ཉེ་ལམ། ལོ་ངོ་བཞི་བཅུའི་མཚོ་སྔོན་གྱི་འཕོ་འགྱུར་ཞེས་པའི་སྨྱན་བྱད་གསར་འགོད་པས་མཚོ་སྔོན་དུ་བསྐྱོད་པ་བཅར་འདྲིའི་བརྗོད་དོན་ཡིན་པའི་བྱ་འགུལ་མགོ་ལོག་བོད་རིགས་རང་སྐྱོབ་ཁུལ་གྱི་རྨ་སྟོད་རྫོང་དུ་སྤེལ།
རྨ་ཆུའི་མགོ་ཁུངས་ཀྱི་རྨ་སྟོད་རྫོང་ནི་མགོ་ལོག་ཁུལ་གྱི་ནུབ་བྱང་ཕྱོགས་སུ་ཡོད་ལ། ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་མུས་བཞི་སྟོང་བརྒྱད་བརྒྱ་ཡིན་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བར་གནས་ཡོད། རྫོང་དེ་ནི་རྨ་ཆུའི་འབབ་རྒྱུད་ཀྱི་རྫོང་དང་པོ་ཡིན་པས། རྨ་ཆུའི་མགོ་ཁུངས་དང་མཚེའུ་སྟོང་གི་ཕ་ས་ཞེས་པའི་མཚན་སྙན་ཡོད་པ་རེད། དེའི་མངའ་ཁོངས་སུ་གཙང་བོ་དང་མཚེའུ་སྣ་ཚོགས་སྟོང་ལྔ་དང་ལྔ་བཅུ་ཡོད་ལ། མཚེའུ་ཅུང་ཆེ་བ་ནི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། ཝ་གཞོང་སྐར་མཚོ་བཅས་ཡིན།
དགུན་གཞུང་འདིར་མཚོ་ངོས་ལས་མཐོ་ཚད་མུས་བཞི་སྟོང་དྲུག་བརྒྱ་ལྷག་ཡོད་པའི་རི་རྩེ་ནས་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ལ་བལྟས་ན། སྔོ་ལྟེམ་ལྟེམ་དུ་གནས་པའི་མཚོའུ་མཛེས་ཉམས་ཀྱིས་མི་རྣམས་ཀྱི་མིག་དབང་འཕྲོག་པར་བྱེད།
མིག་མདུན་གྱི་མཛེས་ལྗོངས་ལ་བལྟ་ཞོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པ་ཨོ་རྒྱན་རིག་འཛིན་གྱིས་གདོང་ལ་སྤྲོ་དགས་ཁེངས་བཞིན་བཤད་རྒྱུར། མེས་པོ་ཚོས་བཤད་ན། ལོ་ངོ་བཞི་བཅུའི་ཡར་སྔོན་གྱི་ས་གཞི་འདིའི་སྟེང་དུ་རྩྭ་ཆུ་གཉིས་འཛོམས་ཀྱི་སྤང་ལྗོངས་སྔོན་མོ་ཞིག་ཡིན་མོད། འོན་ཀྱང་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་དུས་མཇུག་ཏུ་ཐོན་ཚེ་ཚད་བརྒལ་ངང་ཕྱུགས་འཚོ་བར་བརྟེན་སྐྱེ་ཁམས་ཁོར་ཡུག་ཆེས་ཆེར་ཉམས་ཞན་དུ་གྱུར། དུས་རབས་འདིའི་དུས་མགོ་ནས་བཟུང་དཀའ་སྤྱད་སྡུག་རུས་ཀྱིས་བཅོས་སྐྱོང་བྱས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན་པའི་ཆ་ནས། ཁོས་རྒྱལ་ཁབ་སྤྱི་གླིང་བཅོས་སྒྱུར་ དུས་རབས་གསར་བར་ཞུགས་རྗེས་ས་གནས་འདིར་ཡང་བསྐྱར་འཕོ་འགྱུར་ཆེན་པོ་བྱུང་བའི་བརྒྱུད་རིམ་ཡོངས་བདེན་དཔང་བྱེད་ཐུབ་ལ། ད་ལྟ་ཨ་ཕའི་རེ་སྒུག་ཆེ་ཤོས་ནི་ས་གནས་འདིའི་ཉིན་རྒྱུན་གྱི་འགྱུར་ལྡོག་དེ་པར་བླངས་ནས་ཁོ་ལ་བལྟ་རུ་འཇུག་རྒྱུ་དེ་ཡིན་ཟེར།
2016ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དངོས་སུ་བཙུགས་ནས་སྒོ་བྱང་བཀལ་བ་དང་། མཚོ་སྔོན་གྱིས་སྤོབས་པ་ཆེན་པོས་བཅོས་སྒྱུར་དང་འགན་ཁུར་གྱི་སྙིང་སྟོབས་ཀྱིས་བགྲོད་ལམ་གསར་བ་ཞིག་བཏོད་པ་རེད།
