མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བཅོས་སྐྱོང་གི་མ་དཔེ།
2018.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

 རང་རྒྱལ་དང་ཐ་ན་ཨེ་ཤ་ཡའི་ལྟག་ཆུ་བསྐྱིལ་གསོག་ཁུལ་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཡིན་པའི་གཙང་གསུམ་འབྱུང་ཡུལ་ནི། ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་མུས་བཞི་སྟོང་ཡན་དུ་གནས་ཤིང་། ནམ་ཟླ་ཧ་ཅང་འཁྱག་ལ་སྐྱེ་ཁམས་ཁོར་ཡུག་ཆེས་ཞན་པ་རེད། དུས་རབས་ཉི་ཤུ་བའི་དུས་མཇུག་ཏུ། མིའི་རིགས་ཀྱི་འགུལ་སྐྱོད་དང་ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་དབང་གིས་ས་དེའི་སྐྱེ་ཁམས་རིམ་བཞིན་ཇེ་ཞན་དུ་གྱུར། 2005ལོར་རང་རྒྱལ་གྱིས་དུས་ཡུན་ལོ་དགུའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་གྱི་མགོ་བཙུགས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་འཕྲལ་བསྟུན་རང་བཞིན་གྱི་སླར་གསོ་དང་སྲུང་སྐྱོབ་བྱེད་མགོ་བརྩམས།

དུས་སྐབས་དང་པོའི་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་ལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཉམས་ཞན་དུ་འགྱུར་བར་ཚོད་འཛིན་ཐེབས་པ་དང་། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གཙོ་བོའི་སྐྱེ་ཁམས་གནས་བབ་ཇེ་བཟང་དུ་གྱུར་བ་རེད་ཅེས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལིས་ཞོ་ནན་གྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་།

འབྲེལ་ཡོད་སྙན་ཞུ་ལས་མངོན་པ་ལྟར་ན། དུས་སྐབས་དང་པོའི་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས་རྗེས། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་སའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་བརྒྱ་ཉེར་གསུམ་ལྷག་འཕར་སྣོན་བྱུང་བ་དང་། ཆུ་དང་བརླན་སའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་བརྒྱ་དོན་དགུ་ལྷག་འཕར་སྣོན་བྱུང་ཞིང་། བྱེ་འགྱུར་སྐྱེ་ཁམས་མ་ལག་གི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་བཞི་བརྒྱ་གོ་གཉིས་ལྷག་ཇེ་ཉུང་དུ་སོང་།

སྐྱེ་ཁམས་གནས་སྤོར་དང་ཕྱུགས་བཀག་རྩྭ་གསོ་སོགས་ཀྱི་སྲིད་ཇུས་ཁྱབ་སྤེལ་བྱས་ནས། ཚད་ངེས་ཅན་ཞིག་གི་སྟེང་ནས་རྩྭ་ས་སླར་གསོ་བྱས། ཡིན་ནའང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་དུས་སྐབས་དང་པོའི་ལས་གཞི་ཁེབས་པའི་ཁྱབ་ཁོངས་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་གཞི་ཁྱོན་གྱི་བརྒྱ་ཆའི་བཞི་ཅུ་ཙམ་ཟིན་ཡོད་ལ། ཉམས་ཞན་དང་བྱེ་མ་ཅན་དུ་གྱུར་བའི་རྩྭ་ས་མང་ཆེ་བ་ཞིག་ད་དུང་བཅོས་སྐྱོང་བྱས་ཐུབ་མེད་པ་དང་། ཨ་བྲ་དང་གནོད་འབུ། དུག་རྩྭ་བཅས་ཀྱི་གནོད་པ་སྔར་བཞིན་གནས་ཡོད། གཞན་ཡང་། འབྲེལ་ཡོད་སྒྲིག་སྲོལ་རྐྱེན་སྲོལ་གྱི་འགལ་བའང་དུས་མཉམ་དུ་བྱུང་ཏེ། འབྲོག་པ་མང་ཚོགས་ཀྱི་འཚོ་གནས་དཀའ་ཁག་ལ་འཕྲད་པ་དང་། ངལ་རྩོལ་ལག་རྩལ་མེད་པས་ཕྱུགས་ཟོག་ཇེ་ཉུང་དུ་བཏང་བའི་མང་ཚོགས་ཁག་ཅིག་གི་ཡོང་འབབ་འཕར་སྣོན་བྱེད་དཀའ་བ་རེད།

