སྐྱེ་ཁམས་ཁོར་ཡུག་གི་ཤེས་བྱ་ངོ་སྤྲོད།
2019.01.04 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 49

 སྐྱེ་ཁམས་མ་ལག་ནི་རྩི་ཤིང་དང་སྲོག་ཆགས། ད་དུང་སྐྱེ་དངོས་བཅས་ཀྱི་ཚེ་སྲོག་གི་མ་ལག་དང་། གནམ་གཤིས་དང་ས་གཞི། ས་གཤིས། འཕྲེད་ཐིག་གི་ཏུའུ་གྲངས་སོགས་ཁོར་ཡུག་གི་མ་ལག་གིས་ཕན་ཚུན་ལ་སྐུལ་འདེད་དང་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་དང་གོ་རིམ་མང་པོའི་མཉམ་འདུས་ཕུང་བོ་ཞིག་ཡིན་ལ། སྐྱེ་ཁམས་མ་ལག་ནི་སྐྱེ་དངོས་དང་སྐྱེ་དངོས་མིན་པའི་དངོས་པོ་དང་། དེ་འཚོ་གནས་བྱེད་སའི་ཁོར་ཡུག་གིས་གྲུབ་པའི་རང་བྱུང་གི་མཉམ་འདུས་ཕུང་བོ་ཞིག་ཡིན། སྐྱེ་ཁམས་མ་ལག་བར་གཏན་འཁེལ་གྱི་བར་ཐག་ཅིག་མེད་དེ། སྐྱེ་ཁམས་མ་ལག་ཅིག་དལ་གྱིས་སྐྱེ་ཁམས་མ་ལག་གཞན་ཞིག་ལ་འགྱུར་ཐུབ། དེའི་རྒྱ་ཁྱོན་ཐད་ནས་བཤད་ན། མི་རྣམས་ཀྱིས་སྐྱེ་ཁམས་མ་ལག་ཁག་གསུམ་དུ་དབྱེ་ཡོད་དེ། ཁག་དང་པོ་ནི་སྐྱེ་ཁམས་མ་ལག་ཆུང་བ་སྟེ། དཔེར་ན་གྲོག་ཚང་དང་ཤིང་སྡོང་རུལ་བ་སོགས་ལྟ་བུ། ཁག་གཉིས་པ་ནི་སྐྱེ་ཁམས་མ་ལག་འབྲིང་བ་སྟེ། དཔེར་ན་མཚེའུ་དང་ནགས་ཚལ་ཆུང་བ། འདམ་རྫབ། ཐང་ཆེན་སོགས་ལྟ་བུ། རྒྱ་མཚོ་དང་འཁྱག་པའི་ས་ཁུལ། རྩྭ་ཐང་། གདོད་མིའི་ནགས་ཚལ་སོགས་ནི་ཁག་གསུམ་པ་སྐྱེ་ཁམས་མ་ལག་ཆེན་པོའི་ཁོངས་སུ་གཏོགས།

སྐྱེ་ཁམས་མ་ལག་གི་རྣམ་པ་ལ་རང་བྱུང་སྐྱེ་ཁམས་མ་ལག་དང་། རང་བྱུང་སྐྱེ་ཁམས་མ་ལག་ཕྱེད་ཙམ་པ། མིས་བཟོས་སྐྱེ་ཁམས་མ་ལག་བཅས་ཁག་གསུམ་དུ་དབྱེ་ཆོག རང་བྱུང་སྐྱེ་ཁམས་མ་ལག་ད་དུང་རྒྱ་མཚོའི་སྐྱེ་ཁམས་མ་ལག་དང་རྩྭ་ཐང་སྐྱེ་ཁམས་མ་ལག ནགས་ཚལ་སྐྱེ་ཁམས་མ་ལག་བཅས་སུ་དབྱེ་ཆོག

