དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བགྲོད་ལམ་དུ་ལེགས་པོར་བསྐྱོད་དགོས།
2018.11.21 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 37

 སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་འགན་འཁྲིའི་དམིགས་འབེན་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ལ། དམངས་ཚིས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་ཏུ་བརྩིས་ཏེ། རྣམ་པ་གསར་བ་དང་སྒྲུབ་སྟངས་གསར་བས་འགྲན་རྩོད་གསར་བར་གདོང་གཏོད་པ་དང་། གནད་དོན་གསར་བ་ཐག་གཅོད་བྱེད་པ། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བ་གསར་གཏོད་བྱས་ནས། ཀྲུང་ཧྭ་འཛིན་མའི་རི་ཆུ་སྔར་ལས་སྔོ་ཞིང་དྭངས་པ་དང་། ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དགོས།

མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལས་སྐྱེ་ཁམས་དར་ན་དཔལ་ཡོན་དར་བ་དང་། སྐྱེ་ཁམས་ཉམས་ན་དཔལ་ཡོན་ཉམས་སྲིད་པ་ར་སྤྲོད་བྱུང་ཡོད་ལ། ལག་ལེན་ལས་ཐོན་ཁུངས་དང་ཁོར་ཡུག སྐྱེ་ཁམས་བཅས་ཀྱི་གནད་དོན་ནི། ཚན་རིག་དང་མི་མཐུན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་དབྱིབས་ལས་བཟོས་པ་མཚོན་ཡོད། སྲོལ་རྒྱུན་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་དབྱིབས་མང་ཆེ་བའི་ཁྲོད་དཔལ་འབྱོར་འཕར་ཚད་གྱིས་ཐོན་ཁུངས་ཟད་གྲོན་དུ་གཏོང་བ་སྣང་མེད་དུ་བཞག་ནས། ཁོར་ཡུག་ལ་འབག་བཙོག་བཟོ་བ་དང་སྐྱེ་ཁམས་ལ་གཏོར་བརླག་བཏང་ཞིང་། མིག་མདུན་གྱི་ཁེ་ཕན་ཁོ་ན་བསམ་ནས། བུ་རབས་ཚ་རྒྱུད་ཀྱི་ཁེ་ཕན་དང་མིའི་རིགས་ཀྱི་ཁེ་ཕན་ཧྲིལ་བོ་སྣང་མེད་དུ་བཞག་པ་དང་།  རང་བྱུང་སྐྱེ་ཁམས་དང་སྐྱེ་དངོས་གཞན་པའི་སྲུང་སྐྱོབ་ལ་མཐོང་ཆེན་མ་བྱས་པ་དག་གིས། གོ་ལ་ཧྲིལ་བོའི་སྐྱེ་ཁམས་ཉམས་ཞན་གྱི་གནས་བབ་ཚབས་ཆེན་ཏུ་བཏང་།

ཀྲུང་ཧྭ་མི་རིགས་ནི་སྔར་ནས་བཟུང་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་དད་གུས་བྱས་ཏེ། འོད་སྟོང་འབར་བའི་སྐྱེ་ཁམས་རིག་གནས་གསོ་སྐྱོང་བྱེད་ཀྱིན་ཡོད། དཔེར་ན་རང་བྱུང་ཆོས་ཉིད་ལ་རྒྱབ་འགལ་མི་བྱེད་པ་དང་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་བསམ་བློ་དེ་ཡིན་ལ། ང་ཚོའི་ཏང་གིས་ཀྱང་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་དུས་མགོར་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་གཞི་རྩའི་རྒྱལ་ཇུས་སུ་གཏན་འཁེལ་བྱས་ཤིང་། དུས་རབས་ཉེར་གཅིག་པར་ཞུགས་རྗེས་ཐོན་ཁུངས་གྲོན་ཆུང་བྱེད་པ་དེ་ཡང་བསྐྱར་གཞི་རྩའི་རྒྱལ་ཇུས་སུ་གཏན་འཁེལ་བྱས། ཡིན་ནའང་། ལོ་རྒྱུས་དང་དངོས་ཡོད་ཀྱི་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས། རང་རྒྱལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་དུ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མང་པོ་ཞིག་བསགས་པ་དང་། ཁོར་ཡུག་གི་འབག་བཙོག་སྣ་ཚོགས་ཇེ་མང་ཡིན་པའི་གནས་བབ་དེ། དམངས་ཚིས་ལ་གནོད་པ་དང་དམངས་སེམས་ལ་སྡུག་པའི་གནད་དོན་ཞིག་ཏུ་གྱུར། དུས་ད་ལྟའི་བར་དུ། ས་གནས་དང་སྡེ་ཁག་ཁ་ཤས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ངོས་ཟིན་ད་དུང་དོན་ཐོག་ཏུ་འཁྱོལ་མེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཐུན་སྦྱོར་གྱི་ཚད་རིམ་ད་དུང་མི་འདང་བས། གད་སྙིགས་མང་བ་དང་སྐྱེ་ཁམས་གཏོར་བརླག་སོགས་ཀྱི་སྣང་ཚུལ་མཚམས་ལར་འབྱུང་བཞིན་ཡོད་པ་རེད།