2014ལོའི་ཟླ་དང་པོར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་མགོ་བརྩམས་པ་དང་། བཟོ་སྐྲུན་ལག་བསྟར་གཞི་ཁྱོན་དེ་དུས་སྐབས་དང་པོའི་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་ལྔ་སྟོང་གཉིས་སུམ་བརྒྱ་ནས་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་ཁྲི་དགུ་སྟོང་ལྔར་འཕར་སྣོན་བྱུང་། 2015ལོར་གཙང་གསུམ་འབྱུང་ཡུལ་དུ་ཡང་བསྐྱར་རྒྱལ་ཡོངས་ནས་ཐོག་མར་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་སྤེལ་མགོ་བརྩམས།

2016ལོར་ཀྲུང་གོའི་ཐོག་མའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དེ་གཙང་གསུམ་འབྱུང་ཡུལ་དུ་བཙུགས། རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་གཞི་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་ཡིན་པས། གཙང་གསུམ་འབྱུང་ཡུལ་གཞི་ཁྱོན་གྱི་བརྒྱ་ཆའི་སོ་གཅིག་ལྷག་ཟིན་ཡོད།

དེ་ལས་གཙང་གསུམ་འབྱུང་ཡུལ་གྱིས་ཡང་བསྐྱར་གདོད་མའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དཔེ་དབྱིབས་གཏོར་ནས། དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་ཅི་ཡང་མེད་པའི་གནས་ཚུལ་འོག་ཏུ། སྔར་ལས་ཚན་རིག་དང་ཕན་འབྲས་ལྡན་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་འཚོལ་ཞིབ་བྱུང་བ་མཚོན་ཡོད་ཅེས་ད་ལྟའི་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་དེ་ལྟར་བཤད་བྱུང་།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཁྲོད་སྔོན་ཆད་ཀྱི་འགན་ནུས་ཕན་ཚུན་སྣོལ་བ་དང་མང་པོས་མཉམ་དུ་དོ་དམ་བྱེད་པ། ཐར་ཐོར་ཅན་བཅས་ཀྱི་རང་བྱུང་ཐོན་ཁུངས་དོ་དམ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དཔེ་དབྱིབས་གཏོར་ནས། ཚན་རིག་ལྟར་ངོ་བོ་གཏན་འཁེལ་དང་སྤྱི་ཡོངས་ནས་སྲུང་སྐྱོབ། རྒྱལ་ཁབ་ཀྱིས་གཙོ་ཁྲིད། མཉམ་དུ་ཞུགས་པ་བཅས་ཀྱི་དཔེ་དབྱིབས་གསར་བ་གྲུབ།

2016ལོའི་ཟླ་དྲུག་པའི་ཚེས་བདུན་ཉིན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དངོས་སུ་བཙུགས་ནས་སྒོ་བྱང་བཀལ་བ་དང་། སྒྲིག་སྲོལ་ཚོད་ལྟ་དངོས་སུ་ལག་བསྟར་བྱས་རྗེས་ཀྱི་ཟླ་གཅིག་མ་འགོར་བའི་དུས་ཡུན་ནང་། གླིང་ཁུལ་གྱིས་ཁོངས་གཏོགས་རྫོང་བཞིའི་རྒྱལ་ཁོངས་མངའ་ཁོངས་དང་ཁོར་སྲུང་། ཞིང་ཕྱུགས་སོགས་སྡེ་ཁག་གི་སྒྲིག་ལུགས་དང་འགན་ནུས། ཁྲིམས་འཛིན་སྟོབས་ཤུགས་ཧྲིལ་བསྡུས་བྱས་ནས། ཞིང་ཆེན་དང་ཁུལ། རྫོང་། ཞང་བཅས་ལ་ཁེབས་པའི་རིམ་པ་བཞིའི་ཐར་ཀར་དུ་གཅིག་གྱུར་བྱེད་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་གཞི་བཙུགས་པར་མ་ཟད། སྡེ་བ་སོ་སོ་ནས་འབྲོག་དམངས་སྐྱེ་ཁམས་ལྟ་སྲུང་རུ་ཁག་བཙུགས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་འབྲི་སྟོད་དོ་དམ་ཁྲུའུ་ཡི་ཆེད་གཉེར་ཀྲུའུ་རིན་གཞོན་པ་ཚེ་རིང་ནོར་བུ་ཡིས་བཤད་རྒྱུར། ས་ཁོངས་དང་མཐའ་ཁུལ་གྱི་བཀག་རྒྱ་གཏོར་ནས་ཐད་ཀར་དུ་གཅིག་གྱུར་དོ་དམ་བྱེད་པ་མངོན་འགྱུར་བྱས་པའི་ཚུན་ལ། གླིང་ཁུལ་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་ཕན་ནུས་ཆེས་ཆེར་མཐོར་འདེགས་བྱུང་ཡོད་ཟེར།