2016ལོའི་ཟླ་བཞི་བར། རི་ཆུ་ནགས་ཞིང་དང་རྩྭ་ས། མཚེའུ་བཅས་གཞི་གཅིག་ཅན་གྱི་དོ་དམ་བླང་བྱ་ལྟར། སྐྱེ་ཁམས་སྲུང་སྐྱོབ་དང་འབྲོག་པ་མང་ཚོགས་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་སྣེ་ཁྲིད་དེ། ཡུལ་ཤུལ་དང་མགོ་ལོག་ཁུལ་གཉིས་ཀྱིས་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་གི་རྐྱེན་སྲོལ་དང་སྐྱེ་ཁམས་ལྟ་སྲུང་པའི་དོ་དམ་བྱེད་ཐབས་གཏན་འཁེལ་འགྲེམ་སྤེལ་བྱས། མིག་སྔའི་བར་དུ། རྨ་སྟོད་རྫོང་གི་འབྲོག་པ་མང་ཚོགས་སྟོང་གསུམ་དང་བཞི་བཅུ་ཞེ་གཉིས་སྐྱེ་ཁམས་ལྟ་སྲུང་པར་གྱུར་ནས་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་ཀྱིན་ཡོད།
མཚོ་ངོས་ལས་མཐོ་ཚད་མུས་བཞི་སྟོང་དྲུག་བརྒྱ་ལྷག་ཡོད་པའི་རྨ་ཆུའི་མགོ་ཁུངས་སུ་གྲང་རླུང་འུར་འུར་དུ་ལྡིང་ཞིང་། ཨོ་རྒྱན་རིག་འཛིན་གྱི་གནག་ཅིང་སྨུག་པོའི་གདོང་ཡོངས་གྲང་ངར་གྱིས་གཙེས་ཏེ་ཕྱིད་ནས་དམར་པོར་གྱུར་ཡོད་པ་དང་། ཁོས་གསར་འགོད་པ་མཐོང་མ་ཐག རྒྱ་སྐད་བཤད་ཤེས་པའི་ཁོ་རང་དགའ་སྤྲོའི་ངང་གསར་འགོད་པའི་སྔོན་བསུས་ཡོང་བ་རེད། ད་ལྟ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པའི་དཔུང་རྟགས་དམར་པོ་བཏགས་ཏེ། འཕྲུལ་རྟར་ཞོན་ནས་རྨ་ཆུའི་མགོ་ཁུངས་མཚོ་སྐྱ་རེངས་འགྲམ་རྒྱུད་ཀྱི་རྩྭ་སར་བསྐོར་སྲུང་བྱེད་རྒྱུ་ནི་ཁོ་རང་ཆེས་དགའ་བའི་ལས་ཀ་ཞིག་ཏུ་གྱུར་ཡོད། སྐྱེ་ཁམས་ལྟ་སྲུང་པའི་ལས་གནས་སྐོར་གླེང་སྐབས། ཨོ་རྒྱན་རིག་འཛིན་གྱིས་ང་རྒྱལ་གྱི་ཚུལ་དུ་བཤད་རྒྱུར། རྩྭ་ས་ནས་རྒྱལ་ཁབ་སྤྱི་གླིང་དང་། རྩྭ་ཐང་གི་རྫི་བོ་ཞིག་ནས་རྒྱལ་ཁབ་ཀྱི་ལས་བཟོ་བ་ཞིག་ཏུ་གྱུར་བ་དེ་ནི་དངོས་གནས་རང་ཉིད་ཀྱི་གཟི་བརྗིད་ཅིག་ཡིན། བསྐོར་སྲུང་གི་ལས་ཀ་དེ་སྔོན་ཆད་ཀྱི་ཕྱུགས་འཚོ་བ་དང་བསྡུར་ན། དཀའ་ཁག་ཅུང་ཆེ་མོད། འོན་ཀྱང་རང་ཉིད་སྲུང་སྐྱོབ་བྱེད་པའི་ས་ཆ་འདིའི་སྟེང་དུ་རྩྭའི་སྐྱེ་ཚད་བཟང་བས་ཡིད་ཧ་ཅང་ཚིམས་ཡོད་ཟེར།
ཨོ་རྒྱན་རིག་འཛིན་གྱིས་གསར་འགོད་པར་བཤད་རྒྱུར། སྔོན་ཆད་ཁོ་ཚང་གི་ཡོང་སྒོ་གཙོ་བོ་ནི་ཕྱུགས་འཚོ་བ་དེ་ཡིན་ལ། ལོ་ཧྲིལ་བོའི་ཁྱིམ་ཚང་གང་བོའི་ཡོང་སྒོ་དེ་སྒོར་ཁྲི་གཅིག་ལའང་བསླེབས་དཀའ་བ་རེད། 