“ཀྲུང་ཧྭའི་ཆུ་མཛོད” སྲུང་སྐྱོབ་བྱས་ནས་གཙང་གསུམ་ཆུ་བོ་དྭངས་གཙང་ཡོང་བར་ཁག་ཐེག་བྱས།
2018.12.07 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 52

 ཉེ་ལམ། མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིན་གྱིས་ལོ་མང་པོར་ཧུར་ཐག་གིས་འཛུགས་སྐྲུན་བྱས་པ་བརྒྱུད།  འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་མགོ་ཁུངས་ས་ཁུལ་དེར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པའི་གད་སྙིགས་བསྐྱེལ་འདྲེན་དང་བདེ་འཇགས་གཙང་སེལ་མ་ལག་ཐོག་མར་གྲུབ་ཏེ། “ཀྲུང་ཧྭའི་ཆུ་མཛོད”ཀྱི་ཆུ་མགོ་ནམ་ཡང་དྭངས་གཙང་ཡོང་བར་ཁག་ཐེག་བྱེད་ཐུབ་པ་མཚོན་ཡོད།

རང་རྒྱལ་གྱི་ཞིང་ཆེན་མི་ཉུང་བ་ཞིག་ཏུ་དྭངས་གཙང་དང་ནུས་ལྡན་གྱི་གད་སྙིགས་གཙང་སེལ་བྱེད་པའི་མ་ལག་སྔ་མོ་ནས་ཁྱབ་ཡོད་ཀྱང་། ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་དང་། རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན་པའི་མཚོ་སྔོན་འབྲོག་ཁུལ་དུ་འཚོ་བའི་གད་སྙིགས་གཙང་སེལ་མ་ཐུབ་པར་ལུས་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་ཁུལ་གྱི་དྭངས་གཙང་ལས་གཞིར་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་ས་ཁུལ་དེའི་གང་སར་སྤུངས་པའི་གད་སྙིགས་ཁྱོན་ཡོངས་ནས་གཙང་སེལ་བྱས་པ་དང་ཆབས་ཅིག གཞུང་ལམ་གྱི་གཡས་གཡོན་དང་། ཆུ་བོའི་འགྲམ་རྒྱུད།  ལྗོངས་ཁུལ། ཞང་དང་གྲོང་རྡལ། སྡེ་བ། སྡེ་ཁུལ་བཅས་ཀྱི་འགྱིག་ཤོག་སྦགས་བཙོག་གཅིག་སྡུད་སྒོས་གཙང་སེལ་བྱས་ནས་ཆུ་མགོ་ཁག་ཅིག་དྭངས་གཙང་ཡོང་བར་བྱས།

འབྲོག་ཁུལ་གྱི་འགྲིམ་འགྲུལ་དྲ་བ་ཇེ་ལེགས་དང་རྨང་གཞིའི་སྒྲིག་བཀོད་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་བསྟུན་ནས་གཙང་གསུམ་འབྱུང་ཡུལ་དུ་རིམ་བཞིན་གད་སྙིགས་བསྐྱེལ་འདྲེན་རླངས་འཁོར་དང་གད་སྙིགས་བླུགས་སྒམ་ཡོད་པས། གད་སྙིགས་གཙང་སེལ་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་པ་ཆེས་ཆེར་ཇེ་མཐོར་སོང་བ་རེད།

རྫ་ཆུའི་མགོ་ཁུངས་སུ་ཡོད་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་གཙང་ཞིང་དག་པའི་གཞུང་ལམ་གཡས་གཡོན་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གད་སྙིགས་བླུགས་སྒམ་བཞག་ཡོད་པ་དང་། རྫོང་མཁར་དང་བར་ཐག་སྤྱི་ལེ་གཅིག་ཡོད་པའི་གད་སྙིགས་གཙང་སེལ་བཟོ་གྲྭས་ཉིན་རེར་གད་སྙིགས་ཏུན་20གཙང་སེལ་བྱེད་ཀྱི་ཡོད།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་སྲིད་གཞུང་གིས་ཆེད་དངུལ་བཏོན་ནས་ཚི་སྣའི་རས་ཁུག་བཟོས་ཏེ་རྫོང་དང་ཞང་།  གྲོང་རྡལ་མཐའ་འཁོར་གྱི་ཚོང་ཁང་དག་ལ་རིན་མེད་པར་བྱིན་ཏེ། “འགྱིག་འགོག་བཀའ་རྒྱ”ལག་བསྟར་བྱས་ཤིང་། ད་ལྟ་རས་ཁུག་འཁྱེར་ནས་ཉོ་སྒྲུབ་བྱེད་པར་བསྐྱོད་རྒྱུ་དེ་ས་གནས་དེའི་དར་སྲོལ་ལེགས་པོ་ཞིག་ཏུ་གྱུར་ཡོད།

