མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ལྗང་བསྒྱུར་གྱི་རྣམ་པ་གསར་པ་བཏོད།
ད་ལོའི་ཚུན་ལ། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྒྱལ་ཁོངས་ལྗང་བསྒྱུར་དང་། སྐྱེ་ཁམས་སླར་གསོ། ཐོན་ཁུངས་སྲུང་སྐྱོབ་སོགས་སྲིད་ཇུས་ཀྱི་ལས་གཞི་སོ་སོའི་རམ་འདེགས་ལ་བརྟེན་ནས། ས་ཁོངས་ཀྱི་ལྗང་བསྒྱུར་གཞི་ཁྱོན་ནུས་ཤུགས་གང་ཡོད་ཀྱིས་མཐོར་འདེགས་བཏང་བ་དང་སྐྱེ་ཁམས་བྱེད་ནུས་ཁུལ་འཛུགས་སྐྲུན་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་ལྗང་བསྒྱུར་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཧུར་ཐག་སྒོས་བསྐྲུན།
མཚོ་ནུབ་ཁུལ་གྱིས“གྲོང་རྡལ་དང་སྡེ་བ་རེ་ལ་ལྗང་མདོག་གི་གླིང་ཕྲན་རེ”ཧུར་བརྩོན་སྒོས་བསྐྲུན་པ་དང་། མཁར་གྲོང་གི་ལྗང་བསྒྱུར་མ་ལག་ཇུས་འགོད་ཚན་རིག་དང་མཐུན་པར་བྱས། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་རྟེན་གཞི་བྱས་པའི་ཕྱོགས་བསྡུས་བཀོད་སྒྲིག་འོག གཏེར་ལེན་ཁ་དང་ན་གོར་མོ་གྲོང་ཁྱེར་གཉིས་གཙོ་བོ་ཡིན་པའི་ས་ཁོངས་སྐྱེད་ཚལ་མཛེས་ལྗོངས་འཛུགས་སྐྲུན་ཐོག་མར་མིག་ལམ་དུ་མངོན་པ་དང་། ལྗང་མདོག་ས་ཁོངས་ཀྱི་བར་སྟོང་མུ་མཐུད་དུ་རྒྱ་བསྐྱེད་པ་མངོན་འགྱུར་བྱུང་། མིག་སྔར། ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་བདུན་སྟོང་དགུར་སླེབས་པ་དང་། འོས་འགན་སྡོང་འཛུགས་སྡོང་ཕྲུག་ས་ཡ་གཅིག་འབུམ་གཉིས་ཁྲི་གཅིག་འཛུགས་པ་ལེགས་འགྲུབ་བྱུང་སྟེ། བསྡོམས་པས་སྐྱེ་ཁམས་འཛུགས་སྐྲུན་ལེགས་འགྲུབ་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དྲུག་ས་ཡ་བརྒྱད་ལ་སླེབས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་བྱ་འགུལ་ཁྲོད། མཚོ་ནུབ་ཁུལ་གྱིས་ལྗང་སྒྱུར་གྱི་ཕྱོགས་གཙོ་བོ་དེ་དེང་སྐབས་སྤེལ་བཞིན་པའི་ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ཁྲོད་བཞག་ནས། དཔེ་སྟོན་ཁུལ་དམ་འཛིན་དང་། མུ་འབྲེལ་ཁུལ་གཅིག་སྡུད་བྱེད་པ། ས་ཁུལ་དང་ས་ཁུལ་ཟུང་འབྲེལ་བྱེད་པ། ཁྱོན་ཡོངས་སྐུལ་འདེད་བཅས་ཀྱི་བྱེད་ཐབས་སྤྱད་དེ། ཚྭ་ཁ་གྲོང་རྡལ་དང་། ཚྭ་འདམ་ཆེ་བ་གྲོང་རྡལ། ཁི་ལུའུ་ཁི་གྲོང་རྡལ་སོགས་སུ་ལག་བསྟར་བྱས་པའི་གྲོང་གསེབ་ཀྱི“འགྲམ་བཞི”ལྗང་སྒྱུར་བཟོ་འགོད་ཐད་གྲུབ་འབྲས་མངོན་གསལ་བླངས་པ་དང་། སྡོང་ཕྲུག་འབུམ་གསུམ་ཁྲི་དྲུག་ལྷག་འདེབས་འཛུགས་བྱས་ཏེ། གྲོང་རྡལ་སྤྱི་ཆིང་ཞེ་གཉིས་ལྷག་ལྗང་བསྒྱུར་དང་། གྲོང་རྡལ་སུམ་ཅུ་ལྗང་བསྒྱུར་བྱེད་པ་ཡོངས་འགྲུབ་བྱུང་།
