2000ལོའི་ཟླ8ཚེས19ཉིན། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་བཙུགས་པ་དང་། 2005ལོའི་ཟླ1པོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་དོན་དགུ་བའི་སྟེང《མཚོ་སྔོན་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》ལ་ཆོག་མཆན་བཀོད། འཆར་འགོད་དེའི་ནང་ཆོག་མཆན་བཀོད་པའི་སྲུང་སྐྱོབ་ཁུལ་གྱི་གཞི་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་ལྔ་སྟོང་གཉིས་སུམ་བརྒྱ་ཡིན་ལ། འཛུགས་སྐྲུན་ལས་གཞིའི་ནང་ཕྱུགས་སྐྱུར་རྩྭ་འདེབས་དང་རྨོ་སྐྱུར་ནགས་སྐྲུན། ཨ་བྲའི་གནོད་པ་འགོག་བཅོས། ས་ཆུ་སྲུང་འཛིན། མཁར་གྲོང་ཆུང་བ་འཛུགས་སྐྲུན། མིའི་ཐབས་ཀྱིས་ཆར་ཕབ་པ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་ནང་དོན་འདུས་ཡོད། དུས་དེ་ནས་བཟུང་། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་དེ་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་མགོ་བརྩམས།
2011ལོའི་ཟླ11ཚེས16ཉིན། སྐབས་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་བུན་ཅ་པའོ་ཡིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་རྒྱུ་ཐག་བཅད། དེ་ནི་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་སུ་བཙུགས་པའི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ཐོག་མ་རེད། རྒྱལ་ཁབ་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་ནས་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་བཀོད་སྒྲིག་གསར་བ་གནང་ཤིང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་སྔོན་འགྲོར་བརྩིས་ནས། ཤུགས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བའི་ཡོལ་བ་སྲ་བརྟན་ཏུ་བཏང་།
2013ལོའི་ཟླ12ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་ལི་ཁི་ཆང་གིས་མགོ་འཛིན་མཛད་ནས་བསྡུས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སྟེང་། 《མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད》ལ་ཡང་བསྐྱར་གྲོས་འཆམ་བྱུང་ཏེ། བཅོས་སྐྱོང་གི་ཁྱབ་ཁོངས་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་ལྔ་སྟོང་གཉིས་ནས་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་ཁྲི་དགུ་སྟོང་ལྔར་རྒྱ་བསྐྱེད་པ་དང་། ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་མུས་སྟོང་བཞི་ཡས་མས་ཡིན་པས། འཛམ་གླིང་གི་མཚོ་ངོས་ལས་ཆེས་མཐོ་བའི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་པ་རེད། དུས་མཚུངས་སུ། གནས་དེ་ནི་འཛམ་གླིང་གི་མཚོ་ངོས་ལས་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་གཅིག་བསྡུས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དང་། རང་རྒྱལ་གྱི་མཚོ་ངོས་ལས་ཆེས་མཐོ་བའི་རང་བྱུང་བརླན་ས་དང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་ས་ཁུལ་གཙོ་བོ་ཞིག་ཀྱང་ཡིན།
དུས་སྐབས་གཉིས་པའི་བཟོ་སྐྲུན་གྱི་འཆར་འགོད་དམིགས་འབེན་ལྟར། སྤང་ཤུན་སྲུང་སྐྱོབ་དང་སླར་གསོ་བྱེད་པ་དཀྱིལ་སྙིང་དུ་འཛིན་པ་དང་། རང་བྱུང་སླར་གསོ་དང་བཟོ་སྐྲུན་འཛུགས་སྐྲུན་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། རྩྭ་ས་དང་ནགས་ཚལ། བྱེ་ཐང་། བརླན་ས། ཆུ་བོ་དང་མཚེའུ་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དང་། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཉེན་བརྡའི་མ་ལག་འཐུས་ཚང་དུ་བཏང་བ་དང་། སྐྱེ་ཁམས་ཉམས་ཞན་དུ་འགྱུར་བའི་གནས་བབ་རྩ་བ་ནས་བཀག་འགོག་བྱས་ཏེ། མིའི་རིགས་ཀྱི་ཡུན་རིང་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཀྲུང་ཧྭའི་ཆུ་མཛོད་སྲ་བརྟན་ཏུ་བཏང་།