སྐྱེ་དངོས་ཀྱི་སྐྱེ་ཁམས་མ་ལག

སྐྱེ་དངོས་ཀྱི་ཁམས་ལ་རིམ་པ་གསུམ་ཡོད་དེ། མཁའ་རླུང་གི་རིམ་པ་སྟེ་རླུང་ཁམས་ཆེན་པོའི་རིམ་པ་དང་། ཆུའི་རིམ་པ་སྟེ་ཆུའི་ཁམས། སྲ་གཟུགས་ཀྱི་རིམ་པ་སྟེ་བྲག་རྡོ་ཡི་ཁམས་བཅས་ཡིན། སྐྱེ་དངོས་མང་ཆེ་བའི་བྲག་རྡོའི་ཁམས་ཀྱི་རྒྱ་བསྐྱེད་ཡུལ་ས་ངོས་མན་ཆད་ཀྱི་སྨི་བཅུ་ལས་བརྒལ་མི་ཐུབ། འོན་ཀྱང་རླུང་ཁམས་ཆེན་པོའི་རིམ་པའི་ཁྲོད་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་སྟོང་དྲུག་ལ་སླེབས་ཐུབ། སྐྱེ་དངོས་ཆུ་ནང་དུ་གང་སར་མཐོང་ཐུབ་ལ་ཐ་ན་རྒྱ་མཚོ་ཆེན་པོའི་སྨི་ཁྲི་གཅིག་ལྷག་གི་ཆུ་གཏིང་དུ་ཡང་སྐྱེ་དངོས་ཡོད། སྐྱེ་དངོས་མང་ཆེ་བ་ས་ངོས་དང་ཆུ་འོག་གི་སྨི་ཉི་ཤུ་ནས་སྨི་སུམ་ཅུའི་གནས་སུ་འདུས་ཡོད། སྐྱེ་དངོས་ཀྱི་ཁམས་གནས་དགོས་ན་ངེས་པར་འཛད་མཐའ་མེད་པའི་ནུས་པ་འདོན་སྤྲོད་བྱ་དགོས། ཉི་མའི་འོད་ཀྱི་ནུས་པ་རྫས་འགྱུར་ནུས་པའི་རྣམ་པར་གྱུར་ཏེ་ལྗང་མདོག་གི་རྩི་ཤིང་གི་སྐྱེ་ལྡན་ཕུང་བོའི་ཁྲོད་དུ་གསོག་ཐུབ་པར་མ་ཟད། སྐྱེ་ལྡན་ཕུང་བོ་ཞིག་སྐྱེ་ལྡན་ཕུང་བོ་གཞན་ཞིག་ཏུ་འགྱུར་ཐུབ།

མདོ་དབུས་མཐོ་སྒང་ནི་འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཡིན། མཐོ་སྒང་དུ་ཁྱད་ལྡན་སོན་ལྡན་རྩི་ཤིང་སྟོང་གསུམ་དང་བདུན་བརྒྱ་དྲུག་ཅུ་ཡོད་པ་དང་།   རྩ་ཆེ་ཞིང་འཇིག་ཉེན་ཆེ་བའི་རྩི་ཤིང་སྣ་སུམ་བརྒྱ་ལྷག་ཡོད།

རྩ་ཆེ་བ་དང་འཇིག་ཉེན་ཆེ་བའི་སྐྱེ་དངོས་རིགས་སླར་གསོ་དང་རྒྱ་བསྐྱེད་པ་ནི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཕན་འབྲས་ཐོབ་པའི་མཚོན་རྟགས་མངོན་གསལ་ཅིག་རེད།

སྐྱེ་དངོས་འཚོ་སྡོད་ཀྱི་གནས་ལེགས་བཅོས་བྱེད་པ་ནི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་རྨང་གཞི་ཡིན།  2005ལོའི་ཚུན་ལ། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་བྱེ་འགྱུར་ཅན་གྱི་ས་ཆར་བཀག་འགོག་ཐོབ་པ་དང་། བརླན་སའི་རྒྱ་ཁྱོན་ཇེ་ཆེར་སོང་བས། རྩི་ཤིང་གི་སྐྱེ་ཁམས་གནས་བབ་ལེགས་བཅོས་བྱུང་བ་དང་། རི་སྐྱེས་སྲོག་ཆགས་འཚོ་སྡོད་ཀྱི་གནས་ཐར་ཐོར་གྱི་འཕེལ་རིམ་ནས་ཆ་ཚང་རང་བཞིན་དུ་གྱུར་ལ། སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་སོང་།

