རྩ་ཁྲིམས་ཀྱི་ཁྲིད་སྟོན་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལེའུ་གསར་བ་གསར་རྩོམ་བྱེད་དགོས།
2018.12.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 44

 རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་ལ། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཀྱང་ཡིན། ད་ལོའི་ཟླ་གསུམ་པར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་བརྡས་ཐག་བཅད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན》ལ་གྲོས་འཆམ་བྱུང་ཏེ། སྐྱེ་ཁམས་དཔལ་ཡོན་དངོས་སུ་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་སུ་བཀོད་ནས། ཏང་གི་འདོད་བློ་དང་རྒྱལ་ཁབ་ཀྱི་འདོད་བློ། མི་དམངས་ཀྱི་འདོད་བློ་བཅས་ཚད་མཐོན་པོས་གཅིག་གྱུར་བྱེད་པ་མངོན་འགྱུར་བྱུང་། སྐྱེ་ཁམས་དར་ན་དཔལ་ཡོན་དར། སྐྱེ་ཁམས་རྒུད་ན་དཔལ་ཡོན་རྒུད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྟོང་ལོའི་ཇུས་ཆེན་ཡིན། འདུ་ཤེས་གསར་བ་རེ་རེ་དང་འཐབ་ཇུས་གསར་བ་རེ་རེ་བཏོན་ནས། ཀྲུང་གོ་གུང་ཁྲན་ཏང་གི་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཆོས་ཉིད་ཀྱི་གཟིགས་རྒྱང་རིང་བ་དེ་མཚོན་པར་བྱས།

ཁོར་ཡུག་ནི་དམངས་ཚིས་ཡིན་ལ། སྔོ་ལྗང་གི་རི་ཆུ་དང་མཁའ་དབྱིངས་ནི་གསེར་རི་དངུལ་རི་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གོ་གནས་ཨང་དང་པོར་བཞག་ནས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ལོ་རྒྱུས་རང་བཞིན་དང་ཁ་ཕྱོགས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་བ་དང་། བསམ་བློའི་ངོས་ཟིན་གྱི་གཏིང་ཇེ་ཟབ་དང་འབག་བཙོག་བཅོས་སྐྱོང་གི་ཤུགས་ཆེ་བ། ལམ་ལུགས་འགྲེམ་སྤེལ་ཞིབ་ཚགས་དང་ཁྲིམས་འཛིན་ལྟ་སྐུལ་གཟབ་ནན་ཡིན་པ།  ཁོར་ཡུག་བཅོས་སྐྱོང་གི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་སོང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། མཛེས་སྡུག་གི་ཀྲུང་གོའི་ཤོག་སླེ་གསར་བ་ཕྱེས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་སུ་འདྲེས་ཡོད་པས། ཁྱོན་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྣམ་པ་ཆེན་པོ་གྲུབ།

མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་ཐུན་མོང་མ་ཡིན་པས། གཙང་གསུམ་འབྱུང་ཡུལ་ས་ཁུལ་དང་། ནུབ་རྒྱུད་ཀྱི་བྱེ་ཟེགས་ཤར་ཕྱོགས་སུ་མཆེད་པར་བཀག་འགོག་བྱེད་པའི་རང་བྱུང་གི་སྲུང་ཡོལ་ལྟ་བུ་དང་།  རྨ་ནུབ་དོག་ལམ་ལ་གསོན་ཤུགས་སྦྱིན་པའི་རང་བྱུང་གི་ཆུ་མཛོད་ལྟ་བུ་ཡིན་པས། ཚབ་བྱེད་ཐབས་མེད་པའི་ནུས་པ་ཆེན་པོ་ལྡན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གང་ལེགས་བྱེད་པ་ནི། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བ་སྲུང་འཛིན་བྱེད་པའི་སྔོན་འགྲོ་ཡིན་ཡིན་པར་མ་ཟད། འབྲི་ཆུ་དང་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་དོ་མཉམ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱས་ནས། དབུས་སྨད་རྒྱུད་ཀྱི་བཞུར་རྒྱུན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ལྡན་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ད་ལྟའི་བར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞིབ་བཤེར་ཆེན་པོ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་གནད་དོན་དག་ཐེར་ལེགས་སྒྲིག་དམ་འཛིན་བྱས་པ་དང་། ཁྲིམས་སྲོལ་ལྟར་དུ་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཀྱི་ཁྲིམས་དང་འགལ་བའི་འཛུགས་སྐྲུན་ལས་གཞི་དག་ཐེར་གཙང་བཤེར་བྱས་ཤིང་། ཁོར་ཡུག་གི་ལྟ་སྐུལ་དོ་དམ་ཁྲིམས་འཛིན་དམ་འཛིན་བྱས་ཏེ། ཁོར་ཡུག་གི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་དྲག་པོ་བཏང་བ་དང་། ལམ་ལུགས་ནན་མོ་དང་བཅའ་ཁྲིམས་ནན་མོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྣམ་པ་བཟང་བོ་བསྐྲུན། ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་ཏུ་བརྩི་བ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་གཞིར་བཟུང་ནས། ལྔ་བཞི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས་པ་དང་། ཁྱིམ་གཞི་མཛེས་འགྱུར་དང་ཆུ་དྭངས་གནམ་སྔོན་གྱི་བྱ་སྤྱོད་གནད་འགག་ཏུ་བརྩི་བ། འབག་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ཆེན་པོ་གསུམ་ནན་ཏན་སྒོས་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་འབྱུང་བར་སྐུལ་འདེད་བྱས་ཤིང་། འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་ལེགས་པོར་སྤེལ་བར་རྨང་གཞི་བརྟན་པོ་བཏིང་། སྐྱེ་ཁམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་བརྒྱུད་ནས། སྐྱེ་ཁམས་དཔལ་ཡོན་གྱི་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་དཔྱད་ཞིབ། འགན་འཁྲི་རྩད་གཅོད་བཅས་ཀྱི་མ་ལག་ཕལ་ཆེར་གྲུབ་པ་དང་། ཀྲུང་དབྱང་གི་བླང་བྱ་དང་མཐུན་ཞིང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་སྒྲོམ་གཞི་གྲུབ།   ཏང་དང་སྲིད་གཞུང་གིས་མཉམ་དུ་འགན་འཁུར་བ་དང་། ལས་རྐང་གཅིག་ལ་འགན་འཁྲི་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་ནུས་དོན་ཐོག་ཏུ་འཁྱོལ་བ་དང་། མང་ཚོགས་ཀྱི་སྐྱེ་ཁམས་འདུ་ཤེས་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་བས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་འཕེལ་རྒྱས་ལ་སྔ་ན་མེད་པའི་གྲུབ་འབྲས་གསར་བ་ཐོབ།

མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་རྩ་ཁྲིམས་ཀྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ། རང་རྟོག་གིས་རྩ་ཁྲིམས་སློབ་སྦྱོང་བྱེད་མཁན་དང་བརྩི་སྲུང་བྱེད་མཁན། སྲུང་སྐྱོབ་བྱེད་མཁན། སྐུལ་འདེད་གཏོང་མཁན་བཅས་བྱེད་པ་དང་། བྱ་བའི་ཁྲོད་རྩ་ཁྲིམས་ལག་བསྟར་དམ་འཛིན་བྱས་ཏེ། སྤུས་ཀ་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ དང་སྤུས་ཀ་ལེགས་པའི་འཚོ་བ་གསར་སྐྲུན་བྱེད་པར་སྔར་ལས་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་འདོན་སྤྲོད་བྱེད་དགོས།

