ཉེ་སྔོན། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་འཛུགས་སྐྲུན་གྱི་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་ཉིས་བརྒྱ་དང་དྲུག་ཅུ་ལྷག་བཏང་སྟེ། རྒྱལ་ཁོངས་ལྗང་བསྒྱུར་དང་། རྨོ་བསྐྱུར་ནགས་སྐྲུན། ཕྱུགས་བསྐྱུར་རྩྭ་སྐྱོང་། རྩྭ་ས་བཅོས་སྐྱོང་། ས་ཆུ་སྲུང་འཛིན། སྐྱེ་ཁམས་སླར་གསོ་བཅས་ཀྱི་ལས་གཞི་ལག་བསྟར་བྱས་པ་བརྒྱུད། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་དང་བརྒྱད་བརྒྱ་བརྒྱད་ཅུ་བཅོས་སྐྱོང་བྱས་ནས། བཅོས་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བ་དང་། ཐང་རྒོད་ཅན་དུ་འགྱུར་ཚད་ལོ་རེར་ཆ་སྙོམས་ཀྱིས་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་ལྷག་དང་། བྱེ་འགྱུར་གྱི་རྒྱ་ཁྱོན་ཆ་སྙོམས་ཀྱིས་ལོ་རེར་སྤྱི་ཆིང་ཁྲི་གཅིག་དང་སྟོང་གཅིག་བཞི་བརྒྱ་ཇེ་ཆུང་དུ་སོང་། རྨ་ཆུའི་བཞུར་རྒྱུན་གྱི་ཆུ་སྤུས་ལོ་མང་པོའི་རིང་རིགསⅡསྲུང་འཛིན་བྱས་ཤིང་། འབྲི་ཆུ་དང་། རྫ་ཆུའི་བཞུར་རྒྱུན་གྱི་ཆུ་སྤུས་རིགསⅠརུ་སླེབས་ཏེ། དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱས།
2006ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་ཁྱོན་ཡོངས་ནས་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་དཔྱད་ཞིབ་མེད་པར་བཟོས། 2017ལོ་ནས་བཟུང་། མཚོ་སྔོན་པོའི་ལྗོངས་ཁུལ་དང་གཉན་པོ་གཡུ་རྩེ་ལྗོངས་ཁུལ་གཉིས་སྲུང་སྐྱོབ་རང་བཞིན་གྱིས་སྒོ་བརྒྱབ། ད་ལོའི་ལོ་སྟོད་དུ། བྱེད་ནུས་ས་ཁུལ་གཙོ་བོ་གནས་མཚམས་བྱེད་པ་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཁུལ8ཀྱི་ཁོངས་གཏོགས་རྫོང་དང་། སྐྱེ་ཁམས་གཙོ་གནད་ཁོངས་གཏོགས་རྫོང20ཡི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན། བཟོ་ལས་ཀྱི་འཕར་སྣོན་རིན་ཐང་། གཏན་འཇགས་རྒྱུ་ནོར་ཐད་མ་རྩ་འཇོག་པ། ནོར་སྲིད་ཀྱི་ཡོང་འབབ་བཅས་དམིགས་ཚད་བཞི་མེད་པར་བཟོས། ས་གནས་སོ་སོར་ཁྲིད་སྟོན་བྱས་ཏེ་ཏན་ཏིག་གིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་འགན་ལག་བསྟར་གང་ལེགས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རྫོང་སུམ་ཆའི་གཉིས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དོར་ཏེ། ནུས་ཤུགས་ཡོད་དགུས་སྐྱེ་ཁམས་སྲུང་སྐྱོབ་དང་ལྷད་མེད་འཕེལ་རྒྱས་ཀྱི་སྤུས་ཀ་མཐོན་པོར་སྐུལ་སྤེལ་བྱས།
