སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་དགོས།
2018.11.30 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 43

 ཏང་གི་ཚོགས་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་བ་དང་། བརྟན་བརླིང་གི་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་བྱུང་། ཡིན་ནའང་། ཁོར་ཡུག་སྲུང་སྐྱོབ་ཐད་ནུས་འདོན་གྱི་དུས་ཡུན་ཐུང་བ་དང་། ས་ཁོངས་དང་ལས་རིགས་ཀྱི་འཕེལ་རྒྱས་དོ་མི་མཉམ་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་ནུས་ཤུགས་འཛུགས་སྐྲུན་གྱི་བར་ཁྱད་ཅུང་ཆེ་བ་སོགས་ཀྱི་དབང་གིས།  དེའི་ཐད་བླངས་བའི་ཕན་འབྲས་བརྟན་འཇགས་མིན་པ་རེད། མིག་སྔར། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གནོན་ཤུགས་ཆེ་ཞིང་ལས་འགན་ལྕི་བའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་ལ། སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་པོ་འདོན་སྤྲོད་བྱས་ནས་མི་དམངས་ཀྱི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བའི་མཁྲེགས་གཏོར་དུས་སྐབས་སུ་ཞུགས་ཡོད་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་པར་ཆ་རྐྱེན་དང་ནུས་པ་ལྡན་པའི་དུས་སྐབས་སུའང་ཞུགས་ཡོད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྐུལ་སྤེལ་བྱེད་པ་དང་། འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་ལེགས་པོར་སྤེལ་ནས། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་དགོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་འབྲེལ་བའི་རྩ་བའི་ཇུས་ཆེན་ཡིན། བཅོས་སྒྱུར་སྒོ་འབྱེད་ཀྱི་ཚུན་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ནུས་ཡོད་སྒོས་ཐག་གཅོད་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་བླངས། ཡིན་ནའང་། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ལྕི་ཞིང་རྒྱང་ཐག་རིང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནས་བབ་ཛ་དྲག་ཆེ་ཞིང་རྙིང་འཛིང་ཡིན་པ་དེ་ཤེས་དགོས། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བླངས་བའི་ཕན་འབྲས་ལེགས་པོའི་རྒྱུ་རྐྱེན་ཕྱོགས་སྡོམ་དང་། གནས་པའི་གནད་དོན་ཐག་གཅོད། མ་འོངས་བའི་འཕེལ་རྒྱས་ཁ་ཕྱོགས་གསལ་བོ་བྱེད་པ་བཅས་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཛུབ་སྟོན་འོག་ཏུ་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་སྤེལ་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་བཅས་ལ་མཚོན་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་མགོར། རང་རྒྱལ་གྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་གཞི་རྩའི་རྒྱལ་ཇུས་སུ་གཏན་འཁེལ་བྱས། དུས་རབས་ཉེར་གཅིག་པར་ཞུགས་རྗེས། ཐོན་ཁུངས་གྲོན་ཆུང་བྱེད་པ་དེའང་གཞི་རྩའི་རྒྱལ་ཇུས་སུ་གཏན་འཁེལ་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བྱེད་པའི་ནང་དོན་གལ་ཆེན་ཏུ་བརྩིས་ནས། རྩ་བའི་རང་བཞིན་དང་ཕུགས་ཡུན་རང་བཞིན། གསར་སྐྲུན་རང་བཞིན་བཅས་ཀྱི་བྱ་བ་རབ་དང་རིམ་པ་སྤེལ་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལོ་རྒྱུས་རང་བཞིན་དང་ཁ་ཕྱོགས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བཏང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བྱེད་པའི་རང་རྟོག་