མཚོ་སྔོན་རྩྭ་ཐང་གི་སྣོད་བཅུད་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་ཡིན་པ།
2018.12.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

 ད་ལོའི་ཚུན་དུ་མཚོ་སྔོན་ཞིང་ཆེན་གྱིས་སྔ་མོ་ནས་བཀོད་སྒྲིག་དང་སྔ་མོ་ནས་དངོས་འབེབས་བྱས་ཏེ་ལག་རྩལ་མཛུབ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། འཛུགས་སྐྲུན་གྱི་སྤུས་ཚད་ལ་དོ་དམ་ནན་མོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཕྱུགས་བཀག་རྩྭ་གསོ་དང་། གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན། མདོ་ལ་རིང་མོ་སྲུང་སྐྱོབ་བཟོ་སྐྲུན་སོགས་རྩྭ་སའི་སྣོད་བཅུད་ཀྱི་བཟོ་སྐྲུན་གལ་ཆེན་དག་ལག་བསྟར་བྱས་ནས་སྔོན་ཚུད་ཀྱི་འཕེལ་རིམ་དུ་སླེབས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་ཕྱུགས་བཀག་རྩྭ་གསོ་དང་། གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན། མདོ་ལ་རིང་མོ་སྲུང་སྐྱོབ་བཟོ་སྐྲུན་སོགས་རྩྭ་སའི་སྣོད་བཅུད་སྲུང་སྐྱོབ་ཀྱི་འཛུགས་སྐྲུན་བཟོ་སྐྲུན་གལ་ཆེན་ལ་མ་དངུལ་སྒོར་དུང་ཕྱུར་བཅུ་ལྷག་བཏང་བ་དང་། འཛུགས་སྐྲུན་གྱི་ལས་འགན་ནི་ལྕགས་དྲ་སྤྱི་ཆིང་འབུམ་བདུན་སྐོར་བ་དང་། མིའི་ཐབས་ལ་བརྟེན་ནས་གཟན་རྩྭ་སྤྱི་ཆིང་ཁྲི་གཅིག་ལྷག་འདེབས་པ། ས་ནག་ཐང་སྤྱི་ཆིང་འབུམ་གཅིག་ཁྲི་དྲུག་ལྷག་བཅོས་སྐྱོང་བྱེད་པ། བརླན་ས་སྤྱི་ཆིང་སྟོང་དྲུག་ལྷག་སླར་གསོ་བྱེད་པ། དུག་རྩྭ་དང་གནོད་འབུ་སྤྱི་ཆིང་ཁྲི་བརྒྱད་ལྷག་འགོག་བཅོས་བྱེད་པ། ཕྱུགས་སྤྱིལ་སྟོང་གསུམ་བསྐྲུན་རྒྱུ་དེ་རེད།

མིག་སྔའི་བར་ཞིང་ཆེན་ཡོངས་སུ་ས་ནག་ཐང་སྤྱི་ཆིང་འབུམ་གཅིག་ལྷག་བཅོས་སྐྱོང་བྱས་པ་དང་། རྩྭ་སར་ལྕགས་དྲ་སྤྱི་ཆིང་འབུམ་ལྔ་ཁྲི་གཉིས་ལྷག་བསྐོར་བ། མིའི་ཐབས་ལ་བརྟེན་ནས་གཟན་རྩྭ་སྤྱི་ཆིང་སྟོང་དགུ་ལྷག་བཏབ་པ། བརླན་ས་སྤྱི་ཆིང་སྟོང་དྲུག་ལེགས་བཅོས་བྱས་པ། གནོད་འབུ་དང་དུག་རྩྭ་སྤྱི་ཆིང་ཁྲི་ལྔ་ལྷག་འགོག་བཅོས་བྱས་པ།  ཕྱུགས་སྤྱིལ2100བསྐྲུན་ཡོད།

མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། རྩྭ་སའི་སྣོད་བཅུད་སྲུང་སྐྱོབ་འཛུགས་སྐྲུན་གྱི་བཟོ་སྐྲུན་ཁག་ལག་བསྟར་བྱས་པ་ལས་རྩྭ་སའི་སྣོད་བཅུད་ཁོར་ཡུག་གི་འཕེལ་ཕྱོགས་ཇེ་ལེགས་སུ་ཕྱིན་ཏེ།  ལོ་མང་པོར་སྔོ་ཁེབས་ཀྱི་ཚད་ཇེ་ཆེར་སོང་བ་དང་།  ཕྱུགས་ཟོག་ཚད་ལས་བརྒལ་ནས་འཚོ་བའི་སྟོན་གྲངས་མངོན་གསལ་སྒོས་ཇེ་དམའ་རུ་སོང་བ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་འཕར་སྣོན་བྱུང་བ། རྩྭ་སའི་སྣོད་བཅུད་སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་གསལ་སྒོས་མཐོར་འདེགས་བྱུང་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་འབྲེལ་ཡོད་སྡེ་ཁག་གིས་ཚོད་རྩིས་བྱས་པ་ལྟར་ན།  ཕྱུགས་བཀག་རྩྭ་གསོ་བཟོ་སྐྲུན་ཁུལ་གྱི་རྩྭའི་ཐོན་ཚད་ཀྱི་བསྡུར་ཚད་ཇེ་མཐོར་སོང་ཏེ།  འཕར་ཚད་སོ་སོར་7.86%དང་མུའུ་རེར་རྒྱ་མ་57ཟིན་ཡོད། གཙང་གསུམ་འབྱུང་ཡུལ་བཟོ་སྐྲུན་ཁུལ་གྱི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་74.2%ནས་77%བར་འཕར་བ་དང་། རྩྭའི་ཐོན་ཚད་མུའུ་རེར་སྤྱི་རྒྱ་175.06ནས་སྤྱི་རྒྱ་217.32བར་འཕར་ཏེ་མུའུ་རེར་སྤྱི་རྒྱ་42.30འཕར་ཡོད། མཚོ་སྔོན་པོའི་རྒྱུད་དུ་བརླན་སའི་ཁེབས་ཚད་2011ལོའི་55%ནས་68%བར་འཕར་བ་དང་མུའུ་རེར་རྩྭའི་ཐོན་ཚད་སྤྱི་རྒྱ་196.07ནས་སྤྱི་རྒྱ་207.58བར་འཕར་ཏེ་རྩྭ་ཐང་གི་ཕྱོགས་བསྡུས་ནུས་པ་སླར་གསོ་མངོན་གསལ་བྱུང་ཡོད།

སྣོད་བཅུད་བཟོ་སྐྲུན་རྒྱུན་མཐུད་ངང་ལག་བསྟར་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་ལྟག་ཆུ་བསྐྱིལ་གསོག་ཁུལ་གྱི་ནུས་པ་ཇེ་ཆེར་སོང་བ་དང་།  གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོར་གཙང་གསུམ་འབྱུང་ཡུལ་གྱི་ཆུའི་ཐོན་ཁུངས་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་གྱ་བཞིར་འཕར་སྣོན་བྱུང་བ་དང་།  བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ104ཆེ་རུ་ཕྱིན་པ། རྩྭ་སའི་སྣོད་བཅུད་མ་ལག་གི་ལྟག་ཆུ་བསྐྱིལ་གསོག་གི་ཚད་སྨི་རྒྱ་དཔངས་གྲུ་བཞི་28.4འཕར་ཏེ་གཙང་གསུམ་འབྱུང་ཡུལ་དུ་མཚོ་མོ་སྟོང་གི་ཉམས་དགའི་ཡུལ་ལྗོངས་སླར་ཡང་མངོན་ཡོད།  དུས་མཚུངས་སུ་མཚོ་སྔོན་པོའི་ཆུ་བསྟུད་མར་ལོ་དགུར་འཕར་སྣོན་བྱུང་ནས་ལོ་40་སྔོན་གྱི་རྣམ་པ་བསྐྱར་དུ་མངོན་པ་སྟེ། དཔལ་དགེ་ཆུ་དང་། འོམ་ཆུ། མཚོ་འཁྱིལ་ཆུ་སོགས་སུ་ཉ་མོ་འཁྱུག་བགྲོས་ཀྱི་རྣམ་པ་མངོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བཟོ་སྐྲུན་ལག་བསྟར་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་རིམ་བཞིན་སླར་གསོ་བྱུང་སྟེ། རི་དྭགས་གཙོད་དང་། རྐྱང་། གནའ་བ། འབྲོང་སོགས་ཀྱི་ཁྱུ་ཚོགས་མངོན་གསལ་སྒོས་ཇེ་མང་དུ་ཕྱིན་པ་དང་འཚོ་སྡོད་ཁུལ་རིམ་བཞིན་རྒྱ་ཇེ་ཆེར་ཕྱིན་ཏེ།  སྲོག་ཆགས་དང་རྩི་ཤིང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ལེགས་པོ་ཐོབ་ཡོད། རི་དྭགས་གཙོད་ཀྱི་གྲངས་ཀ་ཁྲི་3ནས་ཁྲི་7བར་འཕར་སྣོན་བྱུང་ཡོད།  དུས་མཚུངས་སུ་སྐྱེ་ཁམས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ལ་བརྟེན་ནས་འབྲོག་ཁུལ་གྱི་ཐོན་སྐྱེད་གྲུབ་ཚུལ་ཇེ་ལེགས་སུ་བཏང་བས། རང་བྱུང་རྩྭ་སའི་སྟེང་ཕྱུགས་འཚོའི་གནོན་ཤུགས་ཇེ་ཆུང་དུ་ཕྱིན་པ་དང་། རྩྭ་སའི་སྣོད་བཅུད་སྲུང་སྐྱོབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་གྱུར་ནས་ཕྱུགས་ལས་ཐོན་སྐྱེད་བདག་གཉེར་བྱེད་སྟངས་ཇེ་བཟང་དུ་འགྲོ་བར་སྐུལ་མ་ནུས་ལྡན་ཐེབས་ཡོད།