ཆུའི་སྐྱེ་ཁམས་མ་ལག

ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་དང་ཚེ་སྲོག་སྐྱོང་བའི་ཉིང་ཁུ་ཞིག་ཡིན་ཏེ ། འཛམ་གླིང་སྟེང་ཐོན་ཁུངས་ཆེས་མང་བ་དང་རྒྱ་ཁྱོན་ཆེས་ཆེ་བ་ནི་ཆུ་ཡིན ། སའི་གོ་ལའི་ངོས་ཀྱི་རྒྱ་ཁྱོན་ཀྱི  70%  ནི་ཆུ་ཡིས་བཀང་ཡོད་པས་སའི་གོ་ལའི་མིང་གཞན་ལ་ཆུ་ཡི་གོ་ལ་ཞེས་ཀྱང་གྲགས་ཡོད ། ཆུ་ནི་གཤེར་གཟུགས་ཡིན་པས་བཞུར་ཆོག་པ་དང་ ། སྲ་གཟུགས་ཡང་ཡིན་ཏེ་ཆུ་འཁྱགས་པར་གྱུར་ན་ཆབ་རོམ་དུ་འགྱུར ། ད་དུང་དབུགས་གཟུགས་ཡང་ཡིན་ཏེ་རླངས་པར་གྱུར་ནས་མཁའ་རུ་འགྲོ་བའམ་སྤྲིན་དུ་འགྱུར་བ་ཡིན །

མདོ་དབུས་མཐོ་སྒང་འདིར་གངས་ཀྱི་རི་བོ་དང་སྐད་གྲགས་ཆེ་བའི་ཆུ་ཆེན་པོ་དང་། མཚོ་དང་མཚེའུ ། ཆུ་ཚན་བགྲང་གིས་མི་ལངས་པ་ཡོད། ཆུ་ལས་སྨུག་པ་དང་སྤྲིན་དཀར ། ཆར་བ ། ཟིལ་བ ། སེར་བ ། ཁ་བ ། བད་སོགས་བྱུང་བ་ཡིན་པས་ཆུ་ནི་རླུང་ཁམས་ཆེན་པོའི་གྲུབ་ཆ་གཙོ་བོ་ཡིན ། ཆུ་ནི་ཚེ་སྲོག་གི་འབྱུང་རྩ་དང་སྐྱེ་འགྲོ་ཡོངས་ཀྱི་ཟུངས་ཁྲག་ལྟ་བུ་ཡིན་ཏེ། རང་བྱུང་ཁམས་ཀྱི་རྩི་ཤིང་ནགས་ཚལ་དང་རི་དྭགས་གཅན་གཟན་སོགས་སྐྱེ་དངོས་གང་ཞིག་ཡིན་ནའང་ཆུ་མེད་ན་འཚོ་ཐབས་མེད་ལ་གསོན་ཐབས་བྲལ་བ་ཡིན།

ཆུ་ནི་རང་བྱུང་ཁམས་ཆེན་པོའི་ཟུངས་ཁྲག་གི་དྭངས་མ་དང་དབུགས་ལྡན་སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན། འོ་ན་ང་ཚོས་དེ་ལ་སྲུང་སྐྱོབ་ཇི་ལྟར་བྱ་དགོས་ཞེ་ན། གཅིག་ནས་ཆུ་ནི་རིན་པོ་ཆེ་ཞིག་ཡིན་པ་དང་ ། ཆུ་དང་མིའི་ཚེ་སྲོག ། ཆུ་དང་སྐྱེ་དངོས་ཐམས་ཅད་བར་ཀྱི་འབྲེལ་བ ། ཆུའི་ཕན་ཡོན་གང་འདྲ་ཡིན་པ་སོགས་ཤེས་སུ་བཅུག་ནས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་ཆུའི་ཐོན་ཁུངས་ལ་གཅེས་འཛིན་བྱ་བའི་བསམ་བློའི་འདུ་ཤེས་ཡག་པོ་ཡོད་དགོས། གཉིས་ནས་རང་རྒྱལ་གྱི་ཁྲིམས་ལུགས་ལ་སློབ་སྦྱོང་བྱས་ནས་ཆུ་ལ་སྲུང་སྐྱོབ་བྱེད་པ་དང་། སྲིད་གཞུང་དང་མི་སྒེར་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ཆུའི་འགོ་ཁུངས་ལ་སྡོང་འཛུགས་ནགས་སྐྲུན་བྱེད་པ་དང་ཕྱུགས་འཚོ་སྐྱོང་བྱེད་པ་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་ལས་ལ་བརྩོན་འགྲུས་ཆེན་པོ་བྱེད་དགོས། གསུམ་ནས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཆུ་གྲོན་ཆུང་བྱེད་པ་དང་ ། བཞུར་ཆུ་དང་མཚོ་དང་མཚེའུའི་ནང་དུ་གད་སྙིགས་གང་སར་མི་འབོ་བ། ས་རྐོ་རྡོ་སློག་མི་བྱེད་པ ། ཆུ་བོའི་བཞུར་རྒྱུད་དུ་གཏེར་ཁ་སྔོག་པ་དང་ཤིང་སྡོང་མི་གཅོད་པར་སྲུང་སྐྱོབ་གང་ལེགས་བྱེད་དགོས།  བཞི་ནས་བཟོ་གྲྭའི་འཕྲུལ་ཆས་ཆེས་བཟང་བ་དང་ལག་རྩལ་ཆེས་མཐོ་བའི་སྒོ་ནས་ཐོན་རྫས་གཙང་མ་བཟོ་བ། ཆུ་དང་ཆུའི་ཁོར་ཡུག་ལ་གནོད་པ་ཆེ་བའི་བཟོ་གྲྭ་དང་ཁེ་ལས་མི་འཛུགས་པ་སོགས་བྱེད་དགོས།