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྣང་མེད་དུ་འཇོག་པའི་གནས་བབ་ལ་ལེགས་བཅོས་ཆེན་པོ་བྱུང་ཞིང་། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་དང་བྱེད་ནུས་ཁུལ་གཙོ་བོ་འཛུགས་སྐྲུན། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བརྟན་བརླིང་ངང་སྤེལ་བ་བརྒྱུད། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་མངོན་གསལ་དུ་ཤུགས་སྣོན་ཐོབ།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་ཤིང་ཕན་འབྲས་མངོན་གསལ་ཡིན་པའི་རྩ་བ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་པས་ཡིན། དགོངས་པ་གལ་ཆེན་དེས་རང་རྒྱལ་གྱི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་དོན་དངོས་གཞིར་བཟུང་ཏེ། ཅི་ཞིག་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་ཅི་ལྟ་བུ་ཞིག་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་དཔལ་ཡོན་ཅི་ལྟར་འཛུགས་སྐྲུན་བྱེད་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་ཆེན་པོར་ལན་གསལ་བོ་བཏབ་པ་དང་། མིའི་རིགས་དཔལ་ཡོན་གྱི་འཕེལ་རྒྱས་ཆོས་ཉིད་དང་རང་བྱུང་ཆོས་ཉིད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་བཅས་ཀྱི་ངོས་ཟིན་གཏིང་ཟབ་ཏུ་བཏང་། དེའི་ཁྲོད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་དང་། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་དམངས་ཚིས་བདེ་སྐྱིད་ཡིན་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་ནི་ཚེ་སྲོག་གི་ཁྱིམ་གཞིས་ཡིན་པ། ལམ་ལུགས་ནན་མོ་དང་བཅའ་ཁྲིམས་ནན་མོས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། གོ་ལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཉམ་དུ་ཇུས་འགོད་སོགས་ཀྱི་ནང་དོན་གལ་ཆེན་རྒྱུན་འཁྱོངས་བྱས་ཤིང་། མར་ཁེ་སི་རིང་ལུགས་ཀྱི་སྐྱེ་ཁམས་ལྟ་བ་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བསམ་བློའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་ཅི་འདྲ་ཡིན་པའི་གནད་འགག་དེ། ལམ་ལུགས་ཇུས་འགོད་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་མིན་དང་། ལམ་ལུགས་ལག་བསྟར་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོབ་མིན་ལ་རགས་ལས་ཡོད། 2015ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མགྱོགས་མྱུར་ངང་སྐུལ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར》དང《སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་གྱི་སྤྱིའི་ཇུས་གཞི》པར་སྐྲུན་འགྲེམ་སྤེལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་དང་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བའི་རྩ་འཛིན་རང་བཞིན་གྱི་སྤྱི་ཁོག་གྲུབ། འབད་བརྩོན་བྱས་པ་བརྒྱུད། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ཐོན་དབང་ལམ་ལུགས་དང་ཐོན་ཁུངས་སྐྱིན་ཚབ་ཡོད་པའི་བཀོལ་སྤྱོད་དང་སྐྱེ་ཁམས་ཀྱི་ཁ་གསབ་ལམ་ལུགས། སྐྱེ་ཁམས་དཔལ་ཡོན་གྱི་བྱས་འབྲས་གདེང་འཇོག་དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་ལམ་ལུགས་སོགས་རིམ་བཞིན་བཙུགས་པ་དང་འཐུས་ཚང་དུ་གྱུར་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཚན་རིག་ཚད་ལྡན་དང་བློས་འཁེལ་འགན་སྲུང་འདོན་སྤྲོད་བྱས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐུལ་སྤེལ་བྱེད་པར་བཅའ་ཁྲིམས་ནན