གཞན་ཡང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན།  སྣོད་བཅུད་དབུལ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་སྟེ། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱིས་རྩྭ་ཐང་གི་སྣོད་བཅུད་དོ་དམ་སྲུང་སྐྱོབ་ལས་རྐང་ཁྲི་4ལྷག་ཙམ་བསྐྲུན་ནས་སྲིད་གཞུང་གི་རྩྭ་སའི་སྣོད་བཅུད་དོ་དམ་སྲུང་སྐྱོབ་ཀྱི་ཞན་ཆ་གསབ་པ་དང་ཆབས་ཅིག ས་གནས་དེ་གའི་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་མང་ཚོགས་དབུལ་ཕོངས་ལས་ཐར་བར་སྐུལ་ཁྲིད་ལེགས་པོ་བྱས།

མདོ་དབུས་མཐོ་སྒང་གི་ལྟེ་བར་གནས་པའི་མཚོ་སྔོན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་སོགས་ཀྱི་མགོ་ཁུངས་ཡིན་པར་མ་ཟད“ཀྲུང་ཧྭའི་ཆུ་མཛོད”ཀྱི་མཚན་སྙན་ཡོད། བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་མཚོ་སྔོན་ཞིང་ཆེན་ལ་རང་བྱུང་བརླན་ས་མུའུ་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ས་ཡ་གཉིས་ཡོད་པ་དེས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱ་ཁྱོན་གྱི་60%ལྷག་ཙམ་ཟིན་ཡོད་པ་དང་། རྒྱལ་ཡོངས་ཀྱི་བརླན་སའི་སྤྱིའི་རྒྱ་ཁྱོན་གྱི་10%ལྷག་ཙམ་ཟིནཡོད།