ཞིང་ལས་སྐྱེ་ཁམས་ཀྱི་མ་ལག

གྲོ་དང་ཡུང་མ་འདེབས་ས། ཐ་ན་མིས་བཙུགས་པའི་ནགས་ཚལ་བཅས་ལ་ཞིང་ལས་སྐྱེ་ཁམས་མ་ལག་ཅེས་བཤད་ཆོག སྐྱེ་དངོས་ཀྱི་རང་བྱུང་ཚོགས་པ་དང་བསྡུར་ན། དེ་དག་ཚང་མ་མིའི་ངལ་རྩོལ་ལ་བརྟེན་ནས་བསྐྲུན་པ་རེད། གལ་ཏེ་ཞིང་ལས་སྐྱེ་ཁམས་མ་ལག་ཡུན་རིང་གནས་པར་བྱེད་དགོས་ན་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་མིས་འབད་བརྩོན་ལ་བརྟེན་དགོས་ཏེ། མིས་ལུད་བརྒྱག་པ་དང་། སྲོག་ཆགས་དང་རྩི་ཤིང་གི་གྲངས་ཚད་ལ་ལྟ་རྟོག་དང་ཚོད་འཛིན་བྱས་ཏེ། སྐྱེ་ཁམས་དོ་མཉམ་པར་བྱ་དགོས།  ཞིང་ལས་ཐད་ལུད་རྫས་དང་སྨན་རྫས་ཚད་ལྡན་བཀོལ་བ་དང་སྨན་རྫས་ཀྱི་གྲངས་ཚད་ཚན་རིག་དང་མཐུན་པ་བྱེད་དགོས།

སྐྱེ་ཁམས་གནས་སྐོར་གྱི་ཁྱད་ཆོས་གཙོ་བོ་ནི་དེའི་རྩ་འཛུགས་བྱེད་མཁན་ཚོས་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་། རང་བྱུང་ཁམས་ལ་དགའ་མཁན་ཚོས་གནས་སྐོར་བྱེད་སྐབས་སྐྱེ་ཁམས་ལ་གཏོར་བརླག་མི་བྱེད་པ་དེ་རེད། དེའི་ལས་འགན་གཙོ་བོ་ནི་སྐྱེ་ཁམས་ཇེ་སྡུག་ཏུ་སོང་མེད་པའི་ས་ཁུལ་དུ་གནས་སྐོར་བྱེད་པ་དང་། གནས་སྐོར་བ་ལ་སྐྱེ་ཁམས་ཐད་ཀྱི་སློབ་གསོ་གཏོང་བ། གནས་སྐོར་ཀུང་སི་ཁ་ཤས་ཀྱིས་རང་གི་མགྲོན་པོ་རྣམས་ལ་ཆེད་དུ་སྐྱེ་ཁམས་སྐོར་གྱི་གསོ་སྦྱོང་བྱེད་པ་བཅས་ཡིན། དེའི་དམིགས་ཡུལ་གཙོ་བོ་ནི་གནས་སྐོར་བ་རྣམས་ལ་རང་བྱུང་ཁམས་ཀྱི་གདོད་མའི་རྣམ་པར་གཏོར་བརླག་བྱེད་དུ་མི་འཇུག་རྒྱུ་དེ་རེད། །