རྨ་ཆུའི་མགོ་ཁུངས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སྲིད་གཞུང་གིས་མི་རིགས་ཞག་སྡོད་སློབ་འབྲིང་ཞིག་ཏུ་ཚད་རྡུལ་ནུས་པའི་དྲོད་ཐབ་12བཙུགས་ནས་ཚོད་ལྟ་བྱས་པ་དང་། དུ་ཁུང་དང་། རྡོ་སོལ། དུ་བ་བཅས་མེད་པས་སློབ་མ་ཚོའི་ཉལ་ཁང་སྔར་བས་གཙང་ཞིང་དྲོ་བ་རེད། མ་འོངས་པར། རྫོང་ཡོངས་སུ་ལག་རྩལ་དེ་ཁྱབ་སྤེལ་བྱས་ནས། བཙོག་འབུད་གཅིག་ཀྱང་མེད་པའི་དྭངས་གཙང་ནུས་རྒྱུའི་དྲོད་མཁོ་འདོན་གང་ཐུབ་བྱེད་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། གསར་འགོད་པས་གཙང་གསུམ་འབྱུང་ཡུལ་དུ་བཅར་འདྲི་བྱེད་སྐབས། རོང་འབྲོག་མང་ཚོགས་ཀྱི་སྣོད་བཅུད་སྲུང་སྐྱོབ་འདུ་ཤེས་ལ་འགྱུར་ལྡོག་བྱུང་ནས་མང་ཚོགས་མི་ཉུང་བ་ཞིག་གིས་གཞུང་ལམ་གཡས་གཡོན་དང་ཆུ་བོའི་འགྲམ་གཉིས་སུ་གད་སྙིགས་འཐུ་བཞིན་པ་མཐོང་བྱུང་།

“ཁྱིམ་གཞིས་གཙང་མ་ཡིན་ན་རང་ཉིད་སྐྱིད་པར་མ་ཟད་ཡུལ་སྐོར་བ་ཡོང་ཡང་ངོ་སོ་འདུག”ཅེས་ཨ་ཆེན་གངས་རྒྱབ་ཉེ་འདབས་ཀྱི་འབྲོག་པ་སྒྲོལ་མ་རྒྱལ་གྱིས་དེ་ལྟར་བཤད་བྱུང་། གཙང་གསུམ་འབྱུང་ཡུལ་གྱི་སྣོད་བཅུད་ལྟ་སྲུང་པའི་སྒྲིག་འཛུགས་འོག་སྡེ་བས་གཟའ་འཁོར་རེར་གཙང་སྦྲ་ཆུང་ཆུང་ཐེངས་རེ་དང་ཟླ་བ་རེར་གཙང་སྦྲ་ཆེན་པོ་ཐེངས་རེ་བྱེད་ཀྱིན་ཡོད་ལ། འབྲོག་པ་མི་ཉུང་བ་ཞིག་རང་འགུལ་གྱིས་གཙང་སྦྲའི་བྱ་འགུལ་དེར་ཞུགས་ནས་ད་ལྟའི་བར་དུ་ལོ་གཉིས་འགོར་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་མཇུག་བར། མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གྲོང་རྡལ་དང་སྡེ་བ། གཏན་སྡོད་གཞིས་ཁུལ་བཅས་སུ་གད་སྙིགས་གཙང་སེལ་དང་བདེ་འཇགས་ཐག་གཅོད་མ་ལག་གྲུབ་པར་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དག་གཙང་བཟོ་སྐྲུན་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱེད་རྒྱུ་རེད།