སྔོན་ཆད་ཕྱུགས་རིགས་ཚད་ལས་བརྒལ་ནས་འཚོས་པའི་རྐྱེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རྩྭ་ས90%ཡན་ཉམས་ཞན་དུ་གྱུར་བ་རེད། 2012ལོར་མཚོ་སྔོན་གྱིས་རྩྭ་སའི་སྣོད་བཅུད་ལྟ་སྲུང་པའི་ལས་རྐང་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། 2017ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་སུ་རྩྭ་ཐང་གི་སྣོད་བཅུད་ལྟ་སྲུང་པ་ཁྲི་བཞི་སྟོང་གཉིས་བདུན་བརྒྱ་དོན་བརྒྱད་ཡོད་པའི་ནང་71%ནི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཡིན་པ་དང་། ལྟ་སྲུང་རུ་ཁག་ལ་ནུས་ལྡན་གྱི་དོ་དམ་བྱེད་ཐབས་དང་ཡུན་ཕན་གྱི་དོ་དམ་སྲུང་སྐྱོབ་རྐྱེན་སྲོལ་ཞིག་ཆགས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་གཞོན་པ་ཀུང་ཨའེ་ཆི་ཡིས། རྩྭ་ཐང་གི་སྣོད་བཅུད་ལྟ་སྲུང་པ་དེ་དག་མཚོ་སྔོན་གྱི་རྩྭ་སའི་སྣོད་བཅུད་ལ་དོ་དམ་སྲུང་སྐྱོབ་བྱེད་མཁན་གྱི་སྟོབས་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད། རྩྭ་ཐང་གི་སྣོད་བཅུད་ལ་སྲུང་སྐྱོབ་དང་། རྩྭ་ཐང་གི་ཁྲིམས་འགལ་གྱོད་གཞི་ཤེས་རྟོགས། སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས་སོགས་ལ་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བཤད།

མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་མཁོ་འདོན་བྱས་པའི་བསྡོམས་རྩིས་གཞི་གྲངས་ལས་མངོན་པར་ལྟར་ན། 2017ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་གི་སྣོད་བཅུད་ལྟ་སྲུང་པ་ཁྲི་4ལྷག་ཙམ་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་དགུ་དང་ས་ཡ་གཉིས་ཟིན་ ཡོད།

“མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཀྱི་བསྡོམས་རྩིས་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། རྩྭ་ཐང་གི་སྣོད་བཅུད་ལྟ་སྲུང་པར་བཞག་པའི་འབྲོག་པ་ཁྱིམ་ཚང་གིས་ཞིང་ཆེན་ཡོངས་ཀྱི་འབྲོག་པ་ཁྱིམ་ཚང་གི10.45%ཟིན་པ་དང་། རྩྭ་ཐང་གི་སྣོད་བཅུད་ལྟ་སྲུང་པ་རེར་ལོ་རེར་ཆ་སྙོམས་ཁ་གསབ་སྒོར་ཁྲི་2ལྷག་ཙམ་སྟེར་གྱིན་ཡོད་པ་དེ།  མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་དབུལ་ཕོངས་ལས་ཐར་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་རྩྭ་ཐང་ཁྲུའུ་ཡི་ལས་དོན་པ་ཨོའུ་ཝེ་ཡིའུ་ཡིས་དེ་ལྟར་བཤད་བྱུང་།

གཞན་ཡང་།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས“སྣོད་བཅུད་ལ་བརྟེན་ནས་ཁུལ་འཛུགས་སྐྲུན་བྱེད་པ”དམིགས་འབེན་དུ་བརྩི་བ་དང་། བྱེ་མ་འགོག་བཅོས་བྱ་བ་དེ་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་གནད་འགག་ཏུ་བརྩི་བ། ཁུལ་ཡོངས་སུ་ཕྱུགས་བཀག་རྩྭ་གསོ་དང་། ཁུལ་དབྱེའི་རྩྭ་ས་རེས་སྐོར་གྱི་སྲིད་ཇུས་སྔོན་ལ་ཁྱབ་སྤེལ་བྱེད་པ། ནགས་ལས་ཀྱི་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཆེན་པོ་གཏོང་བ་བཅས་བྱས་པས། ཁུལ་ཡོངས་ཀྱི་སྣོད་བཅུད་རྣམ་པ་རྒྱུན་མཐུད་དང་མངོན་གསལ་སྒོས་ཇེ་ལེགས་སུ་སོང་།