མདོ་དབུས་མཐོ་སྒང་གི་ཡངས་ཤིང་མུ་མཐའ་བྲལ་བའི་རྩྭ་ཐང་ནི་བོད་མི་རིགས་ཀྱི་ཁྱིམ་གཞིའི་འཚོ་རྟེན་ཡིན་ལ།  རྩྭ་ཐང་གིས་བྱེ་རླུང་འགོག་པ་དང་། ས་ཆུ་སྲུང་འཛིན་བྱེད་པ ། ས་གཤིས་ཇེ་ལེགས་སུ་གཏོང་བ །  མཁའ་དབུགས་གཙང་བོར་བསྒྱུར་བ །  གནམ་གཤིས་ཀྱི་དྲོད་གྲང་སྙོམ་པ་སོགས་ཕན་ནུས་གང་མང་ལྡན།

སྤྱིར་མདོ་དབུས་མཐོ་སྒང་ནི་རྒྱ་མཚོའི་ངོས་ལས་ཆེས་མཐོ་བ་སྟེ་ཆ་སྙོམས་ཀྱིས་སྨིད3500—5000 ཡོད་པ་དང་ ། ས་གཞིའི་རྒྱ་ཁྱོན་ཆེས་ཆེ་བ །    མཐོ་སྒང་གི་ཆགས་ཚུལ་ཆེས་གསར་བ་ཞིག་ཡིན་པ་བཅས་ཁྱད་ཆོས་ཆེན་པོ་གསུམ་ལྡན་ཞིང་། དེའི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་མཚོན་ན་ཆར་ཆུ་ཉུང་ཞིང་སྐམ་ཤས་ཅུང་ཆེ་བ །  རྩྭ་རིགས་རྩི་ཤིང་མང་བ ། རྐྱང་དང་གཙོད་སོགས་རི་དྭགས་མང་བ ། ནགས་ཚལ་དང་བསྡུར་ན་རྩི་ཤིང་དང་སྲོག་ཆགས་ཀྱི་རིགས་ཉུང་སྟེ །ལྷག་པར་དུ་ཤིང་སྡོང་མཐོན་པོ་དང་ཆུ་སྐྱེས་སྲོག་ཆགས །  སྐམ་ཆུ་གཉིས་གནས་ཀྱི་སྲོག་ཆགས་སོགས་ཅུང་དཀོན་པ་ཞིག་ཡིན །

རྩྭ་སའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་མདོ་དབུས་མཐོ་སྒང་དང་ཐ་ན་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་དོ་མཉམ་ཡོང་བར་ཕན་པ་རྒྱ་ཆེ་ཞིང་མི་སྲོག་སྐྱེ་དངོས་ཡོངས་ཀྱི་བདེ་སྐྱིད་ཀྱི་རེ་བ་ཉག་ཅིག་ཡིན། དེར་བརྟེན།  རྩྭ་སའི་ནང་ས་རྐོ་རྡོ་སློག་སོགས་མི་བྱེད་པ་དང་། ལྷག་པར་དུ་དཔལ་འབྱོར་གྱི་རིན་ཐང་ཉུང་ཉུང་ཙམ་གྱི་ཆེད་དུ་ས་རྒོད་སློག་པ་དང་ །  སྨན་རྩྭ་རྐོ་བ། སྤང་ཤུན་བཀོག་པ །   ཕྱུགས་ཟོག་འཚོ་གྲངས་མང་བ །   རི་ལུང་གི་གཏེར་ཁ་སྔོག་འདོན་སོགས་གཏན་ནས་མི་བྱེད་པ་དེ་ཆེས་གལ་ཆེ།