2016ལོར་ཁོ་རང་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར་རྗེས། ཁོ་གཅིག་པུའི་ལོ་རེའི་ཡོང་འབབ་དེ་སྒོར་ཁྲི་གསུམ་ལས་བརྒལ་ཡོད་ཟེར། ཨོ་རྒྱན་རིག་འཛིན་སྐྱེ་ཁམས་ལྟ་སྲུང་པར་གྱུར་བའི་ཚུན་ལ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁྲོད་རི་དྭགས་ལྐོག་རྔོན་དང་རྩྭ་སར་གཏོར་བརླག་གཏོང་བའི་སྣང་ཚུལ་མ་བྱུང་བས། ས་དེའི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་འགར། རྨ་སྟོད་རྫོང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་གོ་སྐབས་ཤིག་ཏུ་བརྩི་བ་དང་། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན། དབུལ་ཕོངས་སེལ་བ། ཆུ་བོའི་མགོ་ཁུངས་སྲུང་སྐྱོབ་སོགས་ཀྱི་ལས་གཞི་དེ་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ནས། གནས་དྲུག་གཞི་གཅིག་གི་དྲ་མིག་ཅན་གྱི་དཔེ་དབྱིབས་གསར་སྐྲུན་ལག་བསྟར་བྱས། རྫོང་ཡོངས་སུ་ཞང་གྲོང་སྐྱེ་ཁམས་ལྟ་སྲུང་ས་ཚིགས་བཞི་དང་། སྡེ་བ་རིམ་པའི་ལྟ་སྲུང་རུ་ཁག་ཉེར་བདུན། ལྟ་སྲུང་ཡན་ལག་རུ་ཁག་ཆིག་བརྒྱ་དགུ་བཅུ་བཅས་བཙུགས་པ་དང་། ལྟ་སྲུང་པ་སྟོང་གསུམ་དང་བཞི་བཅུ་ཞེ་གཉིས་ལ་སྐྱེ་ཁམས་སྤྱི་ཕན་ལས་རྐང་བཀོད་སྒྲིག་བྱས། དེའི་ནང་གླིང་ཁུལ་གྱི་ཞང་གྲོང་གསུམ་གྱིས་ཞང་གྲོང་ལྟ་སྲུང་ས་ཚིགས་གསུམ་དང་། སྡེ་བ་རིམ་པའི་ལྟ་སྲུང་རུ་ཁག་བཅུ་དགུ། ལྟ་སྲུང་ཡན་ལག་རུ་ཁག་ཆིག་བརྒྱ་ཉེར་གསུམ་བཙུགས་པ་དང་། ལྟ་སྲུང་པ་ཉིས་སྟོང་ལྔ་བརྒྱ་ང་དགུར་སྐྱེ་ཁམས་སྤྱི་ཕན་ལས་རྐང་བཀོད་སྒྲིག་བྱས། རྫོང་ཡོངས་ཀྱི་སྐྱེ་ཁམས་ལྟ་སྲུང་པ་སྟོང་གསུམ་དང་བཞི་བཅུ་ཞེ་གཉིས་ལ་གཞི་རིམ་ཏང་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ། གནད་ཕིགས་དབུལ་སྐྱོར། བརྟན་འཇགས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། བསམ་པའི་དཔལ་ཡོན་བཅས་ཀྱི་འགན་ནུས་དྲུག་བསྩལ་ཏེ། དྲ་མིག་ཅན་ཡོངས་སུ་ཁེབས་པའི་དོ་དམ་མ་ལག་གྲུབ།
རྨ་སྟོད་རྫོང་གི་སྐྱེ་ཁམས་ལ་ངོ་བོའི་སྟེང་ནས་འགྱུར་ལྡོག་བྱུང་སྟེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་མཱ་ཀོས་ཀྱིས་མྱོང་ཚོར་ཟབ་མོས་གསར་འགོད་པར་བཤད་རྒྱུར། 2016ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དངོས་སུ་བཙུགས་ནས་སྒོ་བྱང་བཀལ་བ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་ནས། སྲུང་སྐྱོབ་སྔོན་མ་བྱེད་པ་དང་རང་བྱུང་སླར་གསོ་གཙོ་བོ་ཡིན་པ་རྒྱུན་འཁྱོངས་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནང་གནས་ཆོས་ཉིད་བརྩི་སྲུང་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དོ་དམ་གྱི་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་གནད་འགག་ཏུ་བརྩིས་ནས། ཧུར་ཐག་གིས་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ཉམས་མྱོང་ལེགས་པོ་འཚོལ་ཞིབ་བྱས