ཉིས་སྟོང་བཅུ་བཞི་ལོ་ནས་བཟུང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ།  མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རོང་འབྲོག་ཁུལ་གྱི་དག་གཙང་བཟོ་སྐྲུན་ལག་བསྟར་བྱེད་འགོ་བརྩམས་པ་དང་།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱིས་གཏན་ཁེལ་བྱས་པའི་ཡུལ་ཤུལ་དང་མགོ་ལོག   མཚོ་ལྷོ།  རྨ་ལྷོ་བཅས་ཁུལ་བཞིའི་རྫོང་ཉེར་གཅིག་དང་།  གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་སོགས་སུ་རིམ་བཞིན་ལག་བསྟར་བྱས་ཏེ་ཞང་དང་གྲོང་རྡལ་བརྒྱ་དང་ང་བརྒྱད་དང་སྡེ་བ་སྟོང་གཅིག་དང་བརྒྱ་ལྷག་ལ་ཁེབས་པར་བྱས་ཡོད།  དག་གཙང་བཟོ་སྐྲུན་འཛུགས་སྐྲུན་གྱི་ནང་དོན་དེ་འཚོ་བའི་གད་སྙིགས་དང་བཙོག་ཆུ་ཐག་གཅོད་བྱེད་པ།  ཆུའི་མགོ་ཁུངས་ས་ཁུལ་ལ་སྲུང་སྐྱོབ་བྱེད་པ།   སྤྱི་བའི་གསང་སྤྱོད་ཁང་འཛུགས་སྐྲུན་བྱེད་པ་ནས་རིམ་བཞིན་གཞུང་ལམ་འགྲམ་རྒྱུད་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སུ་རྒྱ་བསྐྱེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དག་གཙང་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད།  ཉིས་སྟོང་བཅོ་ལྔ་ལོར།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གིས་ས་གནས་རང་གི་མང་ཚོགས་ཀྱིས་གད་སྙིགས་རིགས་བགར་བར་ཡར་སྐུལ་བྱས་ཏེ་གད་སྙིགས་གནོད་པ་མེད་པར་ཐག་གཅོད་བྱེད་པའི་བྱེད་ཐབས་ལག་བསྟར་བྱས།  ཉིས་སྟོང་བཅུ་བདུན་ལོར།  བྱ་བའི་གཙོ་གནད་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་མཐའ་འཁོར་གྱི་བཙོག་ཆུའི་གནད་དོན་ཐག་གཅོད་བྱེད་པ་དང་། མགོ་ལོག་ཁུལ་རྨ་སྟོད་རྫོང་དང་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གཉིས་ཀྱི་འཚོ་བའི་གད་སྙིགས་གནོད་པ་མེད་པར་ཐག་གཅོད་བྱེད་པའི་ཕྱོགས་སུ་བསྒྱུར་ཏེ་གྲུབ་འབྲས་མངོན་གསལ་བླངས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་རང་རྒྱལ་མ་ཟད།  ཐ་ན་ཨེ་ཤ་ཡའི་ལྟག་ཆུ་ཡོད་ས་གཙོ་བོ་ཡིན་པ་དང་།  སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་གཅིག་བསྡུས་ས་ཁུལ་ཡིན་པས།  སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེན་ཟིན་ཡོད། ལོ་བཞིའི་རིང་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྡེ་བ་དང་ཕྱུགས་ར་སོགས་སུ་དག་གཙང་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད་དེ་རོང་འབྲོག་མང་ཚོགས་ས་ཡ་གཅིག་ལྷག་གི་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་རྣམ་པ་མངོན་གསལ་གྱིས་ཇེ་ལེགས་སུ་སོང་སྟེ་ཁོར་ཡུག་ཕན་ནུས་དང་སྤྱི་ཚོགས་ཀྱི་ཕན་ནུས་བཟང་བོ་ཐོབ།

གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱིས་ཁོར་ཡུག་སྲུང་སྐྱོབ་སྤྱི་ཕན་ཐེབས་རྩ་བཙུགས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཙང་སེལ་བྱས།

ཉེ་ལམ།  མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་གཅེས་སེམས་འབུལ་བའི་ཁེ་ལས་ལས་དོན་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཙང་སེལ་གྱི་སྐྱེ་ཁམས་ཆེད་དམིགས་སྤྱི་ཕན་ཐེབས་རྩ་ཚུགས་པའི་མཛད་སྒོ་སྤེལ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཙང་སེལ་གྱི་སྐྱེ་ཁམས་ཆེད་དམིགས་སྤྱི་ཕན་ཐེབས་རྩ་ནི་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཕྱོགས་སོ་སོའི་སྲིད་གཞུང་དང་།  གཅེས་སེམས་འབུལ་བའི་ཁེ་ལས་ལས་དོན་ལས་ཁུངས་དང་།  ཁོར་ཡུག་སྲུང་སྐྱོབ་མི་སྣ་བཅས་ཀྱིས་མ་དངུལ་མཉམ་འཇོག་དང་མཉམ་འབྲེལ་གྱིས་བཙུགས་པ་དང་། ཁོར་ཡུག་སྲུང་སྐྱོབ་སྤྱི་ཕན་རྣམ་གྲངས་ཁྱབ་སྒྲོག་བྱེད་རྒྱུ་དང་བྱ་འགུལ་སྤེལ་རྒྱུ་གཙོ་བོར་བཟུང་ནས།  ཕྱོགས་སོ་སོའི་སྐྱེ་ལྡན་དངོས་རིགས་ཆུང་གྲས་ཉོ་བསྡུ་དང་གད་སྙིགས་ཐག་གཅོད་བྱེད་པའི་སྒྲིག་བཀོད་ཀྱི་མ་དངུལ་ལ་ཁག་ཐེག་རྒྱབ་སྐྱོར་བྱེད་རྒྱུ་རེད།

མཛད་སྒོའི་སྟེང་།   《རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཙང་སེལ་གྱི་སྐྱེ་ཁམས་ཆེད་དམིགས་སྤྱི་ཕན་ཐེབས་རྩའི་བདག་གཉེར་བྱེད་ཐབས།》ཅེས་པ་ཁྱབ་སྒྲོག་བྱས་པ་དང་།   ཉིས་སྟོང་བཅུ་གསུམ་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བར་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་སྤྱིའི་མ་དངུལ་གཏོང་ཚད་སྒོར་ས་ཡ་གཅིག་ལྷག་དང་། སྤྱིའི་ཞལ་འདེབས་ཀྱི་མ་དངུལ་གཏོང་ཚད་སྒོར་འབུམ་ལྔར་བསླེབས་པས་གཅེས་སེམས་འབུལ་བའི་ཁེ་ལས་ལས་དོན་ལས་ཁུངས་ཀྱིས་གཟི་བརྗིད་རྟགས་མ་ཕུལ་ནས་གཟེངས་བསྟོད་བྱས་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།