་མོས་འགན་སྲུང་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱིས་བཅའ་ཁྲིམས་འཛུགས་སྐྲུན་གྱི་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ། སྔ་གཞུག་ཏུ་ས་རྒྱུའི་འབག་བཙོག་འགོག་བཅོས་བཅའ་ཁྲིམས་དང་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་སོགས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་རབ་དང་རིམ་པ་འགྲེམ་སྤེལ་བྱས་པར་མ་ཟད། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་དང་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་བཅའ་ཁྲིམས། རླུང་ཁམས་ཆེན་མོའི་འབག་བཙོག་འགོག་བཅོས་བཅའ་ཁྲིམས་སོགས་ལ་དེར་བསྟུན་གྱི་བཟོ་བཅོས་བྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་པའི་ཁྲོད། ཉིན་ལྟར་ཆད་པ་གཅོད་པ་དང་སྲིད་འཛིན་བཀག་ཉར། འགན་འཛོལ་དགོངས་ཞུ། དེ་འབྲེལ་གྱི་འགན་འཁྲི། སྤྱི་ཕན་གཏུག་བཤེར་སོགས་ཁྲིམས་སྐྱོང་བྱེད་ཐབས་དངོས་འབེབས་དམ་འཛིན་བྱས་པས། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ནུས་པ་སྔར་ལས་ཇེ་དྲག་ཏུ་གྱུར་བ་དང་། ཁྲིམས་ཡོད་ངེས་པར་བརྩི་སྲུང་དང་ཁྲིམས་འགལ་རྩད་འདེད་བྱེད་པའི་སྣང་ཚུལ་ཉིན་རེ་བཞིན་མངོན་གསལ་དུ་གྱུར།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་སྒོས་ཇེ་བཟང་ལ་སོང་ཏེ། བརྟན་བརླིང་གི་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་བྱུང་། ཡིན་ནའང་ཕྱོགས་ཡོངས་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ནུས་ཤུགས་འདོན་པའི་དུས་ཡུན་ཅུང་ཙམ་ཐུང་བ་དང་། ས་ཁོངས་དང་ལས་རིགས་བར་གྱི་འཕེལ་རྒྱས་དོ་མི་མཉམ་ལ་ཆ་མི་ཚང་བ། ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞི་ནུས་ཤུགས་འཛུགས་སྐྲུན་གྱི་བར་ཁྱད་ཅུང་ཆེ་བ་སོགས་ཀྱི་དབང་གིས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་བླངས་བའི་ཕན་འབྲས་དེ་འདྲ་བརྟན་འཇགས་མིན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྔར་བཞིན་འབུར་ཐོན་གྱི་གནད་དོན་དང་འགྲན་རྩོད་དྲག་པོར་འཕྲད་ཡོད།

རྒྱལ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་བྱེད་པའི་ཕྱོགས་སུ། ས་ཁུལ་ལ་ལས་གོ་རིམ་མེད་པར་གསར་སྤེལ་དང་ཚད་བརྒལ་ངང་གསར་སྤེལ། ཐར་ཐོར་དུ་གསར་སྤེལ་བྱེད་པ་བཅས་ཀྱིས་ཞིང་ས་བཟང་པོ་དང་སྐྱེ་ཁམས་ཀྱི་བར་སྟོང་བཀོལ་སྤྱོད་མང་དྲགས་པ་དང་། ཁོར་ཡུག་ཐོན་ཁུངས་གི་ཐེག་ནུས་ཇེ་དམར་བཏང་བས།  ཁོར་ཡུག་འབག་བཙོག་དང་སྐྱེ་ཁམས་གཏོར་བརླག་གི་གནད་དོན་བྱུང་། ཉེ་བའི་ལོ་འདི་འགར། རང་རྒྱལ་གྱིས་གཙང་བོ་དང་ཆུ་བོ་ཆེན་པོའི་གཞུང་རྒྱུན་གྱི་ཆུ་སྤུས་བརྟན་བརླིང་ངང་ལེགས་བཅོས་བྱས་མོད། འོན་ཀྱང་བཞུར་རྒྱུན་མི་ཉུང་བ་ཞིག་གི་འབག་བཙོག་གནད་དོན་ད་དུང་ཐག་གཅོད་བྱས་ཐུབ་མེད། ས་ཁུལ་ཁག་ཅིག་གིས་བརླན་སའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གསོ་སྤེལ་ར་བ་ཆེན་པོ་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཏང་།

ཐོན་ཁུངས་དོ་དམ་དང་གྲོན་ཆུང་བྱེད་པའི་ཕྱོགས་སུ། ས་ཁུལ་ཁག་ཅིག་གི་ཐོན་ལས་གྲུབ་ཚུལ་དང་ནུས་ཁུངས་གྲུབ་ཚུལ་ལུགས་མཐུན་མིན་པ་དང་། ཐོན་ཁུངས་འཕྲོ་བརླག་ཚབས་ཆེ་བ། བཀོལ་སྤྱོད་ཀྱི་ཚད་མི་འདང་བ། ཁྱད་པར་དུ་རང་བྱུང་ཐོན་ཁུངས་དང་ཐོན་རྫས་ཀྱི་རིན་གོང་མི་མཐོ་བ། ཐོན་སྐྱེད་གསར་སྤེལ་ཀྱི་མ་རྩ་དེ་སྤྱི་ཚོགས་ཀྱི་མ་རྩ་ལས་དམའ་བ། སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་འབྲས་མི་ཐོབ་པ་བཅས་ཀྱི་གནད་དོན་སྔར་བཞིན་གནས་ཡོད།