ང་ཚོའི་མེས་པོ་ནི་བསྐལ་བ་ཡ་ཐོག་ནས་བཟུང་མདོ་དབུས་མཐོ་སྒང་དུ་འཚོ་བ་རོལ་ཞིང་གཞི་ཆགས་པ་དང་། སྔོ་ལྗང་གི་རྩྭ་ཐང་ནི་བོད་མིའི་སྒོ་ཟོག་རྟ་ནོར་ལུག་གསུམ་གྱི་འཚོ་གནས་དང་ཤ་མར་ཐུད་གསུམ་གྱི་འབྱུང་གནས་ཡིན །    དེར་བརྟེན། མི་སུ་ཞིག་ཡིན་ནའང་སའི་གོ་ལའི་རྩྭ་ཐང་གི་ཁོར་ཡུག་ལ་བཙོག་བཟོ་མི་བྱེད་པར་ཡ་རབས་ཀྱི་སྤྱོད་ལམ་དང་ཀུན་ཕན་གྱི་འདུ་ཤེས་བཟང་པོ་ཞིག་རང་རྒྱུད་ལ་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན།

ཅི་ཞིག་ལ་རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཟེར།

རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི་སྐྱེ་ཁམས་རིག་པ་དང་སྐྱེ་ཁམས་དཔལ་འབྱོར་གྱི་རྩ་བའི་རིག་པའི་ཆོས་ཉིད་ལྟར། ཡུལ་བབ་དང་བསྟུན་ཏེ་རྩྭ་ཐང་གི་ཕྱུགས་ལས་ཐོན་སྐྱེད་ཇུས་འགོད་དང་མཐུན་སྦྱོར། ལེགས་སྒྲིག དོ་དམ་བཅས་བྱེད་པའི་བརྒྱུད་རིམ་དང་ལྡན་པའི་ལས་གཞིའི་མ་ལག་དེ་ཡིན། ཡང་བཤད་ན། རྩྭ་ཐང་གི་ཐོན་ཁུངས་ཁོར་ཡུག་བཟང་བ་དང་ཐོན་ལས་ཀྱི་འབྲེལ་ཐག་རིང་དུ་བསྲིངས་ཤིང་ཐོན་རིམ་འཕར་བ། ཐོན་ལས་ཀྱི་ཕན་འབྲས་དང་སྤུས་ཚད་སོགས་མུ་མཐུད་དུ་ལེགས་པར་མཐོར་འདེགས་འབྱུང་བ་དང་། ཚོང་ཟོག་ཁྲོམ་རའི་འགྲན་རྩོད་ཀྱི་འཁོར་རྒྱུག་ཁྲོད་དུ་ཞུགས་པའམ་ཚོང་ཟོག་ཐོན་ལས་མུ་མཐུད་དུ་འཕེལ་རྒྱས་འགྲོ་ཐུབ་པའི་ཕྱུགས་ལས་ཐོན་སྐྱེད་བདག་གཉེར་དང་དོ་དམ་བྱེད་པའི་དཔལ་འབྱོར་རིག་པའི་མ་ལག་ཅིག་ལ་ཟེར་ཞིང་། ངོ་བོའམ་རང་བཞིན་གྱི་སྒོ་ནས་བཤད་ན། མང་ཚོགས་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་ངོ་བོ་རྒྱུན་འཁྱོངས་སྒོས་ཐུན་མོང་གི་བློ་ཁོག་གཅིག་ཏུ་ཕྱོགས་པ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་སོགས་ཁྱད་ཆོས་སྣ་ཚོགས་ལྡན་པའི་ཐུན་མོང་གི་ཚོགས་པ་ཞིག་ལ་ངོས་འཛིན་བྱེད་པ་ཡིན།

སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཞུགས་པའི་སྔོན་འགྲོའི་ཆ་རྐྱེན་ལྔ་ནི་གང་དག་ཡིན།