རྒྱུས་ལོན་པ་ལྟར་ན། 2017ལོར་ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁོངས་ལྗང་བསྒྱུར་གྱི་རྒྱ་ཁྱོན་སྤྱི་ཆིང་འབུམ་གཉིས་ཁྲི་དྲུག་སྟོང་དྲུག་བདུན་བརྒྱ་ཡོངས་འགྲུབ་བྱས་པ་དེས། ལོ་རེའི་ཆ་སྙོམས་ཀྱི་ལྡབ2.5ཟིན། ཉེ་བའི་ལོ5ཡི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ཆུ་བེད་ལས་རིགས་ཀྱིས་ས་ཆུའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1205བཅོས་སྐྱོང་བྱས། ཤར་རྒྱུད་ཀྱི་ས་ཆུ་ཤོར་བ་གཙོ་གནད་བཅོས་སྐྱོང་ས་ཁུལ་དུ་རིམ་བསགས་ཀྱིས་ས་ཆུ་སྲུང་འཛིན་གྱི་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གཉིས་བཏང་སྟེ། འབབ་རྒྱུད་ཆུང་བའི་ཆུ་བོ43དང་། རི་ཞིང་སྤྱི་ཆིང་ཁྲི་གཅིག་སྟོང་བརྒྱད་བཅོས་སྐྱོང་བྱས་ཤིང་། བྱེ་འདམ་འགོག་བྱེད་ཀྱི་འདམ་རགས11བསྐྲུན། ལས་གཞི་ཁུལ་གྱི་ས་ཆུ་ཤོར་བའི་རྒྱ་ཁྱོན40﹪ནས70﹪ཇེ་ཆུང་དུ་སོང་བ་དང་། སྐྱེ་ཁམས་དང་དཔལ་འབྱོར་དམངས་ཚིས་བཅས་ལ་བརྟེན་ནས་ས་ཆུ་སྲུང་འཛིན་བྱེད་པའི་ཕྱོགས་བསྡུས་ཕན་ནུས་མངོན་གསལ་གྱིས་མཐོར་འདེགས་བྱུང་།
ད་ལྟ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ་གཉིས་སུ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱས། ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་བརླན་ས་གལ་ཆེན་གྱི་སྐྱེ་ཁམས་མ་ལག64﹪དང་། 30.7﹪གྱི་ནགས་ཚལ། 85﹪ཡི་རི་སྐྱེས་སྲོག་ཆགས་བཅས་ཚང་མ་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་གྱི་གྲས་སུ་བཞག་སྟེ། རང་བྱུང་སྐྱེ་ཁམས་ཀྱི་སོར་ཆུད་སྐྱེ་འཕེལ་ཐད་དུས་ཡུལ་འདོན་སྤྲོད་བྱས། མ་འོངས་འཆར་འགོད་ལྟར་ན། 2020ལོར་སླེབས་དུས། མཚོ་སྔོན་གྱིས་འབབ་རྒྱུད་ཆུང་བའི་ཆུ་བོ་སྤྱི་ལེ་གྲུ་བཞི་མ1500ཕྱོགས་བསྡུས་བཅོས་སྐྱོང་དང་། རི་ཞིང་སྤྱི་ཆིང་ཁྲི1.33ཕྱོགས་བསྡུས་ བཅོས་སྐྱོང་བྱས་ཏེ། 2030ལོར་སླེབས་དུས། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ5000ཡན་བཅོས་སྐྱོང་བྱ་རྒྱུ་རེད། །
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེ་འགོག་བྱེ་བཅོས་ནི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་དང་། མཆོང་བརྒལ་འཕེལ་རྒྱས་བརྩོན་པའི་ཁུལ་སྟོབས་ལྡན་དུ་གཏོང་བའི་ཇུས་ཆེན་དུ་བརྩིས་ནས། ཐོག་མར་ཞིང་ཆེན་ཡོངས་སུ་ཕྱུགས་འགོག་ཕྱུགས་སྐྱུར་དང་ས་མཚམས་བཅད་ནས་ཕྱུགས་ཟོག་འཚོ་རེས་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། ནགས་ལས་ཀྱི་བཟོ་འགོད་གལ་ཆེན་ལག་བསྟར་