གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྟེ་མཛེས་སྡུག་ཀྲུང་གོའི་མཚར་སྡུག་གི་མིང་བྱང་།(2)
2019.01.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

 གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ནི། ཏང་ཀྲུང་དབྱང་གིས་གནས་བབ་གསར་བའི་འོག་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གི་བླང་བྱ་དང་བཀོད་སྒྲིག་ལྟར་དུ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་ཆེ་ཕྱོགས་གཞིར་བཟུང་ཏེ། སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་དང་། ཆབ་སྲིད་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ཞིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་སྒྲོམ་གཞི་ཕལ་ཆེར་གྲུབ་ནས། གནད་སའི་ཁྱབ་ཁོངས་དང་གནད་འགག་གི་བརྒྱུད་རིམ་ཐད་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས།

ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བར་སྒུལ་ཤུགས་ཆེན་པོ་བསྩལ།

གཙང་གསུམ་འབྱུང་ཡུལ་གྱི་དོན་དངོས་ལྟར། ཚོད་ལྟའི་སྲིད་ཇུས་གཏན་འཁེལ་བྱེད་པའི་སྟེང་སྐྱེ་ཁམས་སྲུང་སྐྱོབ་དང་གནད་ཕིགས་དབུལ་སྐྱོར་ཕན་ཚུན་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་རྐང་རྐྱེན་སྲོལ་བཙུགས་པ་དང་། གླིང་ཁུལ་དུ་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་ཁྱོན་ཡོངས་ནས་མངོན་འགྱུར་བྱས། བསྡོམས་པས་མི་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ལ་སྐྱེ་ཁམས་ལྟ་སྲུང་པའི་ལས་གནས་དཔང་ཡིག་སྤྲད། ལོ་གསུམ་གྱི་རིང་ལ། ཞིང་ཆེན་ནོར་སྲིད་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དྲུག་ས་ཡ་བདུན་བཏང་བ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ལོ་རེར་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་འཕར་སྣོན་བྱུང་བར་མ་ཟད།  ཁོ་ཚོར་བློ་ཡུལ་ལས་འདས་པའི་གནོད་སྐྱོན་འབྱུང་བའི་ཉེན་ཚབ་ཉོ་སྒྲུབ་བྱས།

རྩྭ་ས་འགན་གཙང་ལེན་བདག་གཉེར་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་བརྟན་འཇགས་སུ་བཏང་ཏེ། གླིང་ཁུལ་གྱི་འབྲོག་པའི་རྩྭ་ས་འགན་གཙང་ལེན་བདག་གཉེར་གྱི་དབང་ཆ་མི་འགྱུར་བ་དང་། རྩྭ་སའི་འགན་གཙང་ལེན་བདག་གཉེར་དེ་རིམ་བཞིན་དམིགས་བསལ་ཆོག་འཐུས་བདག་གཉེར་ཕྱོགས་སུ་བསྒྱུར་བར་འཚོལ་ཞིབ་བྱས་ཤིང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གོང་དུ་སྤེལ་བ་བརྒྱུད་དེ། འབྲོག་པ་མང་ཚོགས་མ་རྐང་དུ་ཞུགས་པ་དང་མཉམ་ལས་ངལ་དོན་སོགས་བྱེད་སྟངས་སྣ་མང་ལ་བརྟེན་ནས་མགྲོན་ཁང་དང་གནས་སྐོར་ཁང་། འབྲོག་པའི་སྤྲོ་ཁྱིམ། མི་རིགས་རིག་གནས་འཁྲབ་སྟོན། འགྲིམ་འགྲིལ་འགན་སྲུང་། བཟའ་བཏུང་ཞབས་ཞུ་སོགས་ཀྱི་བདག་གཉེར་ལས་གཞི་སྤེལ་བར་རྒྱབ་སྐྱོར་བྱས།