མཚོ་ནུབ་ཁུལ་དུ་གཙོ་གནད་སྤྱི་ཕན་ནགས་ཚལ་དང་འགོག་སྲུང་ནགས་ཚལ་ཆེན་པོ་ཡོད་པས། མཚོ་ནུབ་ཁུལ་གྱིས་གྲངས་ཀ་དང་སྤུས་ཀ་གཉིས་གཙོ་བོ་ཡིན་པའི་རྩ་དོན་ལག་བསྟར་བྱས་ཏེ། ཏུའུ་ལན་རྫོང་གི་སའོ་སའོ་ནགས་དང་། མདོ་ལ་རིང་མོ། ཁི་ལུའུ་ཁི་མཚེའུ་བཅས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གྱིས་རི་ཆུ་ནགས་ཞིང་མཚེའུ་དང་། མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད་འཛུགས་སྐྲུན་བཅས་ལ་སྐུལ་སྤེལ་བྱས་ཏེ། ཏུའུ་ལན་རྫོང་སའོ་སའོ་ནགས་སྤྱི་ཆིང204ཡི་ལོ་འཁོར་བཅོས་བསྒྱུར་དང་ཁི་ལུའུ་ཁི་མཚེའུ། ཐོ་སོའུ་མཚེའུའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱི་ཆིང800ལ་འཕང་འབྲས་ནག་པོ་འདེབས་འཛུགས་བྱ་བ་ཁྱོན་ཀུན་ནས་ཡོངས་འགྲུབ་བྱས།
དུས་མཚུངས་སུ། རྒྱལ་ཁབ་ཀྱི་གཙོ་གནད་སྤྱི་ཕན་ནགས་ཀྱི་ཀྲུང་དབྱང་གི་སྐྱེ་ཁམས་ཕན་འབྲས་ཁ་གསབ་བྱ་བ་སྒུལ་ཤུགས་སུ་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་ནགས་སྲུང་སྡོང་འཛུགས་ཀྱི་ཧུར་བརྩོན་རང་བཞིན་མཐོར་འདེགས་བྱུང་བ་དང་། སྐྱེ་ཁམས་བྱེད་ནུས་ཁུལ་གྱི་ཁྱབ་འགྱེད་མཉམ་འགུལ་ནུས་པ་རྒྱ་བསྐྱེད་པ་དང་། ཝུའུ་ཐུའུ་མའེ་རིན་སོགས་བྱེ་འགྱུར་ས་ཆའི་བཀག་སྡོམ་སྲུང་སྐྱོབ་ཁུལ་དུ་ཆེད་བསྐོས་ལྟ་སྲུང་པ་བསྐོ་བ་དང་ཉེ་འཁོར་གྱི་ཞིང་ཁྱིམ་ཟབ་ཞུགས་བྱེད་པའི་སྐྱེ་ཁམས་ལྗང་བསྒྱུར་གྱི་རྣམ་པས་མང་ཚོགས་ཚུར་འགུགས་བྱས་པ་དང་། རིགས་སོ་སོའི་ཁ་གསབ་རྒྱ་ཁྱོན་དངོས་འབེབས་བྱས་ཚད་སྤྱི་ཆིང་ས་ཡ་གཅིག་འབུམ་བཞི་ཁྲི་གསུམ་ལྷག་ལ་སླེབས། །
རྒྱལ་ཁོངས་ཐོན་ཁུངས་ལྗང་བསྒྱུར་བྱེད་པར་སྐུལ་འདེད་གང་ཐུབ་བྱས་སྟབས། སྐྱེ་ཁམས་ཀྱི་གནས་བབ་ལ་མངོན་སུམ་གྱིས་ལེགས་བཅོས་ཐོབ། ས་རྒོད་ཐང་སྟོང་གི་རྒྱ་ཁྱོན2009ལོ་དང་བསྡུར་ན་སྤྱི་ཆིང་ཁྲི་གཉིས་སྟོང་བརྒྱད་ལྷག་ཇེ་ཉུང་དུ་སོང་ཡོད་པས། ནགས་སའི་རྒྱ་ཁྱོན་དང་ནགས་ཚལ་ཁེབས་ཚད་ལ་འཕར་སྣོན་བྱུང་བ་དང་། ས་རྒོད་ཐང་སྟོང་དང་བྱེ་སའི་རྒྱ་ཁྱོན་ཇེ་ཆུང་དུ་འགྲོ་བ་མངོན་འགྱུར་བྱུང་།