ཁོར་ཡུག་ནི་དམངས་ཚིས་ཡིན་པ་དང་། སྔོ་ལྗང་གི་རི་ཆུ་དང་མཁའ་དབྱིངས་ནི་གསེར་རི་དངུལ་རི་ཡིན། མི་དམངས་ཀྱི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་དགོས་མཁོ་བསྐངས་ཏེ། མི་དམངས་མང་ཚོགས་ལ་དྭངས་གཙང་གི་ཆུ་དང་མཁའ་དབུགས། བདེ་འཇགས་ཀྱི་ཟས་རིགས། མཛེས་སྡུག་གི་ཁོར་ཡུག་བཅས་ལོངས་སུ་སྤྱོད་དུ་འཇུག་ཆེད།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གནས་ལྔ་གཞི་གཅིག་གི་སྤྱིའི་འཆར་འགོད་ལ་གཅིག་གྱུར་སྐུལ་འདེད་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བྱེད་པའི་ནང་དོན་གལ་ཆེན་ཏུ་བརྩིས་ནས། མཐའ་གཅིག་ཏུ་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་སྤེལ་བ་གནད་སར་འཛིན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་རྩེ་གྲས་ཇུས་འགོད་དང་ལམ་ལུགས་མ་ལག་འཛུགས་སྐྲུན་མགྱོགས་མྱུར་སྒོས་སྐུལ་སྤེལ་བྱེད་པ། བཅའ་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ལམ་ལུགས་འཛུགས་པ་མ་ཟད་ལག་བསྟར་བྱས་ཏེ། ཤུགས་ཆེན་པོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། རླུང་ཁམས་ཆེན་མོ་དང་ཆུ། ས་རྒྱུ་བཅས་ཀྱི་འབག་བཙོག་འགོག་བཅོས་བྱེད་པའི་བྱ་སྤྱོད་འཆར་གཞི་ཆེན་པོ་གསུམ་གཏིང་ཟབ་ཏུ་ལག་བསྟར་བྱས།  རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གོམ་པ་བརྟན་པོ་སྤོས།

དེང་སྐབས། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་དང་། བརྟན་བརླིང་གི་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་བཟང་པོ་ཆགས་ཡོད། འོན་ཀྱང་ཕན་འབྲས་དེ་འདྲ་བརྟན་པོ་མིན་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྔར་བཞིན་དཀའ་ཁག་དང་འགྲན་རྩོད་མི་ཉུང་བ་གནས་ཡོད། 2035ལོའི་བར་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྩ་བ་ནས་ཇེ་ལེགས་སུ་འགྲོ་བ་མངོན་འགྱུར་བྱེད་པར་ཁག་ཐེག་བྱས་ཏེ། མཛེས་སྡུག་གི་ཀྲུང་གོའི་དམིགས་འབེན་གཞི་རྩའི་སྟེང་ནས་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་སྟོན་འོག སྐྱེ་ཁམས་དཔལ་ཡོན་མ་ལག་འཛུགས་པ་ཇེ་མགྱོགས་སུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་རོལ་སྟངས་གྲུབ་པར་སྐུལ་འདེད་བྱས་ཏེ། དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བགྲོད་ལམ་དུ་ལེགས་པོར་བསྐྱོད་དགོས། ཐོན་ཁུངས་ཆེས་མི་འདང་བ་དང་ཁོར་ཡུག་འབག་བཙོག་ཚབས་ཆེ་བ། སྐྱེ་ཁམས་མ་ལག་ཉམས་ཞན་བཅས་ཀྱི་ཛ་དྲག་གནས་བབ་ལ་དམིགས་ནས།   རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བཙུགས་ཏེ།    སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གོ་གནས་གཙོ་བོར་འཇོག་པ་དང་། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་སུ་ཁྱབ་པར་བྱེད་དགོས་ལ། དེང་རབས་ཀྱི་མིའི་རིགས་དང་མ་འོངས་བའི་བུ་རབས་ཚ་རྒྱུད་ལ་ཕན་པའི་སྤྱི་ཡོངས་ཀྱི་ཁེ་ཕན་དང་རྒྱང་རིང་གི་ཁེ་ཕན་ལ་མཐོང་ཆེན་བྱེད་པ། རང་ཉིད་ཀྱི་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་འཛིན་བྱེད་དགོས། ཤུགས་ཕུད་དེ་ཐོན་ལས་གྲུབ་ཚུལ་དང་བར་སྟོང་གྲུབ་ཚུལ། ནུས་ཁུངས་གྲུབ་ཚུལ། འཛད་སྤྱོད་བྱེད་སྟངས་བཅས་ཀྱི་ལྷད་མེད་རིགས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་གྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཚོང་རའི་ཕྱོགས་སྟོན་གྱི་ལྗང་མདོག་ལག་རྩལ་གསར་སྐྲུན་མ་ལག་བཙུགས་ནས།  ལྗང་མདོག་བཟོ་ལས་དང་ལྗང་མདོག་ཞིང་ལས། ལྗང་མདོག་ཞབས་ཞུ་ལས་རིགས། ལྗང་མདོག་ནུས་ཁུངས་བཅས་ཤུགས་ཆེན་པོས་གོང་དུ་སྤེལ་དགོས། ལྗང་མདོག་ལག་རྩལ་ལ་བརྟེན་ནས་ལྗང་མདོག་དཔལ་འབྱོར་བསྒྱུར་བཀོད་དང་གྲུབ་པར་བྱེད་པ་དང་། ནུས་ཁུངས་ལྗང་མདོག་གི་རིགས་བསྒྱུར་ལ་ཡར་སྐུལ་བཏང་ནས་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེ་ལ་སྐུལ་འདེད་བྱས་ཏེ། ལྗང་མདོག་ཐཱན་ཉུང་དང་བདེ་འཇགས་ཐོན་མཐོའི་ནུས་ཁུངས་མ་ལག་འཛུགས་དགོས།

ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་་ཀྱང་དཔལ་འབྱོར་གྱི་ཕན་འབྲས་ལེགས་པོའང་བསྐྲུན་ཐུབ་ངེས། ས་གནས་ཁག་ཅིག་གིས་ལྗང་མདོག་ཐོན་ལས་གོང་དུ་སྤེལ་བ་བརྒྱུད་ནས། ཐོན་རྫས་མང་པོ་ཞིག་གི་ངོ་བོ་དང་ནུས་པར་མངོན་གསལ་དུ་མཐོར་འདེགས་བྱུང་བ་དང་། སྤུས་ཚད་ལ་མངོན་གསལ་དུ་ལེགས་བཅོས་བྱུང་བ་མ་ཟད། གློག་གི་ཟད་ཚད་དང་ཆུའི་ཟད་ཚད་ཆེས་ཆེར་ཇེ་དམར་བཏང་། ཐོན་ལས་མང་པོ་ཞིག་གིས་མཁོ་མེད་ཐོན་རྫས་དང་ཡང་ན་དེའི་ལྷུ་ལག་བེད་སྤྱད་དེ་ཐོན་རྫས་གསར་བ་ལས་སྣོན་དང་གསར་བཟོ་བྱས་ཏེ།  མཁོ་མེད་དངོས་རྫས་ཇེ་ཉུང་དུ་བཏང་བ་དང་། ཐོན་ཁུངས་གྲོན་ཆུང་བྱས་པའི་དུས་མཚུངས་སུ། མ་རྩ་ཇེ་དམའ་རུ་བཏང་། ཁྱད་པར་དུ་ལྗང་མདོག་ཐོན་ལས་གླིང་ཁུལ་ཁ་ཤས་སུ། ཁེ་ལས་སོ་སོར་ཐོན་ཁུངས་འཁོར་སྐྱོད་བཀོལ་སྤྱོད་ཀྱི་སྦྲེལ་ཐག་གྲུབ་ཡོད་པ་དང་། བཟོ་གྲྭ་ཁ་ཤས་ཀྱི་སྙིགས་རོ་དེ་བཟོ་གྲྭ་གཞན་པའི་རྒྱུ་ཆར་བྱས་ནས། ནུས་ཁུངས་དང་ཐོན་ཁུངས་སྐས་རིམ་ལྟར་བེད་སྤྱོད་བྱེད་པ་མངོན་འགྱུར་བྱས། དོན་དངོས་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་སྤྱི་ཚོགས་ཀྱི་ཕན་འབྲས་དང་སྐྱེ་ཁམས་ཀྱི་ཕན་འབྲས་ལྡན་པར་མ་ཟད། དཔལ་འབྱོར་གྱི་ཕན་འབྲས་ཀྱང་ལྡན་པ་ར་སྤྲོད་བྱུང་། ལག་རྩལ་དང་སྲིད་ཇུས་སོགས་ཀྱི་ཕྱོགས་མང་པོའི་བྱེད་ཐབས་སྤྱད་དེ། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཚོང་ར་གཙོ་བོའི་རང་རྟོགས་སྒོས་ཉམས་སུ་ལེན་པའི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱེད་དགོས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།