འབྲོག་པ་མང་ཚོགས་ཀྱིས་སྤྱི་གླིང་གི་སྐྱེ་ཁམས་ཉམས་ཞིབ་དང་ཁོར་ཡུག་སློབ་གསོའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་ཀ་གཉེར་བར་རོགས་སྐྱོར་དང་ཁྲིད་སྟོན་བྱས་ཏེ། ཁོ་ཚོར་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་གླིང་དོ་དམ་ཁྲོད་ནས་བརྟན་འཇགས་དང་ཡུན་རིང་གི་ཕན་ཁེ་ཐོབ་པར་བྱས།

ལོ་མང་པོར་ཐག་གཅོད་མ་ཐུབ་པའི་མི་ཕྱུགས་གཉིས་ཀའི་འཐུང་ཆུ་སོགས་ཀྱི་དཀའ་ཁག་ནུས་ཡོད་སྒོས་ཐག་གཅོད་བྱས་པས། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཐོན་སྐྱེད་འཚོ་བའི་ཆུ་ཚད་བརྟན་འཇགས་ངང་མཐོར་འདེགས་བྱུང་།

སྡེ་ཁག་ཆེན་པོས་ཕྱོགས་བསྡུས་དོ་དམ་བྱེད་པའི་སྒྲིག་སྲོལ་བཙུགས་ཏེ། ནུས་ཡོད་སྒོས་མང་པོས་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་ཡོངས་སུ་བསྒྱུར། ཞིང་ཆེན་རིམ་པའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་གླིང་ཁུལ་གསུམ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་། མངག་གཏོང་དོ་དམ་ཁྲུའུ་གསུམ། ཞང་གྲོང་སྲུང་སྐྱོབ་དོ་དམ་ས་ཚིགས་བཅུ་གཉིས། སྡེ་བ་རིམ་པའི་ལྟ་སྲུང་རུ་ཁག་དང་ལྟ་སྲུང་ཡན་ལག་རུ་ཁག་ཆུང་བ་བཅས་ལས་གྲུབ་པའི་རྒྱལ་ཁབ་སྤྱི་གླིང་སྲིད་འཛིན་དོ་དམ་མ་ལག་བཙུགས་ནས། རྫོང་བཞིའི་སྡེ་ཁག་ཆེན་པོའི་སྒྲིག་སྲོལ་བཅོས་སྒྱུར་ལག་བསྟར་བྱས། ནགས་ལས་དང་རྒྱལ་ཁོངས་མངའ་ཁོངས། ཁོར་ཡུག་སྲུང་སྐྱོབ། ཆུ་བེད། ཞིང་ཕྱུགས་སོགས་སྡེ་ཁག་གི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་འགན་འཁྲི་ཧྲིལ་བསྡུས་བྱས་ཏེ། གླིང་ཁུལ་གསུམ་དུ་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་དང་། ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུའུ་བཙུགས། ནགས་ལས་ས་ཚིགས་དང་རྩྭ་སའི་བྱ་བའི་ས་ཚིགས། ས་ཆུ་སྲུང་འཛིན་ས་ཚིགས། བརླན་ས་སྲུང་སྐྱོབ་ས་ཚིགས་སོགས་ཧྲིལ་བསྡུས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དོ་དམ་ས་ཚིགས་བཙུགས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་འབྲེལ་ཡོད་དོ་དམ་འགན་འཁྲི་འཕར་སྣོན་བྱས། དུས་མཚུངས་སུ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་ཅུའུ་དང་དོ་དམ་ཡན་ལག་ཅུའུ་བཙུགས་ནས། ཧུར་ཐག་གིས་རང་བྱུང་ཐོན་ཁུངས་རྒྱུ་ནོར་གཅིག་བསྡུས་དང་གཅིག་གྱུར་དོ་དམ་བྱེད་པའི་ནུས་ཡོད་ཐབས་ལམ་འཚོལ་ཞིབ་བྱས།