དང་། རྒྱལ་ཁོངས་ཐོན་ཁུངས་ལྗང་བསྒྱུར་བྱེད་པར་སྐུལ་འདེད་གང་ཐུབ་བྱས་པས། སྐྱེ་ཁམས་གནས་བབ་མངོན་གསལ་སྒོས་ལེགས་བཅོས་བྱུང་། ས་རྒོད་ཐང་སྟོང་གི་རྒྱ་ཁྱོན་དེ2009ལོ་དང་བསྡུར་ན་སྤྱི་ཆིང་ཁྲི2.82ཀྱིས་ཇེ་ཉུང་དུ་སོང་ཡོད་པས། ནགས་སའི་རྒྱ་ཁྱོན་དང་ནགས་ཚལ་ཁེབས་ཚད“གཉིས་ཀ་འཕར་སྣོན”དང་། ས་རྒོད་ཐང་སྟོང་དང་བྱེ་སའི་རྒྱ་ཁྱོན“གཉིས་ཀ་ཉུང་འཕྲི”བྱེད་པ་མངོན་འགྱུར་བྱུང་།
ཚྭ་འདམ་གཞོང་ནི་ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་གཞོང་ས་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་ལ། གཙོ་བོ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ཁེབས་ཡོད། ས་ཁུལ་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་བྱེ་འགྱུར་རྒྱ་ཁྱོན་ཆེས་ཆེ་བ་དང་། བཅོས་སྐྱོང་གི་དཀའ་ཁག་ཆེ་བ། སྲུང་སྐྱོབ་ཀྱི་ལས་འགན་ཆེས་ལྗིད་པའི་ས་ཁུལ་ཞིག་ཡིན། གཞོང་སའི་ནང་ཁུལ་གྱི་གནམ་གཤིས་སྐམ་ཞིང་ཐན་པ་མང་བ་དང་། གྲང་ངར་ཆེ་ལ། ལྷགས་རླུང་གཡུག་ཐེངས་མང་བ་རེད། བྱེ་འགྱུར་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི་དགུ་སྟོང་བཞི་དྲུག་བརྒྱ་ལྷག་ཡིན་པས། རང་རྒྱལ་གྱི་བྱེ་འགྱུར་ས་ཁུལ་གྱི་ཁེབས་ཚད་མཚོ་ངོས་ལས་ཆེས་མཐོ་བའི་ས་ཁུལ་རེད།
ས་ཆ་བྱེ་འགྱུར་གྱིས་སྐྱེ་ཁམས་ཐད་ཐེབས་པའི་གནོད་འཚེ་ཇེ་ཆུང་དུ་གཏོང་ཆེད། ལོ་འདི་དག་གི་རིང་ལ། མཚོ་ནུབ་ཁུལ་གྱིས“བྱང་གསུམ”འགོག་སྲུང་ནགས་ཚལ་དང་། རྨོ་སྐྱུར་ནགས་སྐྱོང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བཟོ་སྐྲུན་དེ་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་ལས་གཞི་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། འབད་བརྩོན་ཆེན་པོས་མཚོ་ངོས་ལས་མཐོ་བའི་བྱེ་འགྱུར་ས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་གི་བགྲོད་ལམ་འཚོལ་ཞིབ་བྱས། ས་རྒོད་ཐང་སྟོང་དང་བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་སྐབས། མཚོ་ནུབ་ཁུལ་གྱིས་ཧུར་ཐག་གིས་འཕང་འབྲས་ཐོན་ལས་འཕེལ་རྒྱས་སུ་བཏང་བས། བྱེ་ཐང་ལྗང་སྒྱུར་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བ། ཁེ་ལས་ཀྱི་ཕན་འབྲས་འཕར་བ། ས་གནས་ཀྱི་ཁྲལ་འབབ་ཇེ་མང་དུ་འགྲོ་བའི་བགྲོད་ལམ་ཞིག་འཚོལ་ཞིབ་བྱུང་།
ད་ལྟ། གཏེར་ལེན་ཁ་གྲོང་ཁྱེར་དུ་འཕང་འབྲས་དཔལ་འབྱོར་ནགས་ཁུལ་སྤྱི་ཆིང666.67སྐྲུན་པ་དེས། ལོ་རེར་མི4000ལྷག་གིས་འདེབས་འཛུགས་དང་གསོ་སྐྱོང་དོ་དམ་བྱེད་པར་སྐུལ་ཁྲིད་བྱས་པ་དང་། ལོ་རེར་ཆ་སྙོམས་ཀྱིས་མི་རེར་ཡོང་འབབ་སྒོར5000ཡས་མས་སྐྲུན་ཡོད།
