སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཁྲོད་ཀྱི་ཀྲུང་གོའི་བློ་གྲོས།
2018.12.03 ཁུངས། མི་དམངས་དྲ་བ། ཀློག་གྲངས། 45

 དུས་ཡུན་ཉིན་13གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཐེངས་བཅུ་བཞི་པ་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཨེ་ཅིབ་ཀྱི་མཚོ་འགྲམ་གྲོང་ཁྱེར་ཧྲ་མུའུ་ཧྲ་དབྱི་ཧེར་འཚོགས་པ་དང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་190ལྷག་ཙམ་གྱི་འཐུས་མི་ཚོགས་འདུར་ཞུགས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་ཆེད་མཉམ་དུ་ཐབས་ཇུས་བཏོན་པ་རེད།

ཚོགས་འདུའི་གྲོས་རིམ་ལ་བལྟས་ཚེ“ཧྲ་མུའུ་ཧྲ་དབྱི་ཧེ་ནས་པེ་ཅིན་བར་གྱི་བྱ་སྤྱོད་གྲོས་རིམ”དང“ཀྲུང་གོའི་ཁེ་ལས་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཉམ་ལས་འབྲེལ་བ”སོགས་ཀྲུང་གོ་དང་ཐད་ཀར་འབྲེལ་བ་ཡོད་པའི་བརྗོད་དོན་གཙོ་བོའི་ཚོགས་འདུ་དེའི་གྲས་སུ་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཀྱི་ཁྲིད་སྟོན་འོག ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ཁྱབ་ཁོངས་ཁྲོད་རང་ཉིད་ཀྱི་བློ་གྲོས་སྐྱེས་སུ་ཕུལ་ཡོད།

ཀྲུང་གོ་ནི་འཛམ་གླིང་ཐོག་གི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པའི་རྒྱལ་ཁབ་གྲས་ཤིག་ཡིན་ལ། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ནང་ཞུགས་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཀྱང་རེད།

ཀྲུང་གོའི་སྣོད་བཅུད་ཁོར་ཡུག་པུའི་པུའུ་ཀྲང་གཞོན་པ་ཧོང་རུན་ཆིའུ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་དུ་ལེན་སྐབས། ཀྲུང་གོ་སྲིད་གཞུང་གིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ཁྱབ་ཁོངས་སུ་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་བྱས་པའི་ཁྲོད་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་། 《ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་འཐབ་ཇུས་དང་བྱ་སྤྱོད་འཆར་འགོད(2011-2030ལོ)》ཡོངས་བསྒྲགས་བྱེད་པ་དང་ཆབས་ཅིག་ལག་བསྟར་བྱ་རྒྱུ། སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་འཇལ་དྲ་རྒྱ་འཛུགས་པ་སོགས་ཚུད་ཡོད་ཅེས་དེ་ལྟར་བཤད།

ཡུན་ནན་དང་ཧུའུ་པེ་སོགས་ཞིང་ཆེན་ཚུད་པའི་ཀྲུང་གོའི་ས་གནས་མང་པོ་ཞིག་གིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་སྲོལ་ཡིག་བརྒྱུད། སྲུང་སྐྱོབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་ནས་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱེད་པའི་མ་ལག་བཙུགས་པ་རེད།

ཀྲུང་གོས་ད་དུང་ཁེ་ལས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ཁྲོད་ཞུགས་པར་སྐུལ་འདེད་གཏོང་དང་ཟུང་དུ་འབྲེལ་དེ། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》རྒྱལ་ནང་དུ་ལག་བསྟར་བྱེད་པའི་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཡོད།

ཉེ་ལམ།  ཧྲ་མུའུ་ཧྲ་དབྱི་ཧེ་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་སུ་འཚོགས་པའི“ཀྲུང་གོའི་ཁེ་ལས་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཉམ་ལས་འབྲེལ་བ”ཞེས་པའི་བརྗོད་དོན་གཙོ་བོའི་ཚོགས་འདུར་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་དང་ཕྱི་རྒྱལ་གྱི་ཁེ་ལས་དང་དེ་བཞིན་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་འཐུས་མི་བཅས་ཞུགས་ཤིང་། ཚོགས་འདུའི་ཐོག་ཀྲུང་གོའི་ཁེ་ལས་ཁ་ཤས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ཁྲོད་ཞུགས་པ་དེ་དཔེ་གཞིར་བྱས་ནས་ཚོགས་ཞུགས་ཕྱོགས་ཁག་ལ་དཔྱད་གཞིར་འཛིན་འོས་པའི“ཀྲུང་གོའི་མ་དཔེ”འདོན་སྤྲོད་བྱས་པ་རེད།