གཅིག་ནི་རྩ་ཁྲིམས་ཀྱི་དགོངས་དོན་དྲིལ་སྒྲོག་བྱས་ནས་སྐྱེ་ཁམས་དཔལ་ཡོན་དར་སྤེལ་བྱེད་པའི་རྣམ་པ་བཟང་པོ་གྲུབ་པར་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྟོང་ལོའི་ཇུས་ཆེན་ཡིན་ལ། ལས་འགན་ལྕི་ཞིང་རྒྱང་ཐག་རིང་བས། སྐྱེ་ཁམས་དཔལ་ཡོན་གྱི་ཁྲིམས་སྐྱོང་འདུ་ཤེས་དང་རྩ་ཁྲིམས་ཀྱི་ཁག་ཐེག་ལག་ལེན་མཐར་ཕྱིན་བྱེད་པ་དང་ཁ་འབྲལ་ཐབས་མེད། སྐྱེ་ཁམས་དཔལ་ཡོན་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བའི་དཔེ་རིས་ཆེན་པོ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་དང་བརྟན་པོར་འཛུགས་པ་དང་། མི་དམངས་མང་ཚོགས་ཀྱིས་རང་རྟོག་ངང་རྩ་ཁྲིམས་བརྩི་སྲུང་ནན་མོ་བྱས་ཏེ། ཧུར་ཐག་གིས་ལྗང་མདོག་བཟོ་སྐྲུན་གྱི་བྱ་འགུལ་སྤེལ་བ་དང་། གྲོན་ཆུང་སྟབས་བདེ་དང་ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་དར་སྤེལ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཚོ་སྔོན་གྱི་གཏམ་རྒྱུད་བརྗོད་པ། མི་རེ་རེ་ལྗང་མདོག་ཁྲོད་ཞུགས་པའི་རྣམ་པ་བཟང་བོ་བསྐྲུན་ནས། སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་དང་རྒྱབ་སྐྱོར། ཟབ་ཞུགས་བཅས་ནུས་ཤུགས་མཉམ་འདོན་གྱི་རྣམ་པ་གྲུབ་པར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲང་ཕྱོགས་ཀྱི་ནུས་པ་ཆེན་པོ་གཅིག་བསྡུས་བྱེད་པར་ཁྲིད་སྟོན་བྱེད་དགོས།

གཉིས་ནི་རྩ་ཁྲིམས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་གཏིང་ཟབ་ཏུ་སྐུལ་སྤེལ་བྱེད་པ། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བྱས་ཏེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་ནི་བདེ་སྡུག་གི་ཐུན་མོང་ཚོགས་པ་ཞིག་ཡིན་པའི་སྐྱེ་ཁམས་དཔལ་ཡོན་བཅོས་སྐྱོང་གི་ལྟ་བར་གོ་བ་ཟབ་མོ་ལེན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐུལ་སྤེལ་བྱེད་པ་དེ་གོ་སྐབས་སུ་བརྩིས་ནས། སྟོབས་ཤུགས་ཡོད་རྒུས་ཆུའི་དོན་ཚན་བཅུ་དང་སའི་དོན་ཚན་བཅུ། རླུང་ཁམས་ཆེན་མོའི་འབག་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་བཅས་ལག་བསྟར་བཟང་པོ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁོར་ཡུག་གནད་དོན་གཙོ་བོ་ནན་ཏན་སྒོས་ཐག་གཅོད་བྱེད་པ། ཆུའི་མགོ་ཁུངས་འགོག་སྲུང་ནན་མོ་དང་བརྒྱུད་རིམ་དོ་དམ་ནན་མོ། མཇུག་འབྲས་ལ་ཆད་གཅོད་ནན་མོ་བཅས་མངོན་འགྱུར་བྱེད་དགོས། དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲིམས་འཛུགས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་སྣོན་དང་། མཁའ་དབུགས་དང་ཆུ། ས་རྒྱུ་སོགས་ཁོར་ཡུག་གི་རྒྱུ་རྐྱེན་སྣ་ཚོགས་ལ་ཁེབས་པའི་ས་གནས་རང་བཞིན་གྱི་ཚད་ལྡན་ཁྲིམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་ནན་ཏན་སྒོས་ཞིབ་འཇུག་བྱེད་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་སྐུལ་སྤེལ་བྱེད་པའི་ཁྲོད་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

གསུམ་ནི་རྩ་ཁྲིམས་ཀྱི་དབང་གྲགས་བརྩི་སྲུང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལམ་ལུགས་ནུས་ཡོད་སྒོས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པ། ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཐབས་ཇུས་ལག་ལེན་དངོས་འབེབས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལམ་ལུགས་ཁྱོན་ཡོངས་དང་ནུས་ཡོད་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་འགན་འཁྲི་ཕྲག་ཏུ་ལེན་ཕོད་པར་བྱེདཔ་དང་། རང་རྟོག་སྒོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དེ་སྔར་ལས་བཟང་བ་ལས་ཉམས་ཞན་དུ་འགྱུར་མི་རུང་བའི་ཚད་བཀག་བརྟན་སྲུང་བྱེད་པ་དང་། ཁོར་ཡུག་འབག་བཙོག་བཅོས་སྐྱོང་གི་ཡུན་ཕན་རྐྱེན་སྲོལ་གྱིས་ཁག་ཁུར་གྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས། ཁྲིམས་ཡོད་ངེས་པར་བརྩི་སྲུང་དང་ཁྲིམས་འཛིན་ནན་མོ་བྱེད་པ། ཁྲིམས་དང་འགལ་ན་རྩད་འདེད་བྱེད་པ་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་གྱི་འབྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས།