དེའི་རྗེས་སུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་སྲུང་སྐྱོབ་ས་ཁུལ་མང་པོའི་བྱེད་ནུས་བསྐྱར་སྒྲིག་བྱས་ཏེ། སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་ལྷག་ཡོད་པའི་རྒྱལ་ཁབ་སྤྱི་གླིང་དེ་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་གླིང་ཁུལ་གསུམ་དུ་བགོས་པ་དང་། སོ་སོར་སྲུང་སྐྱོབ་ཀྱི་སྒྲིག་གཞི་བཙུགས་ནས། གླིང་ཁུལ་སོ་སོའི་སྐྱེ་ཁམས་མ་ལག་གི་ཁྱད་ཆོས་ལྟར་དམིགས་གཏད་རང་བཞིན་ལྡན་པའི་སྲུང་སྐྱོབ་ལག་བསྟར་བྱས།

མི་རབས་ནས་མི་རབས་བར་རྩྭ་ཆུར་བསྙེགས་ནས་འཚོ་བ་རོལ་བའི་འབྲོག་པ་མང་ཚོགས་ལ་མཚོན་ནས་བཤད་ན། ཕྱུགས་འཚོ་བ་ནི་མི་མང་ཆེ་བའི་འཚོ་བཞེས་ཀྱི་བྱེད་ཐབས་ཁོ་ན་ཡིན་པ་རེད། ཇི་ལྟར་ཕྱུགས་འགོག་པ་དང་ཕྱུགས་ཇེ་ཉུང་དུ་བཏང་རྗེས་ཀྱི་འབྲོག་པ་མང་ཚོགས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་དོ་དམ་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་ཏེ། ཁོ་ཚོར་དེའི་ཁྲོད་ནས་ཕན་ཁེ་ཐོབ་པ་དང་། དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་འཇུག་པ་ནི། སྒྲིག་སྲོལ་ཚོད་ལྟའི་སྐབས་སུ་ལེགས་པོར་བསྒྲུབ་དགོས་པའི་ལས་དོན་གཞན་ཅིག་རེད། ལིས་ཞའོ་ནན་གྱིས་གསར་འགོད་པར་བཤད་རྒྱུར། 2016ལོ་ནས་མགོ་བརྩམས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཁྲོད་སྐྱེ་ཁམས་ལྟ་སྲུང་པའི་སྤྱི་ཕན་ལས་རྐང་གསར་འཛུགས་བྱས་པར་མ་ཟད། རིམ་བཞིན་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་མངོན་འགྱུར་བྱས་ཤིང་། སྐྱེ་ཁམས་ལྟ་སྲུང་པ་དེ་སྔོན་མ་བྱས་ནས་དབུལ་ཕོངས་ཁྱིམ་ཚང་གི་ཁྲོད་ནས་གདམ་གསེས་བྱས་ཏེ། ཁྱིམ་ཚང་གཅིག་ལ་ལྟ་སྲུང་པ་གཅིག་རེ་ཡོད་པ་དང་། གསོ་སྦྱོང་བྱས་ནས་ལས་རྐང་དུ་ཞུགས་རྗེས་ཟླ་རེར་གླ་ཕོགས་བྱིན་ཏེ། ལོ་མཇུག་ཏུ་དཔྱད་ཞིབ་བྱས་པ་ཡིན་ལ། ས་རྒྱ་ཆེ་ཞིང་མི་ཉུང་བའི་གཙང་གསུམ་འབྱུང་ཡུལ་དུ་དྲ་མིག་ཡོངས་སུ་ཁེབས་པའི་སྐྱེ་ཁམས་ལྟ་སྲུང་མ་ལག་གིས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད་ཟེར།

ད་ལོ་ལོ་སུམ་ཅུ་ཡིན་པའི་སྒྲོལ་མ་སྐྱབས་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་མདོ་ཕྱུག་སྡེ་བའི་སྡེ་མི་ཡིན་ཞིང་། 2016ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་བསྡུ་ལེན་བྱས་པའི་སྐྱེ་ཁམས་ལྟ་སྲུང་པར་གྱུར་རྗེས། ཟླ་རེར་གླ་ཕོགས་སྟོང་གཅིག་དང་བརྒྱད་བརྒྱ་ཡོད་པ་རེད།