འབྲེལ་ཡོད་སྡེ་ཁག་གི་ལྟ་ཞིབ་ཚད་ལེན་མཇུག་འབྲས་ལས་མངོན་པ་ལྟར་ན། 2012ལོ་དེ2004ལོ་དང་བསྡུར་ན། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནགས་ཚལ་དང་རྩྭ་སའི་སྐྱེ་ཁམས་མ་ལག་གི་ལྟག་ཆུ་བསྐྱིལ་གསོག་གི་ཚད་དེ་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བཅུ་གཅིག་དང་བྱེ་བ་བརྒྱད་ས་ཡ་བརྒྱད་དུ་འཕར་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་ལྟག་ཆུ་བསྐྱིལ་གསོག་འཕར་ཚད་ཀྱི་བརྒྱ་ཆའི་ཞེ་གཅིག་ལྷག་ཟིན་ཡོད། དུས་མཚུངས་སུ། གཙང་གསུམ་འབྱུང་ཡུལ་གྱི་ས་རྒྱུ་ཟད་ཚད་ཏུན་བྱེ་བ་གསུམ་ས་ཡ་ལྔ་འབུམ་གཅིག་ལྷག་ཇེ་ཉུང་དུ་སོང་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་ས་རྒྱུ་ཟད་པ་ཇེ་ཉུང་དུ་འགྲོ་ཚད་ཀྱི་བརྒྱ་ཆའི་ལྔ་བཅུ་ལྷག་ཟིན་ཡོད།
2014ལོའི་བར་དུ་གཙང་གསུམ་འབྱུང་ཡུལ་དུ་མཚེའུ་ཆེ་ཆུང་སྣ་ཚོགས་སྤྱི་ལེ་གྲུ་བཞི་མ་བདུན་བརྒྱ་དྲུག་ཅུ་འཕར་སྣོན་བྱུང་ནས། སྐྱེ་ཁམས་མ་ལག་གི་ཆུ་སྲུང་འཛིན་གྱི་ནུས་ཤུགས་ཇེ་མཐོར་སོང་བ་དང་། ཆུ་སྤུས་རྒྱལ་ཁབ་ཀྱི་རིགས་དང་པོའི་ཡན་གྱི་ཚད་གཞིར་བསླེབས་ཏེ། ཀུན་གྱིས་དོ་སྣང་བྱེད་པའི་རྨ་ཆུའི་མགོ་ཁུངས་སུ་མཚོ་མོ་སྟོང་གི་མཛེས་ལྗོངས་ཡང་བསྐྱར་མངོན་པ་དང་། ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་ཕྱིར་གཙང་གསུམ་འབྱུང་ཡུལ་དུ་ལོག་བཞིན་ཡོད།
2014ལོའི་ཟླ་དང་པོའི་ཚེས་བཅུ་ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་དང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱེད་མགོ་བརྩམས། 2000ལོའི་སྟོན་ཁ་ནས་མགོ་བརྩམས་ཏེ་ལོ་ངོ་བཅུ་ལྷག་གི་དུས་ཡུན་ནང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དེ་ཉིན་རེ་བཞིན་ཇེ་དྲག་ཏུ་གྱུར།
2015ལོའི་ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན། ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་སྟེང་། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་མགོ་ཁུངས་ཆེན་པོ་གསུམ་དུ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་བར་གཏན་འཁེལ་བྱས་ཏེ། གླིང་གཅིག་དང་ས་ཁུལ་གསུམ་གྱི་སྒྲོམ་གཞི་བཏོན། 2016ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ཇུས་གཞི》ལ་དངོས་སུ་མཆན་འགོད་གནང་བ་དེ་ལས། ཀྲུང་དབྱང་གིས་ཆོག་མཆན་བཀོད་པའི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་དངོས་སུ་མགོ་བརྩམས་པ་མཚོན།
ཀྲུང་གོའི་ས་རྒྱ་ཆེ་ཞིང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས། ལོ་ངོ་དུ་མའི་རིང་ལ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དེ་ད་དུང་འཚོལ་ཞིབ་ཀྱི་དུས་སུ་ཡོད་ལ། རང་བྱུང་གི་དམིགས་འབེན་སྲུང་སྐྱོབ་དང་མངོན་འགྱུར་བྱེད་པར་ད་དུང་ཐག་གཅོད་དགོས་པའི་གནད་དོན་མང་པོ་གནས་ཡོད། གཙང་གསུམ་འབྱུང་ཡུལ་ལ་ལྟག་ཆུ་བསྐྱིལ་གསོག་གི་བྱེད་ནུས་ཆེན་པོ་ལྡན་པས། རྒྱལ་ཡོངས་དང་ཐ་ན་ཨེ་ཤ་ཡའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཡིན་ལ། གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་ཆེས་མངོན་གསལ་ཡིན་པའི་ས་ཁོངས་གྲས་ཀྱི་གཅིག་ཀྱང་ཡིན། དུས་མཚུངས་སུ། གཙང་གསུམ་འབྱུང་ཡུལ་ནི་རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྔོན་འགྲོ་ཁུལ་སོ་གཉིས་གྲས་ཀྱི་གཅིག་ཀྱང་ཡིན་ལ། རི་སྐྱེས་རྩི་ཤིང་གི་རིགས་སྟོང་གཉིས་དང་ཉིས་བརྒྱ་སོ་བརྒྱད་དང་། རྒྱལ་ཁབ་ཀྱི་གནད་སའི་རི་སྐྱེས་སྲོག་ཆགས་རིགས་རེ་དགུ་ཡོད་པས། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཀྱི་གནད་སའི་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་རིགས་ཀྱི་བརྒྱ་ཆའི་ཉེར་དྲུག་ལྷག་ཟིན་ཡོད། རི་དྭགས་གཙོད་དང་གསའ། ཤ་སྐྱ། འབྲོང་། རྐྱང་། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་ཀྱི་བསྡུར་ཚད་མཐོ་ཞིང་། མཐོ་སྒང་གི་སྐྱེ་དངོས་རིགས་ཀྱི་རང་བྱུང་ཐོན་ཁུངས་མཛོད་དུ་གྲགས་ཡོད། གཙང་གསུམ་འབྱུང་ཡུལ་དུ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་བ་དེར། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་དུ་གྱུར་བའི་གནད་དོན་ཐག་གཅོད་བྱེད་པའི་ཕན་ནུས་ལྡན་ལ། སྔར་ལས་ལྷག་པའི་སྒོ་ནས་ས་ཁོངས་དེའི་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་མངོན་འགྱུར་བྱེད་པར་ཡང་ཕན། ཡིན་ནའང་། ཚོད་ལྟ་དེ་ཇི་ལྟར་ལག་བསྟར་བཟང་བོ་བྱེད་པ་དང་། འཁྱག་རོམ་དང་གངས་རི། གཙང་བོའི་བཞུར་རྒྱུན། མཚེའུ་བརླན་ས་སོགས་མགོ་ཁུངས་ས་ཁུལ་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བཟང་བོ་བྱེད་པ་བཅས་ནི་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་ཆེན་ཡིན་པ་རེད།
གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་དང་ཆ་ཚང་རང་བཞིན། རང་བྱུང་རྣམ་པ་བཅས་གཞིར་བཟུང་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་བའི་བྱ་བའི་བསམ་ཕྱོགས་ནི་འཁྱག་རོམ་དང་གངས་རི། རྩྭ་ཐང་། ནགས་ཚལ། ཆུ་རྒྱུན། བརླན་ས། རི་སྐྱེས་སྲོག་ཆགས་སོགས་ཚེ་སྲོག་གི་ཐུན་མོང་ཚོགས་པ་ཞིག་ཏུ་བརྩིས་ནས། རྒྱལ་ཁབ་ཀྱིས་ཆོག་མཆན་བཀོད་པའི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་ལྟར། སྤྱི་ཡོངས་ནས་སྲུང་སྐྱོབ་དང་སླར་གསོ། གཞི་གཅིག་ཅན་གྱི་དོ་དམ་བྱེད་རྒྱུ་དེ་རེད། ད་ལྟའི་གཙང་གསུམ་འབྱུང་ཡུལ་བྱེད་ནུས་ཁུལ་གྱི་འཆར་འགོད་དེ། སྐྱེ་ཁམས་མ་ལག་གི་བྱེད་ནུས་དང་སྲུང་སྐྱོབ་དམིགས་འབེན་བཅས་ཀྱི་ལྟར་དུ། དཀྱིལ་སྙིང་གསོ་སྐྱོང་ཁུལ་དང་སྐྱེ་ཁམས་གསོ་སྐྱོང་སླར་གསོ་ཁུལ། སྲོལ་རྒྱུན་བེད་སྤྱོད་ཁུལ་སོགས་བྱེད་ནུས་ཁུལ་སྣ་ཚོགས་སུ་གཏན་འཁེལ་བྱས་ཡོད།
གོ་ལ་ཧྲིལ་བོའི་ནམ་ཟླ་ཇེ་དྲོད་དང་ཚད་བརྒལ་ངང་སྔོག་འདོན་དང་ཕྱུགས་འཚོ་བ། རི་དྭགས་རྔོན་པ་སོགས་ཀྱི་དབང་གིས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཆེས་ཆེར་ཉམས་ཞན་དུ་གྱུར། 2005ལོར་རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པའི་ཚུན་དུ། ལོ་བཅུ་ཕྲག་གི་རིང་ལ་སྲུང་སྐྱོབ་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཉམས་ཞན་དུ་གྱུར་བའི་གནས་བབ་རིམ་བཞིན་བཀག་འགོག་བྱུང་། སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་བྱེད་སྟངས་ལེགས་བསྒྱུར། བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ་བཅས་བྱས་ནས། ཆུའི་འབྱུང་ཁུངས་སྲུང་སྐྱོབ་དང་རེས་མོས་ཀྱི་ཕྱུགས་འཚོ་བ། ས་རྡུལ་འགོག་བཅོས། ཐཱན་ཉུང་བཅོས་སྒྱུར། ཁེ་ལས་ཀྱི་འབག་བཙོག་བཅོས་སྐྱོང་། ལྗང་མདོག་གི་ཁེབས་ཚད་ཇེ་མང་དུ་གཏོང་བ་བཅས་སྐྱེ་ཁམས་ཀྱི་ལས་གཞི་ཆེན་པོ་རབ་དང་རིམ་པ་ལག་བསྟར་བྱས་པས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དུ་ལེགས་བཅོས་བྱུང་།
ལོ་ངོ་དུ་མའི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། ད་ལྟ་གཙང་གསུམ་འབྱུང་ཡུལ་གྱི་ག་ས་གང་དུ་སྐྱེ་སྟོབས་དང་མཛེས་ཉམས་ཀྱིས་ཁེངས་ཡོད།
ལོ་ཙཱ་བ།སྒྲོལ་མ་སྐྱིད།