཉིས་པ་མུ་མཐུད་དུ་སྤེལ་བས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བརྟན་བརླིང་ངང་སླར་གསོ་བྱུང་བ་རེད།

ད་ལོར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་སྐབས་གཉིས་པ་འཛུགས་སྐྲུན་གྱི་ལས་གཞི་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་བཞི་དངོས་འབེབས་བྱས་པ་དང་། ལོ་ཧྲིལ་བོའི་དམིགས་འབེན་ལ་སྒོར་དུང་ཕྱུར་དགུ་ཡི་ལས་གཞི་མ་དངུལ་འཇོག་པ་དང་འོས་འཚམ་གྱི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་འབྱུང་དགོས་པ་གཏན་འཁེལ་བྱས། ད་ལོའི་ཟླ6པའི་ཟླ་མཇུག་བར་དུ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་སྐབས་གཉིས་པ་འཛུགས་སྐྲུན་གྱི་ལས་གཞི་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ལྔ་བཏང་བ་ལེགས་འགྲུབ་བྱུང་ལ། སྒོར་བྱེ་བ་ལྔ་ཚད་བརྒལ་ལེགས་འགྲུབ་བྱུང་། དེས་ལོ་སྟོད་ཀྱི་དམིགས་ཚད་འོས་འགན་གྱི111.1%ཟིན་ཡོད།

སྐྱེ་ཁམས་བཟོ་སྐྲུན་གཙོ་བོ་ལག་བསྟར་བྱས་པ་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་བར་དུ། ད་ལྟའི་གཙང་གསུམ་འབྱུང་ཡུལ་དང་། སྐྱེ་ཁམས་ཁོར་ཡུག་ལ་ནུས་ལྡན་གྱི་ལེགས་བཅོས་ཐོབ་བཞིན་ཡོད་ལ། སྐྱེ་ཁམས་ཀྱི་དམིགས་ཚད་སྣ་ཚོགས་རྒྱུན་ཆད་མེད་པར་ལེགས་ཕྱོགས་སུ་འཕེལ་བཞིན་ཡོད། རི་དྭགས་གསའ་དང་དྲེད་མོང་། ཡོ་རོབ་དང་ཨེ་ཤ་ཡའི་ཆུ་སྲམ་བཅས་མི་རྣམས་ཀྱི་མཐོང་ཡུལ་དུ་མངོན། རི་དྭགས་གཙོད་ཀྱི་ཁྱུ་ཚོགས་ཀྱི་གྲངས་ཀའང་དུས་རབས་སྔོན་མའི་ལོ་རབས90པ་དང་བསྡུར་ན་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད།

ད་ལོའི་ལོ་སྟོད་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་འཐད་པ་བྱུང་སྟེ《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དངོས་སུ་དཔར་འགྲེམ་བྱས་ལ། དེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་དུས་རིམ་དུ་གོམ་པ་སྤོས་པ་མཚོན་ཐུབ། 2020ལོའི་བར་དུ་དངོས་སུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུ་ཡིན་པ་གསལ་པོར་བཏོན།

ཉེ་སྔོན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཚན་རྩལ་ཆེད་གཉེར་ལས་གཞི་སྒྲུབ་མགོ་བརྩམས་ཤིང་། ཐོག་མར་རགས་ཙམ་ལེགས་འགྲུབ་བྱུང་བའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡའི་མ་ལག་ལ་གཞིགས་ནས། གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་གཞི་གྲངས་སྟེགས་བུ་འཛུགས་སྐྲུན་ལག་བསྟར་བྱས་ཏེ། ས་ཁོངས་ནང་གི་སྐྱེ་ཁམས་རྒྱུ་རྐྱེན་གཙོ་བོ་སྣ་མང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།

བཅོས་བསྒྱུར་གྱི“འགག་རྩ”ནས་བཟུང་སྟེ། 2017ལོར་མ་དངུལ་སྒོར་དུང་ཕྱུར7བཏང་བའི་རྨང་གཞིའི་སྟེང་། 2018ལོར་མུ་མཐུད་དུ་སྒོར་དུང་ཕྱུར8བཏང་ནས། རིགས་ཆེན་པོ3གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི23ལག་བསྟར་བྱེད་པའི་དུས་མཚུངས་སུ། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་ལྔ་ བཏང་སྟེ། རྒྱལ་ཁབ་སྤྱི་གླིང་དུ་གཙང་གསུམ་འབྱུང་ཡུལ་བཟོ་སྐྲུན་ཐེངས་གཉིས་པའི2018ལོའི་ལོ་འཁོར་གྱི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས།