་པ་དང་། ཚན་རིག་གི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་རྐྱེན་སྲོལ་བཙུགས་ནས། གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གལ་ཆེན་དེ་རྒྱལ་ཁབ་ལ་དབང་བ་དང་དམངས་ཡོངས་མཉམ་དུ་ལོངས་སྤྱོད། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་བཅས་མངོན་འགྱུར་བྱེད་དགོས་ཟེར།
གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཁྲོད། སྐྱེ་ཁམས་ལྟ་སྲུང་དཔེ་དབྱིབས་གསར་སྐྲུན་ནི་ཆེས་གལ་ཆེ་བའི་གསར་སྐྲུན་ཅིག་ཡིན་ལ། དེའི་སྐབས་སུ་ཞིང་ཕྱུགས་དང་ནགས་ལས། དབུལ་སྐྱོར་བཅས་ཀྱི་ལྟ་སྲུང་པ་སྟོང་གསུམ་དང་བཞི་བཅུ་ཞེ་གཉིས་གཅིག་བསྡུས་བྱས་ཏེ། རི་ཆུ་ནགས་ཞིང་དང་རྩྭ་ས་མཚེའུ་བཅས་གཞི་གཅིག་ཅན་གྱི་ལྟ་སྲུང་བྱས་པ་དང་། ཚོད་ལྟ་ལག་བསྟར་བྱས་པའི་ཚུན་ལ། ལྟ་སྲུང་པས་བསྐོར་སྲུང་ལྟ་ཞིབ་དང་གད་སྙིགས་འཐུ་བ། རྩྭ་སའི་རྨང་གཞི་སྒྲིག་ཆས་སྲུང་སྐྱོབ་བྱས་པ་བརྒྱུད། རྩྭ་ཐང་སྔོན་ཆད་ལས་ཀྱང་དག་གཙང་དུ་གྱུར་བ་དང་། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། ཝ་གཞོང་སྐར་མཚོ་བཅས་མཐའ་བསྐོར་གྱི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་བཟང་དུ་གྱུར། ལྷག་པར་དུ་ཆུའི་གཞི་ཁྱོན་ཉེ་བའི་ལོ་འདི་འགར་མུ་མཐུད་དུ་འཕར་སྣོན་བྱུང་བ་དང་། ཁྲིམས་དང་འགལ་ནས་གསེར་ཉ་འཛིན་པ་དང་། རི་དྭགས་ལྐོག་རྔོན་སོགས་ཀྱི་སྣང་ཚུལ་ནུས་ཡོད་སྒོས་བཀག་འགོག་བྱུང་། རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་མངོན་གསལ་དུ་འཕར་སྣོན་བྱུང་ནས། ད་ལོར་ད་རུང་ཐོག་དང་པོར་སྤྱང་ཀི་ནག་པོ་མཐོང་ཐུབ་པར་གྱུར།
ད་ལོར་རྨ་སྟོད་རྫོང་དུ་ཆར་འབབ་ཚད་སྔོན་ལོའི་དུས་མཉམ་ལས་མོད་པས། རྫོང་ཡོངས་ཀྱི་མཚེའུ་སྟོང་ལྔ་དང་ལྔ་བཅུར་བསླེབས་ཏེ། ལོ་རྒྱུས་ཀྱི་ཆུ་ཚད་ཆེས་མཐོ་ཤོས་ཟིན་ཡོད་ཅེས་མཱ་ཀོས་ཀྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་།
བཅར་འདྲི་བྱེད་སྐབས། མཚོ་སྔོ་རེངས་ཀྱི་ཐག་རིང་སར་རི་དྭགས་དགོ་བ་དང་རྐྱང་སོགས་རྒྱུ་བ་ངེས་མེད་དུ་མཐོང་ཐུབ་ལ། ད་ལྟ་རྩྭ་ཐང་སྟེང་མཚོ་སྔོ་རེངས་དང་མཚོ་སྐྱ་རེངས། མཚོ་གྲོ་རེངས་སོགས་མཚེའུ་མང་པོས་བསྐོར་ཡོད་པས། རྨ་ཆུའི་མགོ་ཁུངས་སུ་ཡང་བསྐྱར་མཚེའུ་སྟོང་གི་མཛེས་ཉམས་མངོན་ཡོད།
ད་ལྟའི་རྨ་སྟོད་ཀྱི་འཕོ་འགྱུར་དེ་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བཅོས་སྐྱོང་དང་ལེགས་བསྒྱུར་གྱི་གོམ་སྟབས་དམ་འཛིན་བྱས་པ་ལས་བྱུང་བའི་དཔེ་མཚོན་ཅིག་རེད།
ལོ་ཙཱ་བ། སྒྲོལ་མ་སྐྱིད།