མཚོ་ནུབ་ཁུལ་ནགས་ལས་ཅུས་ཀྱི་ལས་བྱེད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་བོད་ལྕགས་ལམ་དང་། རྒྱལ་ལམ315གཉིས་ཀྱི་གཏེར་ལེན་ཁའི་ལམ་རྒྱུད་ནི་བྱེ་མའི་ས་ཁུལ་དུ་གནས་པ་དང་། དེའི་ཁར་མིའི་བྱ་འགུལ་གྱི་དབང་གིས་ས་རྒོད་ཐང་སྟོང་དུ་འགྱུར་ཚད་ཇེ་མགྱོགས་སུ་སོང་བས། སྐྱེལ་འདྲེན་བདེ་འཇགས་ལ་གནོད་པ་བཟོ་བཞིན་ཡོད། དེ་བས། ནགས་ལས་སྡེ་ཁག་གིས་ལམ་རྒྱུད་དུ་ལྗང་བསྒྱུར་བགྲོད་ལམ་འཛུགས་སྐྲུན་བྱེད་པའི་བཟོ་འགོད་ལག་བསྟར་བྱས་ཏེ། མཚོ་བོད་ལྕགས་ལམ་དང་། རྒྱལ་ལམ315བཅས་སུ་སྤྱི་ཆིང་ཁྲི1.8ལ་སྡོང་འཛུགས་བྱས་པ་དེས། རླུང་འགོག་བྱེ་འཇགས་ཀྱི་ཕན་ནུས་ཐོན་པར་མ་ཟད། ལྗང་མདོག་ཁྱམས་རིང་གི་མཛེས་ལྗོངས་དང་། ལྗང་མདོག་འོད་ཧྥུ་ཐོན་ལས་ཀྱི་གླིང་ཁུལ་གྲུབ་ཡོད། ད་ལྟ། མཚོ་ནུབ་ཁུལ་གྱི་ས་རྒོད་ཐང་སྟོང་གི་རྒྱ་ཁྱོན་དེ2009ལོ་དང་བསྡུར་ན་སྤྱི་ཆིང་ཁྲི2.82ཇེ་ཉུང་དུ་སོང་ཡོད་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྤྱི་ཕན་ནགས་ཁུལ་གྱི་རྒྱ་ཁྱོན་དེ2009ལོ་དང་བསྡུར་ན་སྤྱི་ཆིང་འབུམ་གཉིས་ཁྲི་དགུ་སྟོང་དྲུག་ཇེ་མང་དུ་སོང་ཡོད། །
གཞན་ཡང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་ཁུལ་གྱིས་ཉེ་བའི་ལོ་འདི་འགར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས།
ཉེ་སྔོན། གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། ལོ་འདི་འགའི་རིང་ལ། ཡུལ་ཤུལ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་ཁུར་བའི་ཆབ་སྲིད་ཀྱི་ལས་འགན་དང་ལོ་རྒྱུས་ཀྱི་འགན་འཁྲི་གཉིས་ཡིད་ལ་དམ་པོར་བཟུང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས།
རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་སུ་ཡོད་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས། ལོ་མང་པོའི་རིང་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང“ལྗང་སྒྱུར་གྱིས་དྲིན་གཟོ་བ་དང་། སྐྱེ་ཁམས་ཀྱིས་དྲིན་འཇལ་བ”ཡི་འདུ་ཤེས་ལ་བརྟེན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཆེས་གལ་ཆེ་བའི་ཆབ་སྲིད་དང་། ཆེས་ཆེ་བའི་འགན་འཁྲི། ཆེས་ཆེ་བའི་མངོན་མེད་ནུས་ཤུགས་དང་། ཆེས་ཆེ་བའི་དམངས་ཚིས་བཅས་ལ་བརྩིས་ནས། རྒྱུན་རྣམ་གསར་པའི་འོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གསར་པ་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ་ཕན་ནུས་ལྡན་པའི་གྲུབ་འབྲས་བླངས།
གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི《སྤྱིའི་འཆར་འགོད》ཀྱི་ལས་གཞི22ཁྲོད། ཡུལ་ཤུལ་ཁུལ་གྱིས་བསྡོམས་པས་ལས་གཞི17ལག་བསྟར་བྱས་ཤིང་། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་སོ་བདུན་དང་བྱེ་བ་བརྒྱད་བཏང་། དེས《སྤྱིའི་འཆར་འགོད》གྱི་མ་དངུལ་སྒོར་དུང་ཕྱུར་དོན་ལྔ་ཡི50﹪ཟིན་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་འཆར་འགོད་རྒྱ་ཁྱོན་གྱི་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་ཁྲི་དགུ་སྟོང་ལྔ་ཡིན་པ་དང་། ཡུལ་ཤུལ་ལས་གཞི་ཁུལ་གྱི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་དགུ་སྟོང་བརྒྱད་ཡིན་པས། དུས་སྐབས་གཉིས་པར་འཆར་འགོད་བྱས་པའི་སྤྱིའི་རྒྱ་ཁྱོན་གྱི་ཕྱེད་ཀ་ཟིན། 2014ལོ་ནས2017ལོའི་བར་ཁུལ་ཡོངས་སུ་རྒྱལ་ཁབ་ཀྱིས་མ་རྩ་བཏང་བ་དང་ཁ་གསབ་བྱས་པའི་སྒོར་དུང་ཕྱུར་སོ་བཞི་དང་བྱེ་བ་གསུམ་ས་ཡ་ལྔ་ལ་སླེབས། རི་རྒྱ་ནགས་གསོ་དང་། བརླན་ས་སྲུང་སྐྱོབ། ས་ནག་ཐང་བཅོས་སྐྱོང་། བྱེ་འགོག་རྩྭ་གསོ། བྱེ་ཐང་འགོག་བཅོས། རྩྭ་ས་དང་ནགས་ཚལ་གྱི་གནོད་ལྡན་སྐྱེ་དངོས་འགོག་སྲུང་དང་ཚོད་འཛིན་བྱེད་པ། སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ལས་གཞི་ལག་བསྟར་བྱས།
དེ་དང་ཆབས་ཅིག རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་ཀྱི་བཟོ་འགོད་དང་རྨོ་བསྐྱུར་ནགས་སྐྲུན་བཟོ་འགོད། གཙོ་གནད་སྤྱི་ཕན་ནགས་ཚལ་བཟོ་འགོད། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། དུས་སྐབས་དང་པོ་དང་གཉིས་པའི་བཟོ་འགོད་བཅས་ནགས་ལས་ཀྱི་གཙོ་གནད་བཟོ་འགོད་རྩ་འཛུགས་དང་ལག་བསྟར་བྱས། རྒྱལ་དབང་ནགས་ར་དང་ཞིང་སྡེ། དགོན་སྡེ། ནགས་སྲུང་བ་བཅས་ཀྱི་གནས་བཞི་གཞི་གཅིག་ཅན་གྱི་དོ་དམ་མ་ལག་རགས་ཙམ་བཙུགས་པ་དང་། སློབ་གྲྭ་དང་སྨན་ཁང་། སྡོད་དམངས་ཀྱི་ཁྱམས་ར། སྤྱི་གླིང་། “གཙང་གསུམ་འབྱུང་ཡུལ་གྱི་དྲིན་གཟོའི་ནགས་ཚལ།”དེ་མིན་རིགས་མི་གཅིག་པའི་དྲན་གསོའི་ནགས་ཚལ་བཅས་ས་ཁུལ62ཀྱི་ལྗང་སྒྱུར་བྱ་བ་ལེགས་འགྲུབ་བྱས་ཤིང་། ལྗང་སྒྱུར་རྒྱ་ཁྱོན་སྤྱི་ཆིང128.9ལེགས་འགྲུབ་བྱས་ཏེ། ཁུལ་ཡོངས་ཀྱི་ནགས་ཚལ་ཁེབས་ཚད2004ལོའི2.8﹪ནས2017ལོའི3.1﹪ལ་འཕར་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།