ལོ་ངོ་བཞི་བཅུའི་རིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགྱུར་ལྡོག་གླེང་བ། (1)
2019.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

 བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་ལ། མི་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ངོས་ཟིན་ལ་འགྱུར་ལྡོག་ཟབ་མོ་བྱུང་ཡོད།

ལོ་ངོ་བཞི་བཅུའི་རིང་ལ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གྱུར་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རིམ་བཞིན་ལེགས་བཅོས་བྱུང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་མཐར་ཕྱིན་དང་། ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པའི་བླང་བྱ་གལ་ཆེན་དངོས་འབེབས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པ་རྒྱུན་འཁྱོངས་དང་། སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ལེགས་འཚོ་བ་གསར་བསྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་བཏོན་པ་དེ་ནི། དུས་རབས་ཀྱི་འབོད་སྒྲ་ཡིན་ལ། མི་དམངས་ཀྱི་རེ་སྒུག་ཀྱང་ཡིན།

ཉེ་བའི་ལོ་འདི་འགར། ཞིང་ཆེན་ཡོངས་ཀྱི་འབད་བརྩོན་འོག་ཏུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་། ཨ་ཆེན་གངས་རྒྱབ་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁྲོད་ཚུད་དེ། མདོ་དབུས་མཐོ་སྒང་དུ་འཛམ་གླིང་རང་བྱུང་ཤུལ་བཞག་མེད་པའི་སྐོང་ཆ་བསྐངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མདོ་ལ་རི་བོའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་དེ་རྒྱལ་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཚོད་ལྟའི་ཁྱབ་ཁོངས་སུ་འཇོག་པར་ཆོག་མཆན་བཀོད། གཙང་གསུམ་འབྱུང་ཡུལ་དུ་སླར་ཡང་མཚོ་མོ་སྟོང་གི་མཛེས་ཉམས་མངོན་པ་དང་། མཚོ་སྔོན་པོའི་ཆུའི་གཞི་ཁྱོན་ཆེས་ཆེར་འཕར་སྣོན་བྱུང་ཏེ། བྱ་རིགས་ཉིས་བརྒྱ་ཉེར་གསུམ་དང་བྱ་འབུམ་གསུམ་ལྷག་གནས་དེ་རུ་འཚོ་སྡོད་བྱེད་ཀྱིན་ཡོད། ཞིང་ཆེན་ཡོངས་ཀྱི་བརླན་སའི་གཞི་ཁྱོན་སྤྱི་ཆིང་ས་ཡ་བརྒྱད་འབུམ་གཅིག་ཁྲི་བཞིར་བསླེབས་ཏེ་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་མཁའ་དབུགས་སྔར་ལས་དྭངས་གཙང་ཡིན་ཚད་དེ་ཆ་སྙོམས་ཀྱིས་བརྒྱ་ཆའི་གྱ་བརྒྱད་དུ་བསླེབས་ཡོད།

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པ་དེ་མཚོ་སྔོན་པའི་ཐུན་མོང་གི་ངོས་ཟིན་དུ་གྱུར་ཡོད།

བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་ལ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མི་སྣས་ལྗང་མདོག་འཚོལ་སྙེག་བྱས་ཏེ་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་པའི་གོམ་ཁ་ནམ་ཡང་ལྷོད་མ་མྱོང་།

ལོ་ངོ་བཞི་བཅུའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དཔུང་སྡེ་ཡིས་ཐོག་མཐའ་བར་གསུམ་དུ་ལྗང་མདོག་དང་སྐྱེ་ཁམས་འཕེལ་རྒྱས་དེ་གོ་གནས་གཙོ་བོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱས་པ་དང་། ཤུགས་ཆེན་པོས་སྐྱེ་ཁམས་འཛུགས་སྐྲུན་གྱི་མཐོ་ས་འཛུགས་སྐྲུན་བྱས། ལྷག་པར་དུ་ཉེ་བའི་ལོ་འདི་འགར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཞིང་ཆེན་ཏང་ཨུའི་ལྔ་བཞི་འཐབ་ཇུས་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་གཞིར་བཟུང་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་སྤུས་ཚད་མངོན་གསལ་དུ་ལེགས་བཅོས་བྱུང་བ། མཁར་གྲོང་གི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གྱུར་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་བརྟན་དུ་གྱུར་ཏེ། ལྗང་མདོག་གི་མཚོ་སྔོན་ཞིག་འཛུགས་སྐྲུན་བྱེད་པའི་ཕུགས་འདུན་རིམ་བཞིན་མངོན་འགྱུར་བྱུང་།