སྲུང་སྐྱོབ་ས་ཁུལ་སྣ་ཚོགས་བསྐྱར་སྒྲིག་ལེགས་པོ་བྱས་ཏེ། ཤུགས་ཆེན་པོས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་སོགས་ཀྱི་ཐུན་མོང་བདེ་སྡུག་ཚོགས་པའི་མ་ལག་ཆ་ཚང་བར་སྲུང་སྐྱོབ་བྱས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དང་། རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན། ཆུ་བེད་མཛེས་ལྗོངས་ཁུལ། ཆུ་ཐོན་དངོས་རིགས་ཐོན་ཁུངས་སྲུང་སྐྱོབ་ཁུལ། ལྗོངས་ཁུལ་གྲགས་ཅན་སོགས་སྲུང་སྐྱོབ་ས་ཁུལ་དང་རང་བྱུང་ཤུལ་བཞག་ས་ཁུལ་སྣ་ཚོགས་ཀྱི་བྱེད་ནུས་བསྐྱར་སྒྲིག་དང་། ལེགས་བཅོས་སྡེབ་སྒྲིག་བྱས་པ་དང་།  གཅིག་བསྡུས་དང་གཅིག་གྱུར་གྱིས་དོ་དམ་བྱེད་པ་ལག་བསྟར་བྱས་ཤིང་། གླིང་ཁུལ་གྱི་བྱེད་ནུས་ཁུལ་སོ་སོའི་བར་གྱི་སྤྱི་ཡོངས་རང་བཞིན་དང་མཉམ་འབྲེལ་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་དྲག་ཏུ་བཏང་ཏེ། སྲུང་སྐྱོབ་ཁུལ་སྣ་ཚོགས་ལ་སྤྱི་ཡོངས་ནས་སྲུང་སྐྱོབ་དང་མ་ལག་ལྡན་པའི་སྒོ་ནས་སླར་གསོ། གཞི་གཅིག་ཅན་གྱི་དོ་དམ་བཅས་བྱས།

གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ས་དང་ནགས་ས། བརླན་ས། ས་ངོས་ཆུ། སྐམ་སའི་རི་སྐྱེས་སྲོག་ཆགས་བཅས་ཀྱི་ཐོན་ཁུངས་ལ་རྟོག་ཞིབ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་ཐོན་ཁུངས་ཀྱི་གཞི་གྲངས་སྟེགས་བུ་བཙུགས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ས་ངོས་ཆུ་དང་རྩྭ་ས། ནགས་ས། རི་སྐྱེས་སྲོག་ཆགས་སོགས་རང་བྱུང་ཐོན་ཁུངས་གྱི་རྒྱབ་ཤོག་དཀར་པོའི་དཔེ་ཆ་འགྲེམ་སྤེལ་བྱས། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུ་ལོན་རེའུ་མིག་དང་ཐོན་ཁུངས་རྒྱུ་ནོར་གྱི་དོ་དམ་དབང་ཆའི་རྩིས་ཐོ། འགན་འཁྲིའི་རྩིས་ཐོ་བཅས་བཟོ་སྒྲིག་བྱས་ནས། ཧུར་ཐག་གིས་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལས་གྲུབ་པའི་ཕན་ཁེ་དེ་ནོར་སྲིད་སྔོན་རྩིས་ཁྲོད་འཇུག་པའི་དོ་དམ་བྱེད་ཐབས་འཚོལ་ཞིབ་བྱུང་།

ལམ་ལུགས་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལམ་ལུགས་འགན་སྲུང་རྐྱེན་སྲོལ་བཙུགས། ལམ་ལུགས་ཀྱི་ངོས་ཐད་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་མ་ལག་དང་ལམ་ལུགས་མ་ལག ཚད་གཞིའི་མ་ལག སྐྱེ་ཁམས་སྲུང་སྐྱོབ་མ་ལག སྒྲིག་གཞི་འཁོར་སྐྱོད་མ་ལག མི་ཤུགས་ཐོན་ཁུངས་མ་ལག  ཚན་རྩལ་འདེགས་སྐྱོར་མ་ལག ལྟ་ཞིབ་ཚད་ལེན་དཔྱད་ཞིབ་མ་ལག དྲིལ་སྒྲོག་སློབ་གསོ་མ་ལག་བཅས་བཙུགས་པ་དང་། བྱེད་ནུས་ཡན་ལག་ཁུལ་དོ་དམ་ཚོད་འཛིན་དང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་། དམིགས་བསལ་ཆོག་འཐུས་བདག་གཉེར། རྒྱལ་སྤྱིའི་མཉམ་ལས་བརྗེ་རེས་སོགས་དོ་དམ་བྱེད་ཐབས་བཅུ་གཉིས་གཏན་ཁེལ་བྱས་ཤིང་། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་ཚད་ལྡན་དང་ལག་རྩལ་ཚད་གཞིའི་ཕྱོགས་སྟོན》གཏན་འཁེལ་བྱས་ཏེ། རི་ཆུ་ནགས་ཞིང་དང་རྩྭ་ཐང་མཚེའུ་བཅས་ལ་རྩ་འཛུགས་ཅན་གྱི་དོ་དམ་སྲུང་སྐྱོབ་དང་དྲ་མིག་ཅན་གྱི་སྐོར་ཞིབ་བྱེད་པར་སྐུལ་འདེད་བཏང་།

《ཚོད་ལྟའི་ཇུས་གཞི》ལྟར། མཚོ་སྔོན་ཞིང་ཆེན་དང་གཙང་གསུམ་འབྱུང་ཡུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཧུར་ཐག་གིས་བརྩོན་ལེན་དང་ཕྱོགས་མང་པོའི་འབད་བརྩོན་བརྒྱུད་ནས། ཤུགས་ཆེན་པོས་མ་དངུལ་འགན་སྲུང་གི་ཡུན་ཕན་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་བཙུགས། རྒྱལ་ཁབ་སྤྱི་གླིང་གིས་སྔར་ལས་གཟབ་ནན་གྱི་སྐྱེ་ཁམས་སྲུང་སྐྱོབ་དགོས་མཁོ་ལག་བསྟར་བྱེད་པར་བསམ་གཞིགས་ལེགས་པོ་བཏང་ཏེ། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་ཇུས་གཞི》གཏན་ཁེལ་བྱས་པ་དང་། ཕྱུགས་བཀག་དང་ཕྱུགས་ཇེ་ཉུང་དུ་གཏོང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་སྟེང་། རིམ་བཞིན་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་དང་མཐུན་པའི་རྩྭ་སའི་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་བཏང་ཞིང་། རྩྭ་སའི་དཔྱད་ཞིབ་ལྟ་སྐུལ་དོ་དམ་རྐྱེན་སྲོལ་དང་བྱས་འབྲས་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཏེ། ཁྱོན་ཡོངས་ནས་རྩྭ་ས་ལྟར་ཕྱུགས་གྲངས་གཏན་ཁེལ་དང་རྩྭ་ཕྱུགས་དོ་མཉམ་གྱི་ལམ་ལུགས་ཁྱབ་སྤེལ་བྱས་པས། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་འབྱུང་བ་དང་། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་བརྟན་འཇགས་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་ཐོབ། དུས་མཚུངས་སུ། གཏེར་ལས་གྱི་དབང་ཆ་ཕྱིར་འཐེན་དང་ཐོན་ཁུངས་གསོག་ཉར། བཞུར་རྒྱུན་ལས་བརྒལ་བའི་སྐྱིན་ཚབ་སོགས་རྣམ་པ་གསར་བའི་སྐྱིན་ཚབ་རྐྱེན་སྲོལ་ཞིབ་འཇུག་འཚོལ་ཞིབ་བྱས་ནས། ཐོག་མའི་གྲུབ་འབྲས་བླངས་ཡོད།

ལོ་ཙཱ་བ། སྒྲོལ་མ་སྐྱིད།