གཞི་རྩའི་ཆ་ནས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཞུགས་པ་ལ་ཐོག་མར་ཁོངས་མི་རང་སྟེང་ནས་ཀུན་སློང་ངམ་རྣམ་འགྱུར་ཅི་འདྲ་ཞིག་ཡིན་པ་དེ་སྔོན་འགྲོའམ་རྨང་གཞི་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་རེད། དེའི་ཕྱིར་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཞུགས་ན་ཐོག་མར་ཆ་རྐྱེན་ལྔ་ལྡན་དགོས་ཏེ། དེ་དག་ནི་ཆོད་སེམས་དང་ཡིད་ཆེས། བློ་གཅིག་སེམས་གཅིག རང་མོས། ལྷག་བསམ་རྣམ་དག་བཅས་ཡིན། རང་མོས་ནི་མཉམ་ལས་ཁང་གི་ནང་དུ་ཞུགས་པའི་གནད་འགག་གལ་ཆེན་ཞིག་ཡིན། རྒྱུ་མཚན་ནི་མཉམ་ལས་ཁང་དུ་ཞུགས་པར་ཐོག་མར་མི་བུའམ་ཚོགས་མི་རང་སྟེང་ནས་རང་མོས་ཡིན་དགོས་པ་ལས་གཞན་མིས་བཙན་སྐུལ་གྱི་བྱ་སྤྱོད་སོགས་སྤེལ་ཏེ་ཞུགས་སུ་འཇུག་མི་རུང་། རང་མོས་ཀྱིས་མཉམ་ལས་ཁང་དུ་ཞུགས་པ་ཡིན་ན་རྗེས་ཕྱོགས་ཀྱི་རྙོག་དྲ་སྣ་ཚོགས་མི་འབྱུང་བའི་རྨང་གཞི་ལྟ་བུར་ཆགས་ཡོད་པས། མི་སྒེར་རང་མོས་རང་འཐད་ཡིན་མིན་ནི་མཉམ་ལས་ཁང་དུ་ཞུགས་པའི་སྔོན་འགྲོའི་ཆ་རྐྱེན་དུ་གྲུབ་ཡོད་པ་རེད། མཉམ་ལས་ཁང་དུ་ཞུགས་པར་རང་མོས་ཡིན་ན། ལྷག་བསམ་རྣམ་དག་ཡིན་དགོས། དཔེར་ན། མཉམ་ལས་ཁང་དུ་ཞུགས་མཁན་གྱིས་ཐག་བཅད་ལྟར་མ་རྐང་ངེས་ཅན་ཞིག་འཇོག་དགོས་མོད། མི་ལ་ལས་ཁེ་ཕན་ཅི་ཐོབ་ཀྱི་གཞི་རྩར་དམིགས་པ་ལས་ཚད་ཅན་གྱི་མ་རྐང་འཇོག་འདོད་མེད་པ་རེད། དེ་ནི་ལྷག་བསམ་རྣམ་དག་མ་ཡིན་པའི་རྟགས་སུ་མངོན་པ་རེད།

དེ་བཞིན་དུ་མཉམ་ལས་ཁང་དུ་ཞུགས་ན་ངེས་པར་ཆོད་སེམས་དང་ཡིད་ཆེས་བརྟན་པོ་ཞིག་དགོས་ཤིང་། དེ་ནི་མི་སྒེར་རང་ཉིད་དང་ཐུན་མོང་གི་ཁེ་ཕན་གཉིས་རྩ་བའི་རྨང་གཞི་གཅིག་ཏུ་བསམ་སྟེ། མཉམ་ལས་ཁང་གི་རྩ་དོན་དང་གྲོས་ཆོད་ལྟར་བྱ་བ་བསྒྲུབ་པར་བློ་ཐག་རྦད་ཆོད་བྱེད་དགོས། གཞན་ད་དུང་མཉམ་ལས་ཁང་དུ་ཞུགས་རྗེས། བློ་གཅིག་སེམས་གཅིག་གིས་དམངས་ཀྱིས་སྒྲུབ་པ་དང་དམངས་ཀྱིས་སྐྱོང་བ། དམངས་ལ་ཕན་པ་བཅས་ཀྱི་རྩ་དོན་དང་དམིགས་ཡུལ་གཞིར་བཟུང་སྟེ་བྱ་བ་སྒྲུབ་ཅིང་ལས་གཞག་སྲུང་དགོས་པ་རེད། མདོར་ན་ང་ཚོ་ཐུན་མོང་གི་སྟོབས་ཤུགས་ཟུང་འབྲེལ་དང་ནུས་ཤུགས་མཉམ་འདོན་གྱིས་འཛུགས་སྒྲུབ་བྱས་པའི་མཉམ་ལས་ཁང་བརྒྱུད་དེ་ཕྱུགས་ལས་མཁོ་སྒྲུབ་ཀྱི་ཐོན་སྐྱེད་རྒྱུ་ཆ་ཉོ་སྒྲུབ་དང་། འབྲོག་ལས་ལས་སྣོན་གྱི་ཐོན་རྫས་ཕྱིར་འཚོང་བྱེད་པ། མཉམ་ལས་ཁང་གི་བྱ་བར་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་དགོས་པ་སོགས་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།