མིག་སྔའི་བར་དུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སྐྱེ་ཁམས་སྤྱི་ཕན་ལས་རྐང་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་བཙུགས་ཏེ། ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་མངོན་འགྱུར་བྱས་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ལོ་རེར་ཡོང་སྒོ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་འཕར་སྣོན་བྱུང་།

གཞན་ད་རུང་། 2017ལོའི་ཟླ་གསུམ་པར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྲིམས་ར་བཙུགས་ནས། དམངས་དོན་དང་ཉེས་དོན། སྲིད་འཛིན་བཅས་འདྲི་ཞིབ་གསུམ་སྒྲིལ་གྱི་འདྲི་གཅོད་དཔེ་དབྱིབས་ཀྱིས་སྐྱེ་ཁམས་ཐད་ཀྱི་གྱོད་གཞི་སྣ་ཚོགས་ལ་ཁྲིམས་ལྟར་འདྲི་ཞིབ་བྱས།

བྱེད་ཐབས་དེ་དག་བརྒྱུད་ནས། མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་དེ་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མ་དཔེར་འགྱུར་བར་འབད་བརྩོན་བྱེད་བཞིན་ཡོད། ལིས་ཞའོ་ནན་གྱིས་བཤད་རྒྱུར། མིག་སྔའི་བར་དུ། སྤྱི་གླིང་གི་སྒྲིག་སྲོལ་བཅོས་སྒྱུར་བྱ་བ་སྣ་ཚོགས་ནུས་ཡོད་སྒོས་དངོས་འབེབས་བྱས་པ་དང་། 2020ལོའི་སྔ་གཞུག་ཏུ་རྒྱལ་ཁབ་སྤྱི་གླིང་ཡོངས་གྲུབ་བྱེད་པར་བརྩོན་ལེན་གང་ཐུབ་བྱེད་རྒྱུ་ཡིན་ཟེར།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱས་ནས་ལོ་གཉིས་ཀྱི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་ཕུགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ། སྤོབས་པ་ཆེན་པོས་ཚོད་ལྟ་དང་། དམ་འཛིན་སྒོས་མདུན་དུ་བསྐྱོད་ནས། གཙང་གསུམ་འབྱུང་ཡུལ་དུ་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ། སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ཁུལ། རང་བྱུང་ཤུལ་བཞག་ས་ཁུལ་བཅས་གཞི་གཅིག་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་ཅིག་རིམ་བཞིན་བཙུགས།

2017ལོའི་ཟླ་བརྒྱད་པའི་ཚེས་གཅིག་ཉིན། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ཏེ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་བྱེད་ཆེད་བཙུགས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མར་གྱུར། 《སྲོལ་ཡིག》གི་ནང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་ཁུལ་དུ་གཏེར་ཁ་སྔོག་འདོན་དང་ཤིང་སྡོང་གཅོད་པ། རི་དྭགས་རྔོན་པ་སོགས་གཏན་འགོག་བྱེད་པར་མ་ཟད། གླིང་ཁུལ་གྱི་དམངས་ཚིས་ལེགས་བཅོས་དང་སྤྱི་ཚོགས་གོ་རིམ་ལྡན་པའི་ངང་ཞུགས་པ་སོགས་ཀྱི་ཐད་གསལ་བོར་གཏན་འཁེལ་བྱས་ཡོད།

《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》འགྲེམ་སྤེལ་བྱས་པ་དང་བསྟུན་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་འཆར་འགོད་དང་སྐྱེ་ཁམས་སྲུང་སྐྱོབ། སྐྱེ་ཁམས་ཉམས་ཞིབ། ཁོར་ཡུག་སློབ་གསོ། ཐོན་ལས་འཕེལ་རྒྱས། དམིགས་བསལ་བདག་གཉེར། སྡོད་ཁུལ་འཕེལ་རྒྱས་དང་རྨང་གཞི་སྒྲིག་ཆས་སོགས་ཆེད་དོན་འཆར་འགོད་དག་ཀྱང་སྔ་གཞུག་ཏུ་འགྲེམ་སྤེལ་བྱས། དེ་ལས་གཞན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚན་རྩལ་ཞིབ་འཇུག་ཁྱབ་སྤེལ་དང་སྔོན་རྩིས་དོ་དམ། སྤྱི་ཚོགས་ཞལ་འདེབས་སོགས་དོ་དམ་བྱེད་ཐབས་བཅུ་གཅིག་ཆེད་དུ་པར་སྐྲུན་འགྲེམ་སྤེལ་བྱས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དེ་ཚན་རིག་ཅན་དང་ལམ་ལུགས་ཅན། མ་ལག་ཅན་བཅས་ཀྱི་ཕྱོགས་སུ་གོམ་པ་སྤོས།