ཐོན་ཁུངས་སྐྱིན་ཚབ་ཡོད་པའི་བཀོལ་སྤྱོད་དང་སྐྱེ་ཁམས་ཁ་གསབ་བྱེད་པའི་ཕྱོགས་སུ། ས་ཁུལ་ཁག་ཅིག་གིས་ཐོན་ཁུངས་སྐྱིན་ཚབ་ཡོད་པའི་བཀོལ་སྤྱོད་དང་སྐྱེ་ཁམས་ཁ་གསབ་སོགས་ཀྱི་ལམ་ལུགས་དངོས་འབེབས་བྱས་པ་མི་འདང་བས། ལྟ་སྐུལ་དོ་དམ་འགན་ནུས་ཕན་ཚུན་སྣོལ་བ་དང་། འགན་དབང་གཅིག་མཐུན་མིན་པ། ཁྲིམས་འགལ་མ་རྩ་དམའ་བ་བཅས་ཀྱི་གནད་དོན་གནས་ཡོད།

སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་མགོ་ཁྲིད་དང་དོ་དམ་ལ་ཤུགས་སྣོན་བྱེད་པའི་ཕྱོགས་སུ། ས་ཁུལ་ཁག་ཅིག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱས་འབྲས་གདེང་འཇོག་འཐུས་ཚང་མིན་པ་དང་། འགན་འཁྲི་དངོས་འབེབས་དོན་ཐོག་ཏུ་འཁྱོལ་མེད་པས། ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་ཚད་མི་འདྲ་བར་གནས་ཡོད།

མིག་སྔར། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནོན་ཤུགས་ཆེ་ཞིང་ལས་འགན་ལྕི་བའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་ལ། སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་མང་པོ་འདོན་སྤྲོད་བྱས་ནས་མི་དམངས་ཀྱི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བའི་མཁྲེགས་གཏོར་དུས་སྐབས་སུ་ཞུགས་པ་དང་། ཆ་རྐྱེན་ལྡན་ཞིང་ནུས་པ་ཡོད་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་དུས་སྐབས་སུའང་ཞུགས་ཡོད་པས། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གཏིང་ཟབ་ཏུ་སྐུལ་འདེད་བྱེད་པ་དང་། འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་མཐའ་གཅིག་ཏུ་སྤེལ་ནས། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་དགོས།

སྐྱེ་ཁམས་དཔལ་ཡོན་མ་ལག་འཛུགས་པར་གྲོན་ཆུང་སྔོན་འགྲོ་ཡིན་པ་དང་། སྲུང་སྐྱོབ་སྔོན་འགྲོ་ཡིན་པ། རང་བྱུང་སླར་གསོ་གཙོ་བོ་ཡིན་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་རིན་ཐང་ལྟ་བ་ཚད་གཞིར་འཛིན་པའི་སྐྱེ་ཁམས་རིག་གནས་མ་ལག་དང་། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གཙོ་བོ་ཡིན་པའི་སྐྱེ་ཁམས་དཔལ་འབྱོར་མ་ལག  སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པ་དཀྱིལ་སྙིང་ཡིན་པའི་དམིགས་འབེན་འགན་འཁྲིའི་མ་ལག བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་ཏུ་བསྒྱུར་བ་འགན་སྲུང་བྱེད་པའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག   སྐྱེ་ཁམས་མ་ལག་གི་འཁོར་སྐྱོད་ལེགས་པོ་དང་ཁོར་ཡུག་གི་ཉེན་ཁ་ནུས་ཡོད་སྒོས་འགོག་སྲུང་བྱེད་པ་གཙོ་གནད་ཡིན་པའི་སྐྱེ་ཁམས་བདེ་འཇགས་མ་ལག་བཅས་མགྱོགས་མྱུར་ངང་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་མ་ལག་མགྱོགས་མྱུར་ངང་བཙུགས་ཏེ། 2035ལོའི་བར་དུ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྩ་བའི་ཆ་ནས་ཇེ་བཟང་དུ་འགྲོ་བ་མངོན་འགྱུར་དང་། མཛེས་སྡུག་གི་ཀྲུང་གོའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་པ་དང་། དུས་རབས་འདིའི་དུས་དཀྱིལ་བར་དུ་དངོས་པོའི་དཔལ་ཡོན་དང་ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་ཁྱོན་ཡོངས་ནས་མཐོར་འདེགས་འབྱུང་བ་དང་། ལྗང་མདོག་འཕེལ་རྒྱས་བྱེད་སྟངས་དང་འཚོ་བ་རོལ་སྟངས་ཡོངས་ཁྱབ་ཏུ་གྲུབ་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་ཁྱོན་ཡོངས་ནས་མངོན་འགྱུར་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འགྲུབ་པར་བྱེད་པར་ཁག་ཐེག་བྱེད་དགོས།