ནང་སོག་དབྱི་ལིས་ཁེ་ལས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་ལག་བསྟར་འགོ་གཙོ་ཀྲང་ཅན་ཆིའུ་ཡིས་གསར་འགོད་པར“ང་ཚོས་གཙོ་བོ་སྲུང་སྐྱོབ་ཀྱི་འཕེལ་རིམ་དུས་ཐོག་ཏུ་ཡོངས་བསྒྲགས་དང་། རྒྱུན་སྲིང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་བཙུགས་ནས་སྣེ་ཁྲིད་དེ་དོ་དམ་བྱེད་པ། སྤྱི་དམངས་ལ་ཕྱོགས་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཤེས་བྱ་ཁྱབ་གདལ་གཏོང་བ་སོགས་དཔེ་དབྱིབས་བརྒྱུད་དེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ནང་ཞུགས་ཡོད”ཅེས་དེ་ལྟར་བཤད་བྱུང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ལག་བསྟར་དྲུང་ཡིག་ཁི་ལིས་སི་ཏི་ཨན་ན·ཕ་སི་ཁ·ཕར་མོས་སྐྱེ་དངོས་སྣ་མང་རང་བཞིན་དང་ཁེ་ལས་ཀྱི་དཔལ་འབྱོར་ཁེ་ཕན་བར་ཕན་ཚུན་ཤུགས་རྐྱེན་ཐེབས་པ་དང་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན་ཞིང་། རྒྱུན་སྲིང་ངང་འཛད་སྤྱོད་དང་ཐོན་སྐྱེད་བྱེད་པ་བརྒྱུད་ད་ཡོད་ཀྱི་དཔལ་འབྱོར་དཔེ་དབྱིབས་ལ་འགྱུར་ལྡོག་གཏོང་བ་དང་འབྲེལ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་ན་ཁེ་ལས་ལ་དེ་མཚུངས་ཀྱི་ཁེ་ཕན་ཆེན་པོ་བསྐྲུན་ཐུབ་པའི་ངོས་འཛིན་བྱས་པ་རེད།

སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ལག་ལེན་ཐད་ཚན་རིག་ལག་རྩལ་གྱི་འགན་ལེན་དང་རོགས་སྐྱོར་ནི་ཁ་བྲལ་ཐབས་མེད། ཀྲུང་གོའི་ཞིབ་འཇུག་སྒྲིག་གཞི་མང་པོ་ཞིག་གིས་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་ཐད་རང་ཉིད་ཀྱི་བློ་གྲོས་གཅིག་རྗེས་གཉིས་མཐུད་ངང་སྐྱེས་སུ་འབུལ་བཞིན་ཡོད།

ད་ལོའི་ཟླ་གསུམ་པར་ཀྲུང་གོའི་དུས་རབས་གསར་པའི་རྒྱང་རིང་རྒྱ་མཚོ་ཆེན་མོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་གྲུ་གཟིངས“ཚན་རིག”རྟགས་ཅན་ནུབ་ཀྱི་ཞི་བདེ་རྒྱ་མཚོར་བསྐྱོད་དེ་མའེ་ཀྲེ་ལུན་མཚོ་རིའི་འཁོར་སྦྲེལ་ཐོག་གི་མིའི་རིགས་ཀྱིས་འཚོལ་ཞིབ་དང་བརྟག་དཔྱད་ཐུབ་མེད་པའི་རྒྱ་མཚོའི་མཚོ་རི་འཚོལ་ཞིབ་བྱུང་པ་རེད། ཐེངས་དེའི་མཚོ་རི་ཕྱོགས་བསྡུས་བརྟག་དཔྱད་བྱས་པ་དེས་མཚོ་རིའི་སྣོད་བཅུད་མ་ལག་སྔར་བས་ཤེས་རྟོགས་ཐུབ་པ་དང་། མཚོ་རིའི་སྐྱེ་དངོས་སྣ་མང་རང་བཞིན་དང་བརྒྱུད་སྦྲེལ་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་ཕྱིན་ཡོད་ལ་རྗེས་ཕྱོགས་མའེ་ཀྲེ་ལུན་མཚོ་རིའི་འཁོར་སྦྲེལ་དུ་རྒྱལ་སྤྱིའི་མཉམ་ལས་ཀྱི་རྒྱ་མཚོ་སྲུང་སྐྱོབ་ཁུལ་འཛུགས་པ་སོགས་དུས་འགོའི་གྲ་སྒྲིག་བྱ་བ་བསྒྲུབས་ཡོད་པ་རེད། ད་ལོའི་ཟླ་10པར་ཀྲུང་གོ་ཚན་རིག་གླིང་པེ་ཅིན་གཞི་རྒྱུ་ཚན་ཆུང་ཞིབ་འཇུག་ཁང་ལ་བརྟེན་ནས་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་དང་བདེ་ཐང་གི་གྲངས་གཞི་ཆེན་པོའི་མནའ་འབྲེལ་པེ་ཅིན་ཏུ་དངོས་སུ་བཙུགས་པ་རེད། མནའ་འབྲེལ་དེའི་ཁོངས་མི་གཙོ་བོ“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་ནས་ཡིན་པ་དང་། མནའ་འབྲེལ་གྱི་དམིགས་ཡུལ་ནི་གྲངས་གཞི་དང་ཤེས་བྱའི་མཛོད་རིགས་མང་པོ་ཡོད་པའི་འཛམ་གླིང་རིམ་པའི་སྐྱེ་དངོས་སྣ་མང་རང་བཞིན་དང་བདེ་ཐང་གྲངས་གཞི་ཆེ་མོའི་ལྟེ་གནས་འཛུགས་ཆེད་རེད། མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་འབྱུང་ཡུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པ་མ་ཟད། ཨེ་ཤེ་ཡའི་སྣོད་བཅུད་བདེ་འཇགས་སྲུང་བའི་ཡོལ་བ་གལ་ཆེན་ཞིག་ཀྱང་ཡིན། ད་ལོའི་ཚུན་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཚན་རྩལ་ཆེད་གཉེར་ལས་གཞི་ཆེན་པོ་ཞིག་མགོ་བརྩམས་ནས་སྣོད་བཅུད་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡའི་མ་ལག་ལ་གཞི་ཚུགས་ནས་སྐར་མའི་གོ་ལ་དང་། བར་སྣང་། སའི་གོ་ལ་བཅས་གཞི་གཅིག་ཅན་གྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་དང་གྲངས་གཞིའི་ལས་སྟེགས་བཙུགས་ཏེ། རྒྱལ་ཁབ་སྤྱི་གླིང་དོ་དམ་དང་སྣོད་བཅུད་བདེ་འཇགས་ཐབས་ཇུས་ལ་གཞི་གྲངས་ཅན་དང་སྤུས་ལེགས་ཚད་མཐོའི་བར་སྟོང་ཆ་འཕྲིན་གྱི་རྒྱབ་སྐྱོར་དང་ཞབས་ཞུ་བྱས་ནས། ས་ཁོངས་ནང་སྐྱེ་དངོས་སྣ་མང་རང་བཞིན་ཚུད་པའི་སྣོད་བཅུད་རྒྱུ་རྐྱེན་གཙོ་བོ་རྒྱུན་སྲིང་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་བ་རེད།