ཐོན་ཁུངས་རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་བྱེད་ནུས་རིམ་བཞིན་ཇེ་དྲག་ཏུ་བཏང་། མིག་སྔའི་བར་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྔ་གཞུག་ཏུ་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར20བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཟོ་སྐྲུན་འཛུགས་སྐྲུན་དང་། ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྲུང་སྐྱོབ། ཚན་རིག་ཁྱབ་སྤེལ་སློབ་གསོའི་ཞབས་ཞུ་སྒྲིག་ཆས། གཞི་གྲངས་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི23གནད་སར་བཞག་ནས་ལག་བསྟར་བྱས།

2016ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ཁུལ་དེ་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་བསྒྱུར་གྱི་སྣེ་འདྲེན་རང་བཞིན་གྱི་བཟོ་འགོད་དུ་བརྩིས་ཏེ་ནུས་པ་གང་ཡོད་ཀྱིས་སྐུལ་འདེད་བྱས་པ་དང་། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ཁུལ་གྱི་ཇུས་གཞི》གཏན་འབེབས་བྱས་ཏེ་ལག་བསྟར་བྱས་ལ། ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་སྟེང་དོ་དམ་ལས་ཁུངས་བཙུགས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་ཧྲིལ་བསྡུས་བྱས་ཏེ་ཐོན་ཁུངས་ཁོར་ཡུག་གཅིག་གྱུར་དང་དོ་དམ་ཚད་ལྡན་བྱེད་པ་སོགས་ལག་བསྟར་བྱས། མགོ་བདག་མང་ཡང་སྒྲུབ་མཁན་ཉུང་བའི་རྣམ་པ་གཏོར་བ་དང་དོ་དམ་ལྟ་ཞིབ་ཁྲིམས་འཛིན་གྱི་ཆག་གྲུམ་རང་བཞིན་གྱི་གནད་དོན་སྟེང་ཚད་བརྒལ་གསར་པ་ཐོབ།

ཉེ་ལམ། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སྨུག་སའི་སོག་ལམ་སྲུང་སྐྱོབ་ས་ཚིགས་སུ། རྒྱལ་ནང་གི་ཆེས་ཐོག་མའི་རི་དྭགས་གཙོད་གནས་སྤོ་བྱེད་པའི་སྲུང་སྐྱོབ་རུ་ཁག་བཙུགས་ལ། འབྲོག་པ་མང་ཚོགས40སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣ་རུ“རིགས་བསྒྱུར”བྱས་ཏེ་རི་དྭགས་གཙོད་སྲུང་སྐྱོབ་བྱེད་མཁན་དུ་གྱུར། རུ་དཔོན་སྐལ་བཟང་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཧོ་ཞང་ལུ་ཁྲི་སྡེ་བའི་འབྲོག་པ་ཞིག་ཡིན་ལ། ད་ལྟའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་ཞིག་ཀྱང་ཡིན།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་ཀྱི་གཅིག་གྱུར་འཆར་འགོད་ལ་བསམ་བློ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་པའི་དུས་མཚུངས་སུ་མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བྱས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟ་བྱས་པ་ནས་བཟུང་། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་རྐང་རྐྱེན་སྲོལ་གསར་གཏོད་བྱས་ཏེ་བཙུགས་ལ། ཁྱོན་ཡོངས་ནས་གླིང་ཁུལ་གྱི“ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”མངོན་འགྱུར་བྱས། མིག་སྔར་བསྡོམས་པས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་འཛིན་ཡིག་བཟུང་སྟེ་ལས་རྐང་དུ་ཞུགས་ཤིང་། ཁྱིམ་ཚང་རེའི་ལོ་གཅིག་གི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱར་བསླེབས་ཡོད། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་ཞང་དང་གྲོང་རྡལ་གྱི་དོ་དམ་སྲུང་སྐྱོབ་ས་ཚིགས་དང་། སྡེ་བ་རིམ་པའི་དོ་དམ་སྲུང་སྐྱོབ་རུ་ཁག    དོ་དམ་སྲུང་སྐྱོབ་ཡན་ལག་རུ་ཆུང་བཅས་དོ་དམ་སྲུང་སྐྱོབ་མ་ལག་འཐུས་ཚང་ཞིག་ཆགས་ཡོད།

ད་ལྟ་རྨ་ཆུའི་མགོ་ཁོངས་ཀྱི་ས་ནག་ཐང་དུ་རྩི་ཤིང་གིས་ཁེབས་པ་དང་།  སྲོག་ཆགས་ཀྱི་ཁྱུ་ཚོགས་ཀྱང་ཇེ་མང་དུ་ཕྱིན། མཚོ་མོ་ཆེ་ཆུང་སྟོང་ལྔ་ལྷག་ཟིན་ནས།  གཙང་གསུམ་འབྱུང་ཡུལ་གྱི་མཛེས་ཉམས་བསྐྱར་དུ་མངོན་བཞིན་མཆིས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།