ཁྱོན་ཡོངས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར།  ངེས་པར་དུ་ལྗང་མདོག་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཏེ། འབྱུང་ཁུངས་ནས་དམ་འཛིན་དང་བྱེད་ཐབས་ནན་མོ་སྤྱད་དེ། ནང་གནས་གྱི་སྒུལ་ཤུགས་རྐྱེན་སྲོལ་གྲུབ་པར་བྱེད་དགོས། དཔལ་འབྱོར་གྲུབ་ཚུལ་དང་ནུས་ཁུངས་གྲུབ་ཚུལ་གནད་སར་བཟུང་ནས་ལེགས་སྒྲིག་བྱེད་པ་དང་། རྒྱལ་ཁོངས་བར་སྟོང་གསར་སྤེལ་གྲུབ་ཚུལ་ལེགས་བཅོས་བྱེད་པ། ས་ཁོངས་དང་ཆུ་རྒྱུན་འབབ་ཡུལ་གྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་དང་ཐོན་སྐྱེད་གཙང་མའི་ཐོན་ལས། ནུས་ཁུངས་གཙང་མའི་ཐོན་ལས་བཅས་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་དགོས། ཐོན་ཁུངས་ཁྱོན་ཡོངས་ནས་གྲོན་ཆུང་དང་འཁོར་སྐྱོད་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ཏེ། ཐོན་སྐྱེད་དང་འཚོ་བའི་འཁོར་སྐྱོད་སྦྲེལ་ཐག་མངོན་འགྱུར་བྱེད་དགོས། གྲོན་ཆུང་སྟབས་བདེ་དང་ལྗང་མདོག་ཐྭན་ཉུང་གི་འཚོ་བ་རོལ་སྟངས་དར་སྤེལ་བྱེད་པ་དང་། རྒྱས་སྤྲོས་ཆུད་ཟོས་དང་ལུགས་མཐུན་མིན་པའི་འཛད་སྤྱོད་ལ་ངོ་རྒོལ་བྱེད་དགོས། མིག་སྔར། རང་རྒྱལ་གྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་ཕན་འབྲས་ངེས་ཅན་ཞིག་བླངས་ཡོད། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་སུམ་བརྒྱ་སོ་བརྒྱད་ཀྱི་མཁའ་དབུགས་ཀྱི་སྤུས་ཚད་ཇེ་བཟང་དུ་སོང་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གཏིང་ཟབ་ཏུ་སྐུལ་འདེད་བཏང་ཏེ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་ཤུགས་ཆེན་པོས་མཐོར་འདེགས་གཏོང་བ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན། སྲིད་གཞུང་གཙོ་ཁྲིད་དང་ཁེ་ལས་སྲོག་ཤིང་ཡིན་པ། སྤྱི་ཚོགས་རྩ་འཛུགས་དང་སྤྱི་དམངས་མཉམ་དུ་ཞུགས་པའི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་པ་དང་། ཚོང་ར་ཅན་གྱི་བྱེད་ཐབས་བཀོལ་སྤྱོད་གང་ལེགས་བྱེད་པ། ཐོན་ཁུངས་ཁོར་ཡུག་གི་རིན་གོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བྱེད་ཐབས་སྣ་མང་སྤྱད་དེ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ལས་གཞིར་རྒྱབ་སྐྱོར་བྱེད་པ། ལས་གཞི་ཆེན་པོའི་ཚན་རྩལ་མཁྲེགས་གཏོར་རྒྱ་བསྐྱེད་དེ། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཆེན་པོར་ཐབས་ཇུས་རང་བཞིན་གྱི་ཞིབ་འཇུག་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་རྒྱུན་རྣམ་ཅན་གྱི་དོ་དམ་ཁྲོད་བཀོད་ནས། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་མགྱོགས་མྱུར་དུ་སྤེལ་བ་དང་། འགྲེམ་སྤེལ་བྱས་པའི་བཅོས་སྒྱུར་བྱེད་ཐབས་དངོས་འབེབས་དམ་འཛིན་བྱས་ཏེ། ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ་འགག་གནད་དུ་བརྩིས་ཏེ།  ཆུའི་འབག་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང་། ས་རྒྱུའི་འབག་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། ཞིང་སྡེའི་ཁོར་ཡུག་ལེགས་སྒྲིག་བཅོས་སྐྱོང་བྱ་སྤྱོད་མུ་མཐུད་དུ་སྤེལ་ནས། མཛེས་སྡུག་གི་ཞིང་སྡེ་གསར་སྐྲུན་དང་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཡོང་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་གཏོང་དགོས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།