ས་ཆ་བྱེ་འགྱུར་གྱིས་སྐྱེ་ཁམས་ཐད་ཐེབས་པའི་ཉམས་ཉེན་ཞི་འཇགས་སུ་གཏོང་ཆེད། ལོ་འདི་དག་གི་རིང་ལ། མཚོ་ནུབ་ཁུལ་གྱིས“བྱང་གསུམ”འགོག་སྲུང་ནགས་ཚལ་དང་། རྨོ་སྐྱུར་ནགས་སྐྱོང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བཟོ་འགོད་དེ་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་ལས་གཞི་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། ཧུར་ཐག་གིས་མཚོ་ངོས་ལས་མཐོ་བའི་བྱེ་འགྱུར་ས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་གི་བགྲོད་ལམ་འཚོལ་ཞིབ་བྱས། ས་རྒོད་ཐང་སྟོང་དང་བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་སྐབས། མཚོ་ནུབ་ཁུལ་གྱིས་འཕང་འབྲས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཤུགས་བཏོན་པས། བྱེ་ཐང་ལྗང་བསྒྱུར་བྱེད་པ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བ། ཁེ་ལས་ཀྱི་ཕན་འབྲས་འཕར་བ་སོགས་ཀྱི་བགྲོད་ལམ་ཞིག་འཚོལ་ཞིབ་བྱས།
ད་ལྟ། མཚོ་ནུབ་ཁུལ་གྱི་ས་རྒོད་ཐང་སྟོང་གི་རྒྱ་ཁྱོན2009ལོ་དང་བསྡུར་ན་སྤྱི་ཆིང་ཁྲི་གཉིས་སྟོང་བརྒྱད་ཉིས་བརྒྱ་ཇེ་ཉུང་དུ་སོང་ཡོད་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྤྱི་ཕན་ནགས་ཁུལ་གྱི་རྒྱ་ཁྱོན2009ལོ་དང་བསྡུར་ན་སྤྱི་ཆིང་ཁྲི་གཉིས་སྟོང་དགུ་དྲུག་བརྒྱ་ཇེ་མང་དུ་སོང་ཡོད།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁོངས་ལྗང་བསྒྱུར་བྱེད་ཤུགས་ཇེ་ཆེར་བཏང་།
ཉེ་ལམ། གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ཡུལ་ཤུལ་ཁུལ་གྱི་གོང་འོག་བར་གསུམ་ཚང་མས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། རྒྱལ་ཁོངས་ལྗང་བསྒྱུར་གྱི་འཕེལ་རྒྱས་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་བ་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་ནས། ཁུལ་ཡོངས་ཀྱི་སྡོང་འཛུགས་ལྗང་བསྒྱུར་དང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་བྱ་བར་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་།