རང་བྱུང་སྲུང་སྐྱོབ་ཁུལ་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་བྱེད་པའི་གཙོ་གནད་ཡིན། ཉེ་བའི་ལོ་གཉིས་ཀྱི་རིང་ལ། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རང་བྱུང་སྲུང་སྐྱོབ་ཡན་ལག་ས་ཁུལ་མང་ཆེ་བ་ཞིག་གིས་སྐྱེ་ཁམས་མ་ལག་གི་བྱེད་ནུས་བསྐྱར་སྒྲིག་བྱེད་པ་ཁྱོན་ཡོངས་ནས་མངོན་འགྱུར་བྱས། མཚོ་སྔོན་གྱིས་ད་དུང་ཞིན་ཅང་། བོད་ལྗོངས། ཀན་སུའུ་སོགས་ཁྱིམ་མཚེས་ཞིང་ལྗོངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཉམ་ལས་ཀྱི་བརྗེད་ཐོ་དང་སྲུང་སྐྱོབ་ཁུལ་མཉམ་ལས་མནའ་འབྲེལ་སྒྲིག་ཡིག་སྟེང་མིང་རྟགས་བཀོད་ནས། སྔོན་ཆད་ཀྱི་ཐར་ཐོར་ཅན་དང་དུམ་བུ་ཅན། ཕྱོགས་གཅིག་ཅན་བཅས་ཀྱི་དོ་དམ་དཔེ་དབྱིབས་གཏོར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཉམས་ཞན་དུ་གྱུར་བའི་ས་ཁུལ་སླར་གསོ་བཅོས་སྐྱོང་འཚོལ་ཞིབ་བྱེད་པ་ནི། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལོ་གཉིས་ཀྱི་རིང་ལ། ས་གནས་ཀྱིས་ས་ཁོངས་ཡོངས་རང་བྱུང་སླར་གསོ་དང་བཟོ་སྐྲུན་བཅོས་སྐྱོང་ཕན་ཚུན་ཟུང་དུ་འབྲེལ་བའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱས་པ་དང་།  སྐྱེ་ཁམས་སླར་གསོའི་མ་དངུལ་སྒོར་དུང་ཕྱུར་ཉི་ཤུ་ཙམ་དངོས་འབེབས་བྱས་ཏེ། མིའི་ཐབས་ཀྱིས་རྩྭ་འདེབས་པ་དང་། རྩྭ་སའི་གནོད་ལྡན་སྐྱེ་དངོས་འགོག་སྲུང་། བྱེ་མ་ཅན་བཅོས་སྐྱོང་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱས།

རྒྱང་ཚོར་ལྟ་ཞིབ་ཚད་ལེན་མཇུག་འབྲས་གསར་བ་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་བྱེ་འགྱུར་རྩྭ་སའི་སྔོ་ཁེབས་ཀྱི་ཚད་སྐྱེ་ཁམས་ཉམས་ཞན་ཆེས་ཚབས་ཆེ་བའི་དུས་ཀྱི་བརྒྱ་ཆའི་སོ་གསུམ་དང་གྲངས་ཆུང་གསུམ་དྲུག་ནས་ད་ལྟའི་བརྒྱ་ཆའི་བཞི་ཅུ་ཙམ་དུ་ཇེ་མཐོར་སོང་ཡོད། ཤིང་ནགས་སྐྱེས་ཚད་ཀྱང་ཇེ་བཟང་ཡིན་པའི་རྣམ་པ་བྱུང་ཡོད།

ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་བྱེད་པ་དེ་ཡང་། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་བྱེད་པའི་ཛ་དྲག་གི་ལས་འགན་ཅིག་ཡིན། 2017ལོའི་ཟླ་བདུན་པར། ཨ་ཆེན་གངས་རྒྱབ་དེ་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁྲོད་ཚུད། ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་ནས་ད་ལྟའི་བར། ཨ་ཆེན་གངས་རྒྱབ་གྱིས་འབད་བརྩོན་སྒོས་སྔོན་ཆད་ཀྱི་མི་ཤུགས་བསྐོར་སྲུང་གཙོ་བོ་ཡིན་པའི་སྲུང་སྐྱོབ་བྱེད་སྟངས་བསྒྱུར་ཏེ། ཚན་རྩལ་ཞིབ་འཇུག་གི་འདེགས་སྐྱོར་ལ་ཤུགས་སྣོན་བྱེད་པ་དང་།  དེང་རབས་ཅན་གྱི་བྱེད་ཐབས་བརྒྱུད་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཤུལ་བཞག་དོ་དམ་ལག་བསྟར་བྱས། བཅོས་སྒྱུར་གསར་སྐྲུན་དང་ཚན་རྩལ་བཀོལ་སྤྱོད་གཏིང་ཟབ་ཏུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་བཅོས་སྐྱོང་ཚན་རིག་ཅན་དང་གནད་འཁེལ་ཅན། ནུས་མཐོ་ཅན་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དེ་རིམ་བཞིན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བཅོས་སྐྱོང་སྲུང་སྐྱོབ་བྱེད་མཁན་གྱི་ཐུན་མོང་གི་ངོས་ཟིན་དུ་གྱུར།

མིག་སྔར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཚན་རྩལ་ཆེད་གཉེར་ལས་གཞིའི་མགོ་བརྩམས་པ་དང་། ཐོག་མར་བཙུགས་པའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཉེན་བརྡའི་མ་ལག་ལ་བརྟེན་ནས། བར་སྣང་དང་ས་ངོས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་གཞི་གྲངས་ཀྱི་སྟེགས་བུ་འཛུགས་སྐྲུན་ལག་བསྟར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དོ་དམ་དང་སྐྱེ་ཁམས་བདེ་འཇགས་ཐབས་ཇུས་ལ་གྲངས་ཚད་ཅན་དང་ཞིབ་ཚགས་ཅན་གྱི་བར་སྟོང་ཆ་འཕྲིན་གྱི་རྒྱབ་སྐྱོར་དང་གནད་འཁེལ་ཞབས་ཞུ་འདོན་སྤྲོད་བྱས་ནས། ས་ཁོངས་ཀྱི་སྐྱེ་ཁམས་གཙོ་རྒྱུ་སྣ་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བར་ཡར་སྐུལ་གཏོང་རྒྱུ་རེད།

2018ལོའི་ཟླ་དགུ་བའི་ཚེས་བཅུ་བཞིའི་ཉིན། རྒྱལ་ཁབ་སྤྱི་གླིང་གི་ཞིབ་འཇུག་ཁང་ཐོག་མ་སྟེ་ཀྲུང་གོ་ཚན་རིག་གླིང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་ཟི་ལིང་དུ་དངོས་སུ་བཙུགས་ནས་སྒོ་བྱང་བཀལ། ཞིབ་འཇུག་ཁང་དེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་འཕེལ་རྒྱས་འཛུགས་སྐྲུན་གྱི་དུས་རིམ་དུ་ཞུགས་པའི་རྗེས་མཐུད་བྱ་བ་སྣ་ཚོགས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་ངེས་རེད།

རྒྱུན་སྲོལ་གྱི་རྣམ་པ་གཏོར་བའི་བྱེད་ཐབས་རབ་དང་རིམ་པའི་མཇུག་མཐའི་དམིགས་ཡུལ་ནི། ལས་ཆོད་མཐོ་ཞིང་འགན་དབང་སྔར་ལས་གསལ་བའི་རང་བྱུང་ཐོན་ཁུངས་ཀྱི་འབྱོར་བ་གཅིག་གྱུར་གྱིས་དོ་དམ་བྱེད་པའི་རྣམ་པ་འཛུགས་པ་དང་འཚོལ་ཞིབ་བྱེད་རྒྱུ་དེ་རེད།  ལིས་ཞའོ་ནན་གྱིས་བཤད་རྒྱུར། མིག་སྔའི་གནས་ཚུལ་ལ་བལྟས་ན། ཚོད་ལྟའི་ཁྲོད་འཆར་འགོད་དང་ལམ་ལུགས། ཚན་རྩལ་འདེགས་སྐྱོར། ལྟ་ཞིབ་ཚད་ལེན་གདེང་འཇོག་སོགས་གནས་མང་གཞི་གཅིག་གི་སྤྱི་གླིང་དོ་དམ་སྲུང་སྐྱོབ་མ་ལག་རིམ་བཞིན་བཙུགས་ཏེ། གཙང་གསུམ་འབྱུང་ཡུལ་ལ་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་ཆ་ཚང་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཟེར།

ལོ་ཙཱ་བ། སྒྲོལ་མ་སྐྱིད།