ལོ་ངོ་བཞི་བཅུའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཁོར་ཡུག་གི་འབག་བཙོག་འགོག་བཅོས་བྱེད་པ་དེ་ས་ཁོངས་གི་འགོག་བཅོས་ནས་ཁྱོན་ཡོངས་ནས་འགོག་བཅོས་བྱེད་པའི་ཕྱོགས་སུ་རྒྱ་བསྐྱེད་པ་དང་། ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པ་དམིགས་འབེན་དུ་བརྩིས་ནས་འབག་བཙོག་འགོག་བཅོས་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཏེ། རིམ་བཞིན་གནད་སའི་བཟོ་ལས་ཀྱི་འབག་བཙོག་མགོ་ཁུངས་འགོག་བཅོས་ལས་གཞི་ཡོངས་འགྲུབ་བྱས་པ་དང་། གནད་སའི་མཁར་གྲོང་དང་ལས་རིགས་ཀྱི་ཁོར་ཡུག་འབག་བཙོག་བཅོས་སྐྱོང་ཁྱོན་ཡོངས་ནས་སྤེལ་ལ། བཙོག་སེལ་ཆོག་མཆན་དཔང་ཡིག་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཤིང་། འབག་བཙོག་ཚོད་འཛིན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ནས། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་བརྟན་འཇགས་བྱུང་བ་དང་། ཁོར་ཡུག་གི་སྤུས་ཚད་རིམ་བཞིན་ལེགས་བཅོས་བྱུང་།

ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཡུལ་བབ་དང་བསྟུན་ནས། ཐལ་རྡུལ་སྔོན་འགོག་དང་རྡོ་སོལ་ཉུང་དུ་གཏོང་བ། རླངས་འཁོར་ཚོད་འཛིན། ཁེས་ལས་བཅོས་སྐྱོང་སོགས་ཀྱི་བཅོས་སྐྱོང་བྱེད་ཐབས་དངོས་འབེབས་བྱས་ཏེ། 2017ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་གྱི་མཁར་གྲོང་གི་མཁའ་དབུགས་དྭངས་གཙང་གི་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་གྱ་བདུན་ལྷག་ཏུ་བསླེབས།

ཞིབ་འཇུག་བཀོད་སྒྲིག་བྱས་པ་བརྒྱུད། 《ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུའི་འབག་བཙོག་འགོག་བཅོས་སྲོལ་ཡིག》བཟོ་བཅོས་བྱས། ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་ཏེ། ཁྲིམས་འཛིན་མི་སྣ་བཀོད་སྒྲིག་བྱས་ནས་ཁྲིམས་དང་འགལ་བའི་བཙོག་འབུད་ཁེ་ལས་ལ་རྩད་གཅོད་བྱས། ཁོར་ཡུག་བཅོས་སྐྱོང་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ཞིང་། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་བརྒྱད་ཅུ་བཏང་ནས་ཆུའི་འབག་བཙོག་འགོག་བཅོས་བྱས། ད་ལྟ། ཙོང་ཆུའི་སྐྱེ་ཁམས་མ་ལག་བརྟན་འཇགས་ངང་སླར་གསོ་བྱུང་བ་དང་། ལྟག་ཆུ་བསྐྱིལ་གསོག་དང་ས་ཆུ་སྲུང་འཛིན་གྱི་བྱེད་ནུས་མངོན་གསལ་དུ་མཐོར་འདེགས་བྱུང་ཏེ། ཙོང་ཆུའི་ཆུ་སྤུས་ལོ་རྒྱུས་ཀྱི་ཆེས་བཟང་བའི་ཆུ་ཚད་དུ་བསླེབས།

རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་གོ་སྐབས་དམ་འཛིན་བྱས་ཏེ། ལས་གཞིའི་མཛོད་འཛུགས་པ་ནས་མགོ་བརྩམས་ཏེ། ཚད་གཞི་མཐོན་པོས་འཆར་འགོད་དང་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ཤིང་། ཀྲུང་དབྱང་གི་གནད་སའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་སྤྱོད་མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། སྔ་གཞུག་ཏུ་ཞིང་སྡེའི་ཁོར་ཡུག་ལེགས་བཅོས་དང་མཚེའུ་སྐྱེ་ཁམས་སྲུང་སྐྱོབ། ལྕགས་རིགས་ལྗིད་གྲས་སྔོན་འགོག་ཚོད་འཛིན་ཁུལ་གཙོ་བོའི་རྒྱལ་ཡོངས་ཀྱི་ཚོད་ལྟའི་ཞིང་ཆེན་དུ་ཚུད་པ་དང་། ནང་སྒོས་སུ2017ལོར་མདོ་ལ་རི་རྒྱུད་ཀྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ལས་གཞི་དེ་རྒྱལ་ཁབ་ཀྱི་ཚོད་ལྟའི་ཞིང་ཆེན་དུ་འགོད་པར་བརྩོན་ལེན་བྱས་ཤིང་། འབྲི་ཆུའི་དཔལ་འབྱོར་རྒྱུད་སྲུང་སྐྱོབ་དང་བཅོས་སྐྱོང་མ་དངུལ་རྒྱབ་སྐྱོར་གྱི་ཁྱབ་ཁོངས་སུ་བཀོད། ཟི་ལིང་ཙོང་ཆུའི་མཚམས་དེ་རྒྱལ་ཁབ་ཀྱི་སྐོར་དང་པོའི་བཞུར་རྒྱུན་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁྲོད་བཀོད།

ཙོང་ཆུར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་ནི་ཕྱོགས་བསྡུས་རང་བཞིན་གྱི་བཟོ་སྐྲུན་ཆེན་པོ་ཞིག་ཡིན་པས། ཙོང་ཆུ་འགྲམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་ཉིན་རྒྱུན་གྱི་འཚོ་བར་འབྲེལ་པ་དམ་པོ་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ་བའི་ཚུན་ལ་ཕན་འབྲས་མངོན་གསལ་བླངས། ཆུ་ལམ་དོ་དམ་ལམ་ལུགས་ནན་མོ་ལག་བསྟར་བྱས་ཏེ། བཅོས་སྐྱོང་གསར་བ་དང་ཕྱོགས་བསྡུས་བཅོས་སྐྱོང་། བཙོག་འབུད་གཏན་འགོག་སོགས་ཀྱི་བྱེད་ཐབས་གཞིར་བཟུང་ནས། མ་ཡུམ་ཆུ་བོ་སྟེ་རྨ་ཆུར་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས།

མི་རྣམས་དགའ་འོས་བ་ཞིག་ནི། མི་རབས་རེ་རེའི་འབད་བརྩོན་འོག་ཏུ། ཙོང་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་ཏེ། ཆུ་སྤུས་ལོ་རེ་བཞིན་ཇེ་མཐོར་སོང་བ་དང་། ཙོང་ཆུའི་ཆུ་སྤུས་ལ་ལོ་རྒྱུས་རང་བཞིན་གྱི་ཆུ་ཚད་ཆེས་བཟང་བོ་སྲུང་འཛིན་བྱས།