ཉེ་བའི་ལོ་འགའི་རིང་། མཚོ་ནུབ་ཁུལ་གྱིས་སྤྱི་པའི་སྤང་ལྗོངས་དང་། སྤྱི་གླིང་ཆུང་ངུ། ་ལམ་འགྲམ་ལྗང་འགྱུར། ཁོར་ཡུག་ལྗང་འགྱུར་བཅས་ལས་གཞི་ཁག་ཅིག་གནད་སར་བཟུང་ནས་འཛུགས་བསྐྲུན་བྱས་པས། ལྗང་འགྱུར་རྒྱ་ཁྱོན་སྤྱི་ཆིང་ཁྲི་དྲུག་སྟོང་དྲུག་དྲུག་བརྒྱ་ལྷག་ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཉིས་བཏང་ཡོད། གཏེར་ལེན་ཁ་གྲོང་ཁྱེར་དུ་མིག་སྔར་སྔོ་ལྗང་གི་ཁེབས་ཚད་35.71%ཟིན་པ་དང་སྔོ་ལྗང་ཅན་དུ་འགྱུར་ཚད་36.6%ཟིན་ཡོད། ན་གོར་མོ་གྲོང་ཁྱེར་གྱི་སྔོ་ལྗང་གི་ཁེབས་ཚད་20.15%ཟིན་པ་དང་སྔོ་ལྗང་ཅན་དུ་འགྱུར་ཚད་20.52%ཟིན་ཡོད།

ཚྭ་འདམ་ས་ཁུལ་གྱི་འཕང་འབྲས་ནག་པོ་གསོ་སྤེལ་དང་འདེབས་གསོའི་ལག་རྩལ་ཁྱབ་གདལ་ལས་གཞི་ལག་བསྟར་བྱས་ནས་འཕང་འབྲས་ནག་པོའི་མྱུ་གུ་རྐང་ས་ཡ་གཉིས་དང་དཔེ་སྟོན་ནགས་སྐྲུན་སྤྱི་ཆིང་33.33བྱས་ཡོད། ཏུའུ་ལན་རྫོང་གིས་ལག་བསྟར་བྱས་པའི་ས་བབ་མཐོ་བའི་བྱེ་མའི་ཕྱོགས་བསྡུས་བཅོས་སྐྱོང་གི་ཚོད་ལྟའི་དཔེ་སྟོན་རྟེན་གཞིའི་རྣམ་གྲངས་དང་ཚྭ་འདམ་སྡོང་ཕྲན་ལྗོན་ཤིང་འདེབས་འཛུགས་དང་དཔེ་སྟོན་ནགས་སྐྲུན་ལག་རྩལ་གྱི་རྣམ་གྲངས་ཀྱིས་ཚྭ་འདམ་བྱེ་མའི་ཁུལ་གྱི་ནགས་ཚལ་འཛུགས་སྐྲུན་ལ་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱུང་ཡོད། ལས་གཞི་དེས་ཐང་རྒོད་ཅན་གྱི་ནགས་སྐྲུན་དང་ཐན་འགོག་ནགས་སྐྲུན་སོགས་ཀྱི་ཚན་རྩལ་ཁྱབ་གདལ་གྱི་དཔེ་སྟོན་ས་ཚིགས་4བསྐྲུན་ནས་ཁུལ་དང་། རྫོང་། ཞང་བཅས་རིམ་པ་གསུམ་གྱི་ནགས་ལས་ལག་རྩལ་ཁྱབ་གདལ་གྱི་མ་ལག་བཏོད་ཡོད།

སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྲུན་ཁྲོད་འཕང་འབྲས་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས་བྱེ་ཐང་སྔོ་འགྱུར་དང་། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན། ཁེ་ལས་ལ་ཐོན་འཕར་སོགས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱུང་ཡོད། ཀུང་སི་དང་རོང་འབྲོག་ཁེ་ལས་གཙོ་བོར་བྱས་ནས་འཕང་འབྲས་དཔལ་འབྱོར་ནགས་ཚལ་གྱི་རྟེན་གཞི་འཛུགས་སྐྲུན་བྱས་ཡོད། མིག་སྔར་གཏེར་ལེན་ཁ་གྲོང་ཁྱེར་གྱིས་འཕང་འབྲས་དཔལ་འབྱོར་ནགས་ཚལ་སྤྱི་ཆིང་སྟོང་དྲུག་བདུན་བརྒྱ་བསྐྲུན་པར། ལོ་རེར་འདེབས་འཛུགས་དང་འདེབས་གསོའི་དོ་དམ་ཁྲོད་མི་4000ལྷག་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། རྒྱལ་ཁབ་ནགས་ལས་ཅུས་ཀྱིས་གཏེར་ལེན་ཁ་གྲོང་ཁྱེར་དེ་རྒྱལ་ཡོངས་ཀྱི་དཔལ་འབྱོར་ནགས་ཚལ་ཐོན་ལས་ཅན་གྱི་སྟོབས་ཆེན་གྲོང་ཁྱེར་བརྒྱའི་གྲས་སུ་བཅུག་ཡོད།