གཞན་ཡང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་7པའི་ཐོག《མཚོ་སྔོན་ཞིང་ཆེན་གྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་མ་ལོན་ཚེ་སྲིད་གཞུང་གི་འགན་གཙོ་བོ་འཁུར་མཁན་སྐོང་འདྲི་བྱ་རྒྱུ་ཡིན་པ་རེད།

《མཚོ་སྔོན་ཞིང་ཆེན་གྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》ནང་གཏན་འབེབས་བྱས་དོན། རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་གཙོ་གནད་ཕྱིར་འབུད་བསྡོམས་འབོར་ཚོད་འཛིན་དམིགས་ཚད་ལས་བརྒལ་བའམ་ཡང་ན་རྒྱལ་ཁབ་ཀྱིས་འགྲེམ་སྤེལ་བྱས་པའི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ལེགས་གཏོང་གི་དམིགས་ཚད་ལེགས་འགྲུབ་བྱུང་མེད་པའི་ས་ཁུལ་ལ། སྣོད་བཅུད་ཁོར་ཡུག་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ས་ཁུལ་དེའི་མི་དམངས་སྲིད་གཞུང་གི་འགན་གཙོ་བོ་འཁུར་མཁན་སྐོང་འདྲི་བྱ་རྒྱུ་ཡིན་པར་མ་ཟད།  ས་ཁུལ་དེའི་འཕར་སྣོན་བྱུང་བའི་རླུང་ཁམས་ཆེ་མོའི་སྦགས་བཙོག་གཙོ་གནད་ཕྱིར་འབུད་བསྡོམས་འབོར་གྱི་འཛུགས་སྐུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ཡིག་ཆར་ཞིབ་བཤེར་ཆོག་མཆན་འགོད་ མཚམས་འཇོག་རྒྱུ་དང་སྐོང་འདྲིའི་གནས་ཚུལ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་རེད།

སྲོལ་ཡིག་ནང་ད་དུང་གཏན་འབེབས་བྱས་དོན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་ལེགས་གཏོང་དམིགས་ཚད་དང་། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་ལས་འགན་ལེགས་སྒྲུབ་བྱས་ཚད་དེ། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ཡོད་པའི་སྡེ་ཁག་དང་འགན་འཁུར་བ་དང་རིམ་པ་འོག་མའི་མི་དམངས་སྲིད་གཞུང་དང་དེའི་འགན་འཁུར་བའི་དཔྱད་ཞིབ་ནང་དོན་ཁྲོད་དུ་འཇུག་པ་དང་དཔྱད་ཞིབ་གདེང་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས།   དཔྱད་ཞིབ་གདེང་འཇོག་བྱས་འབྲས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།