ལྗང་མདོག་གསར་སྐྲུན་དང་ལྗང་མདོག་གཅེས་སྤྲས། ལྗང་མདོག་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་གྱི་གོམ་སྐབས་ཇེ་མགྱོགས་སུ་བཏང་། ཉེ་བའི་ལོ་འགའི་རིང་ལ་བསྡོམས་པས་སྡོང་ཕྲུག་སྣ་ཚོགས་བྱེ་བ་གཅིག་ས་ཡ་གཉིས་འབུམ་གཅིག་ཁྲི་བདུན་ལྷག་བཙུགས་པ་དང་། སྤྱི་ཆིངས་སྟོང་དྲུག་སུམ་བརྒྱ་དོན་ལྔ་ལྷག་གི་སྟེང་སྡོང་འཛུགས་ལྗང་བསྒྱུར་ལེགས་འགྲུབ་བྱུང་། རྒྱལ་ཁོངས་ལྗང་བསྒྱུར་མྱུར་ལམ་དུ་ཞུགས་ཏེ། མཐོར་འདེགས་ཆེན་པོ་བྱུང་བའི་དུས་རིམ་དུ་གོམ་པ་སྤོས། སྲང་ལམ་མཛེས་ལྗོངས་མཐོར་འདེགས་བྱུང་བ་དེས་ཡུལ་ཤུལ་གྲོང་ཁྱེར་ལ་རྒྱལ་ཡོངས་འཕྲོད་བསྟེན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པར་བྱེད་ནུས་གལ་ཆེན་བཏོན་པ་ལས་གཞན། ཡུལ་ཤུལ་གྲོང་ཁྱེར་གྱིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་བརྩོན་ལེན་དང་། སྐྱེད་ཚལ་གྲོང་ཁྱེར་འཛུགས་པར་ཡང་རྨང་གཞི་བརྟན་པོ་བཏིངས། མིག་སྔར་རྒྱལ་ཁབ་ཀྱི་བརླན་ས་སྤྱི་གླིང2བཙུགས་ཟིན་པ་དང་། ཡུལ་ཤུལ་གྲོང་ཁྱེར་དང་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ2ཀྱི་བརླན་སའི་སྲུང་སྐྱོབ་དང་སླར་གསོའི་ལས་གཞི་ལག་བསྟར་བྱེད་བཞིན་པའི་སྒང་རེད། ཡུལ་ཤུལ་ཁུལ་གྱི་ནགས་ཤིང་ས་བོན་འབྱུང་ཁུངས་འཛུགས་སྐྲུན་གྱི་ལས་གཞི་དང་ནགས་ལས་གནོད་ལྡན་སྐྱེ་དངོས་འགོག་སྲུང་ཚོད་འཛིན་ལས་གཞི་འགྲུབ་ཟིན་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་རྗེས་དྲན་རྡོ་རིང་མཛེས་ལྗོངས་མཐོར་འདེགས་གཏོང་བའི་བཟོ་འགོད་ལག་བསྟར་བྱས་པར་མ་ཟད། ཡུལ་ཤུལ་མཐོ་སྒང་གི་ས་མུའུ་སྟོང་གི་སྡོང་ཕྲུག་སོན་བཟང་གསོ་སྤེལ་ཚོད་ལྟའི་རྟེན་གཞི་འགྲུབ་ཟིན།
ཁྲིམས་འགལ་ལ་རྡུང་རྡེག་བྱེད་པར་ཤུགས་བསྣན་ནས། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་སྲུང་སྐྱོབ་བྱས། ཡུལ་ཤུལ་ཁུལ་གྱིས་ཉེ་བའི་ལོ་འགའི་རིང་ལ་ཁྲིམས་ལྟར་གྱོད་དོན238རྩད་ཆོད་པ་དང་། ཁྲིམས་འགལ་ཉེས་ཅན275ལ་ཆད་པ་བཅད་དེ་ནགས་ཚལ་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བདེ་འཇགས་སྲུང་སྐྱོབ་ནུས་ལྡན་བྱས། རི་སྐྱེས་སྲོག་ཆགས་ཁ་གསབ་གྱོད་དོན4328བསྒྲུབས་པ་དང་། རི་སྐྱེས་སྲོག་ཆགས་ཀྱིས་མི་དང་རྒྱུ་ནོར་ལ་གྱོང་གུད་བཟོས་པའི་ཁ་གསབ་མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་ལྔ་འབུམ་གཉིས་ཁྲི་གསུམ་དངོས་འབེབས་བྱས། ཆེད་དོན་ཞིབ་འཇུག་ཚོགས་འདུ་བསྡུས་ཏེ། ཁུལ་ཡོངས་ཀྱི་མངའ་ཁོངས་སུ་ཤུག་པ་ཉོ་ཚོང་དང་རི་སྐྱེས་སྲོག་ཆགས་ཉོ་ཚོང་གི་ནག་ཉེས་ལ་རྡུང་རྡེག་ནན་མོ་གཏོང་བའི་ཆེད་དོན་བྱ་འགུལ་གཅིག་བསྡུས་ཀྱིས་སྤེལ།