མ་ཡུམ་ཆུ་བོ་སྲུང་སྐྱོབ་ཀྱི་བྱ་བ་ད་རུང་མཇུག་རྫོགས་མེད་ལ། ཙོང་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་གི་བཟོ་སྐྲུན་ནི་ཙོང་ཆུའི་བཞུར་རྒྱུན་ཕྱོགས་བསྡུས་བཅོས་སྐྱོང་གི་ཁག་གཅིག་ཁོ་ན་ཡིན་པས། ཙོང་ཆུའི་བཞུར་རྒྱུན་གྱི་འབག་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་དེ་མཚོ་སྔོན་ཞིང་ཆེན་གྱི་ཕྱིན་ཆད་ཀྱི་དུས་ཡུན་རིང་བོའི་བྱ་བ་ཞིག་ཏུ་འགྱུར་ངེས།

རྒྱལ་ཁབ་ཀྱི་གཅིག་བསྡུས་མཁྲེགས་གཏོར་བླང་བྱ་ལྟར། 2017ལོར་ཀྲུང་དབྱང་གི་ས་རྒྱུའི་འབག་བཙོག་འགོག་བཅོས་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་གཉིས་བརྩོན་ལེན་བྱས་ཏེ། ཀན་ཧི་དང་ན་གོར་མོ་བཟོ་ལས་གླིང་ཁུལ་གྱི་ལྕགས་རིགས་ལྗིད་གྲས་ཀྱི་འབག་བཙོག་འགོག་བཅོས་དང་ས་རྒྱུའི་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ནུས་ཤུགས་འཛུགས་སྐྲུན། ས་ཁོངས་གཙོ་བོའི་འབག་བཙོག་རྟོག་ཞིབ་དང་མཚོ་བྱང་གི་ཀེ་ལྕགས་འབག་བཙོག་བཅོས་སྐྱོང་སོགས་ཀྱི་ལས་གཞིའི་ཐད་བཀོལ། ལོ་གཅིག་སྔ་སྣུར་སྒོས་ལོ་རྒྱུས་ཀྱི་ཤུལ་བཞག་ཀེ་ལྕགས་གད་སྙིགས་ཐག་གཅོད་ལས་འགན་ཡོངས་འགྲུབ་བྱས་པར་མ་ཟད། རྒྱལ་ཡོངས་ནས་ཐོག་མར་ཚོད་ལྟ་བྱས་ནས་འབག་བཙོག་བཅོས་སྐྱོང་གི་ལག་རྩལ་ཞིབ་འཇུག་བྱས།

ཞིང་ཆེན་གྱི་ཁོར་ཡུག་མུ་འབྲེལ་བཅོས་སྐྱོང་དཔེ་སྟོན་དང་དེ་ལ་ཁེབས་པའི་ཚོད་ལྟའི་ལས་གཞི་ལག་བསྟར་བྱས་པར་མ་ཟད། ཁྱིམ་གཞི་མཛེས་བཟོ་ཡི་བྱ་སྤྱོད་གཅིག་གྱུར་གིས་སྤེལ་ཏེ། སྡེ་བ་སྟོང་གསུམ་ལྷག་གི་རྣམ་པར་ལེགས་བཅོས་ཆེན་པོ་བྱུང་། དུས་མཚུངས་སུ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་གསར་འཛུགས་ལམ་ལུགས་མ་ལག་ཐོག་མར་བཙུགས་ཏེ། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཞང་གྲོང་དང་སྡེ་བ་སྐོར་ཞིག་ལ་མཚན་སྙན་གནང་། བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དངོས་འབེབས་བྱས་པའི་རྨང་གཞིའི་སྟེང་ཡང་བསྐྱར་མ་དངུལ་སྒོར་དུང་ཕྱུར་གཅིག་བཀོད་སྒྲིག་བྱས་ཏེ། རྒྱལ་ལམ་དང་ཞིང་ཆེན་གྱི་ལམ། ལྕགས་ལམ་བཅས་འགྲིམ་འགྲུལ་ལམ་རྒྱུད་དང་། གནས་སྐོར་ལྗོངས་ཁུལ་དང་དེའི་མཐའ་བསྐོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བ་ལག་བསྟར་བྱས་ནས་ཕན་འབྲས་མངོན་གསལ་བླངས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།