འགྲིམ་འགྲུལ་ལམ་རྒྱུད་དུ་ལྗང་མདོག་བགྲོད་ལམ་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་ཏེ་མཚོ་བོད་ལྕགས་ལམ་གྱི་ཧོའུ་རི་ནས་ལེན་ཧུའུ་བར་གྱི་སྤྱི་ལེ་119ཡི་ལྕགས་ལམ་གྱི་གཞོགས་གཉིས་སུ་ནགས་སྐྲུན་སྤྱི་ཆིང་287.39བྱས་པ་དང་། རྒྱལ་ལམ་109གོར་མོའི་བར་གྱི་ལམ་རྒྱུད་དུ་རླུང་འགོག་ཤིང་ནགས་སྤྱི་ཆིང་176.8འདེབས་འཛུགས་བྱས་པ། ན་གོར་མོ་ནས་མང་ཡའི་གཞུང་ལམ་རྒྱུད་དུ་རླུང་འགོག་ཤིང་ནགས་སྤྱི་ཆིང་100འདེབས་འཛུགས་བྱས་པ། རྒྱལ་ལམ་315ཡི་གཞོགས་གཉིས་སུ་རླུང་འགོག་ཤིང་ནགས་སྤྱི་ཆིང་247.6འདེབས་འཛུགས་བྱས་པ། གཏེར་ལེན་ཁ་གནམ་ཐང་དུ་སྔོ་ཁེབས་སྤྱི་ཆིང་213.3དང་རྩྭ་ས་སྤྱི་ཆིང་100བསྐྲུན་པ། གཞུང་ལམ་སྔོ་ཁེབས་དང་གཙོ་གནད་ས་ཁོངས་སྔོ་ཁེབས་ཐད་ཆུ་གྲོན་ཆུང་ཐུབ་པའི་ནགས་སྐྲུན་བྱས་ཡོད། ནགས་དྲའི་སྒྲོམ་གཞི་ཆགས་པ་དེས་རླུང་འགོག་བྱེ་འཇགས་ཀྱི་ནུས་པ་ཐོན་པ་མ་ཟད། ད་དུང་སྔོ་ལྗང་བར་ཁྱམས་མཛེས་ལྗོངས་དང་ལྗང་མདོག་འོད་ཤུགས་ཐོན་ལས་གླིང་ཡང་ཆགས་ཡོད།

མིག་སྔར་མཚོ་ནུབ་ཁུལ་གྱི་ཐང་རྒོད་རྒྱ་ཁྱོན་དེ་2009ལོ་དང་བསྡུར་ན་སྤྱི་ཆིང་ཁྲི་གཉིས་སྟོང་བརྒྱད་ལྷག་ཇེ་ཉུང་དུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྤྱི་ཕན་ནགས་ཚལ་རྒྱ་ཁྱོན་དེ་2009ལོ་ལས་སྤྱི་ཆིང་འབུམ་གཉིས་ཁྲི་དགུ་ལྷག་ཇེ་མང་དུ་ཕྱིན་ནས་ནགས་སའི་རྒྱ་ཁྱོན་དང་ཤིང་ནགས་ཁྱབ་ཚད་གཉིས་ཀར་འཕར་སྣོན་བྱུང་བ་དང་། ཐང་རྒོད་དང་བྱེ་ཐང་གི་རྒྱ་ཁྱོན་གཉིས་ཀ་ཇེ་ཆུང་དུ་ཕྱིན་ནས། སྣོད་བཅུད་སྲུང་སྐྱོབ་ཀྱི་ཐད་ནུས་པ་ཅུང་ཆེན་པོ་ཐོན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།