ལོ་ངོ་དུ་མའི་རིང་ལ། ཡུལ་ཤུལ་ཁུལ་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང“ལྗང་བསྒྱུར་གྱིས་དྲིན་གཟོ་བ་དང་། སྐྱེ་ཁམས་ཀྱིས་དྲིན་འཇལ་བ”ཡི་འདུ་ཤེས་ལ་བརྟེན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཆེས་གལ་ཆེ་བའི་ཆབ་སྲིད་དང་། ཆེས་ཆེ་བའི་འགན་འཁྲི། ཆེས་ཆེ་བའི་མངོན་མེད་ནུས་ཤུགས་དང་། ཆེས་ཆེ་བའི་དམངས་ཚིས་བཅས་ལ་བརྩིས་ནས། རྒྱུན་རྣམ་གསར་པའི་འོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གསར་པ་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ་ཕན་ནུས་ལྡན་པའི་གྲུབ་འབྲས་བླངས།
གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་ལས་རིམ་དང་པོའི《སྤྱིའི་འཆར་འགོད》ཀྱི་ལས་གཞི22ཁྲོད། ཡུལ་ཤུལ་ཁུལ་གྱིས་བསྡོམས་པས་ལས་གཞི17ལག་བསྟར་བྱས་ཤིང་། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་སོ་བདུན་དང་བྱེ་བ་བརྒྱད་བཏང་། དེས《སྤྱིའི་འཆར་འགོད》ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར75ཡི50﹪ཟིན་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐབས་གཉིས་པའི་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་ཁྲི་དགུ་སྟོང་ལྔ་ཡིན་པ་དང་། ཡུལ་ཤུལ་ལས་གཞི་ཁུལ་གྱི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་སྟོང་དགུ་བརྒྱད་བརྒྱ་ཡིན་པས། སྐབས་གཉིས་པར་འཆར་འགོད་བྱས་པའི་སྤྱིའི་རྒྱ་ཁྱོན་གྱི་ཕྱེད་ཀ་ཟིན། 2014ལོ་ནས2017ལོའི་བར་ཁུལ་ཡོངས་སུ་རྒྱལ་ཁབ་ཀྱིས་མ་རྩ་བཏང་བ་དང་ཁ་གསབ་བྱས་པའི་སྒོར་དུང་ཕྱུར་སོ་བཞི་དང་བྱེ་བ་གསུམ་ས་ཡ་ལྔ་ལ་སླེབས། རི་བཀག་ནགས་གསོ་དང་། བརླན་ས་སྲུང་སྐྱོབ། ས་ནག་ཐང་བཅོས་སྐྱོང་། བྱེ་འགོག་རྩྭ་གསོ། བྱེ་མ་འགོག་བཅོས། རྩྭ་ཐང་དང་ནགས་ཚལ་གྱི་གནོད་ལྡན་སྐྱེ་དངོས་འགོག་སྲུང་དང་ཚོད་འཛིན་བྱེད་པ། སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ལས་གཞི་ལག་བསྟར་བྱས། དེ་མིན་ས་ཁུལ62ཀྱི་ལྗང་བསྒྱུར་བྱ་བ་ལེགས་འགྲུབ་བྱས་ཤིང་། ལྗང་བསྒྱུར་རྒྱ་ཁྱོན་སྤྱི་ཆིང128.9ལེགས་འགྲུབ་བྱས་ཏེ། ཁུལ་ཡོངས་ཀྱི་ནགས་ཚལ་ཁེབས་ཚད2004ལོའི2.8﹪ནས2017ལོའི3.1﹪ལ་འཕར་བ་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།