བཞི་ནི་རྩ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ། འབག་བཙོག་འགོག་བཅོས་མཁྲེགས་གཏོར་འཐབ་འཛིང་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས། རྩ་ཁྲིམས་ཀྱི་ནང་རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གཏན་འཁེལ་བྱས་ཡོད་ལ། རྩ་བའི་དམིགས་འབེན་ནི་མི་དམངས་ཀྱི་བདེ་སྐྱིད་འགན་སྲུང་བྱེད་པའི་ཆེད་དུ་རེད། ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་སྟོན་དམག་མི་བཟང་བོ་བྱེད་པ་དང་། འབག་བཙོག་འགོག་བཅོས་ཀྱི་མཚོན་རྟགས་རང་བཞིན་ལྡན་པའི་གཡུལ་འགྱེད་ཀྱི་གཙོ་རྒོལ་མཁན་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་འབག་བཙོག་འགོག་བཅོས་དང་འཐུང་ཆུའི་མགོ་ཁུངས་སྲུང་སྐྱོབ། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ། ཞིང་ལས་དང་ཞིང་སྡེའི་འབག་བཙོག་འགོག་བཅོས།  གཏེར་ཁའི་ཁོར་ཡུག་བཅོས་སྐྱོང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཆེད་དོན་ཞིབ་བཤེར་ལེགས་སྒྲིག་བཅས་མཚོན་རྟགས་རང་བཞིན་གྱི་བྱ་བ་ལེགས་པོར་སྤེལ་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་འབྱུང་བར་སྐུལ་འདེད་གཏོང་དགོས། དུས་མཚུངས་སུ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་བཀག་གཏན་འབེབས་དང་། སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེའི་སྐྱིན་ཚབ། ཁེ་ལས་ཁོར་ཡུག་གི་ཡིད་རྟོན་གདེང་འཇོག   ཁོར་ཡུག་གི་ཆོག་འཐུས་རྩིས་ཐོ་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་བསྒྱུར་གྱི་བྱེད་ཐབས་དངོས་འབེབས་བཟང་བོ་བྱེད་པ་དང་། སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་པོ་འདོན་སྤྲོད་བྱས་ནས། མང་ཚོགས་ཀྱི་ཐོབ་སྣང་གི་ཚོར་བ་དང་བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཀྱི་ཚོར་བ་བཅས་དངོས་གནས་ཇེ་དྲག་ཏུ་གཏོང་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ཁྲོད་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་རིས་རིས་སུ་བཀོད་པ་དང་། སྐྱེ་ཁམས་དཔལ་ཡོན་དེ་རྩ་ཁྲིམས་ཁྲོད་བཞག་ནས། ཁོར་ཡུག་སྲུང་སྐྱོབ་བྱེད་པར་འགན་སྲུང་སྔར་ལས་བརྟན་པོ་འདོན་སྤྲོད་བྱས་ཤིང་། མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་བ་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེས་ཆེ་བ་ནི་སྐྱེ་ཁམས་ཡིན་པ། སྦས་ཤུགས་ཆེས་ཆེ་བའང་སྐྱེ་ཁམས་ཡིན་པས། ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གོ་གནས་ཨང་དང་པོར་བཞག་ནས་དམ་འཛིན་བྱེད་དགོས་པ་དང་། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བཅས་བྱེད་པ་དང་།  རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི་ཡོལ་བ་སྲ་བརྟན་དུ་བཏང་ནས། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཁོངས་གཏོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་དགོས་གཏུག་གི་བསམ་པ་དང་འགན་འཁྲིའི་བསམ་པ་སྲུང་འཛིན་བྱས་ཏེ། རང་འགུལ་གྱིས་འགན་འཁྲི་ཕྲག་ཏུ་ལེན་པ་དང་འབད་བརྩོན་སྒོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་སྐུལ་སྤེལ་བྱས་ནས། རྒྱུན་ཆད་མེད་པར་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལེའུ་གསར་བ་གསར་རྩོམ་བྱེད་དགོས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།