རྨ་ཆུའི་མགོ་ཁུངས་ཀྱི་སྣོད་བཅུད་སྲུང་སྐྱོབ་དང་སླར་གསོ་ནུས་ལྡན་བྱས་པ།
2019.01.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 65

གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྨ་ཆུའི་མགོ་ཁུངས་ཀྱི་སྣོད་བཅུད་ཁོར་ཡུག་ཉམས་ཞན་དུ་འགྲོ་བ་དང་འཚོ་བའི་སྦགས་བཙོག་གི་འབྱུང་ཁུངས་ལེགས་བཅོས་བྱེད་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། རྒྱལ་ཁབ་ཀྱིས་2015ལོར་མ་དངུལ་བཏང་སྟེ་ས་གནས་དེར་སྣོད་བཅུད་སྲུང་སྐྱོབ་ལས་གཞི་ཉེར་གཉིས་ལག་བསྟར་བྱས་པ་དང་ལག་བསྟར་བྱས་ནས་ད་ལྟའི་བར་དུ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་གསུམ་གྱི་ནང་རྨ་ཆུའི་མགོ་ཁུངས་ཀྱི་རྩྭ་ས་སྤྱི་ཆིང་སྟོང་གཅིག་དྲུག་བརྒྱ་ཉེར་ལྔའི་སྟེང་རྩྭ་བཀག་རྩྭ་གསོ་ལག་བསྟར་བྱས་ནས་རིམ་པ་དང་པོའི་སྲུང་སྐྱོབ་ཁུལ་གྱི་སྤང་ཐང་མུའུ་ལྔ་བརྒྱ་དྲུག་ཅུ་དང་རིམ་པ་གཉིས་པའི་སྲུང་སྐྱོབ་ཁུལ་གྱི་སྤང་ཐང་མུའུ་སྟོང་བཞི་བདུན་བརྒྱ་སླར་གསོ་བྱས།

འཚོ་བའི་གད་སྙིགས་ཀྱིས་སྣོད་བཅུད་ཁོར་ཡུག་ལ་བཟོས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་ཆེད། རྨ་ཆུའི་མགོ་ཁུངས་ཁུལ་གྱིས་ཞིང་སྡེའི་གད་སྙིགས་གཙང་སེལ་མ་ལག་དང་དེ་མིན་རྫོང་མཁར་གྱི་བཙོག་ཆུ་ཐག་གཅོད་མ་ལག་རྒྱུན་མཐུད་ངང་ལག་བསྟར་བྱས་ནས་གད་སྙིགས་གཅིག་བསྡུས་གཙང་སེལ་བྱས་ཚད་75%ཟིན་པ་དང་། བཙོག་ཆུ་ཐག་གཅོད་བྱས་རྗེས་ཀྱི་ཆུའི་སྤུས་ཚད་རིམ་པ་དང་པོར་སླེབས་ཡོད། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་སོགས་མཚོ་འགྲམ་གྱི་གད་སྙིགས་སྣ་ཚོགས་སྲིད་གཞུང་གིས་གཙང་སེལ་བྱེད་པ་དང་ཆབས་ཅིག  ཁོར་ཡུག་སྲུང་སྐྱོབ་ཀྱི་གསང་སྤྱོད་དང་གད་སྙིད་བླུགས་སྒམ་སོགས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། རྨ་ཆུའི་མགོ་ཁུངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱེད་སྐབས། ས་གནས་དེ་གའི་མཚོ་ཁུལ་ཁག་གཅིག་ཏུ་ད་དུང་རང་འགུལ་ཞིབ་དཔྱད་ས་ཚིགས་དང་རང་འགུལ་གནམ་གཤིས་ས་ཚིགས་བསྐྲུན་པ་དང་ཆབས་ཅིག སྣོད་བཅུད་ཞིབ་དཔྱད་གཞི་གྲངས་དུས་ཐོག་ཏུ་བརྒྱུད་གཏོང་བྱེད་པའི་མ་ལག་དང་དེ་མིན་བར་སྣང་པར་ལེན་གྱི་རྒྱང་ཚོར་ཞིབ་དཔྱད་མ་ལག་སྒྲིག་སྦྱོར་བྱས་པས། རྨ་ཆུའི་མགོ་ཁུངས་ཁུལ་གྱི་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་དང་ཁོར་ཡུག་རིམ་འགྱུར་གྱི་ཉེན་ཟོན་ཉེན་བརྡ་གཏོང་བའི་སྣོད་བཅུད་སྡེ་ཚན་གྱི་ནུས་པ་ཇེ་ཆེར་ཕྱིན་པ་རེད།

གཞན་ཡང་། ཉེ་བའི་ལོ་འགའི་རིང་ལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གིས་དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཅིག་གྱུར་སྐུལ་འདེད་བཏང་ཞིང་།“ལྗང་མདོག་དྲིན་གཟོ་དང་། སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་གཟོ་བ”ཡི་བླང་བྱ་གཞིར་བཟུང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་སོ་སོར་སྐུལ་འདེད་ནན་མོ་བཏང་ཞིང་། རྫ་སྟོད་རྫོང་ནི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་དང་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་སྔོན་སྐྱོད་ཁུལ་དུ་བསྒྱུར་བར་ཧུར་བརྩོན་བྱས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དམ་འཛིན་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རྐྱེན་སྲོལ་འཐུས་ཚང་དུ་བཏང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གདོང་མཆོང་བ་ལེགས་པོ་ཞིག་བྱས་པ་དང་། “ཏང་སྲིད་ལས་འགན་གཅིག་མཚུངས”དང“ལས་རྐང་གཅིག་ལ་འགན་འཁྲི་གཉིས”ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲི་ལམ་ལུགས་བཙུགས། རྩ་འཛུགས་མགོ་ཁྲིད་དང་། དམིགས་ཚད་དཔྱད་ཞིབ།  ཕྱོགས་བསྡུས་ལྟ་ཞིབ་སོགས་ཀྱི་རྐྱེན་སྲོལ་བཙུགས་ཏེ། མཉམ་དུ་བསྐྲུན་པ་དང་མཉམ་དུ་བདག་གཉེར་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནས་བབ་ཆགས། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་དུས་རིམ་གཉིས་པའི་བཟོ་སྐྲུན་བརྟན་བརླིང་སྒོས་ལག་བསྟར་དང་། “གཙང་གསུམ་འབྱུང་ཡུལ”དྭངས་གཙང་བཟོ་འགོད་དང་། ཞིང་སྡེའི་ཁོར་ཡུག་མུ་འབྲེལ་བཅོས་སྐྱོང་དང་ཞིང་ཆེན་གྱི་གཞུང་ལམ་དང་། ཡུལ་སྐོར་ལམ་ཐིག རྫོང་མཁར་འགྲམ་རྒྱུད་ལམ་ཐིག་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད་བཅས་ལག་བསྟར་བྱས་ཤིང་། ནུས་ཤུགས་གང་ཡོད་བཏོན་ཏེ་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་བཅོས་བསྒྱུར་ཐག་གཅོད་བྱས་ཏེ། དག་ཐེར་ལེགས་བཅོས་བྱ་དགོས་པའི་གནད་དོན་ཡང་བསྐྱར་མི་འབྱུང་བར་ཁག་ཐེག་ནན་མོ་དང་། བརྟན་ཞིང་འགྱུར་བ་མེད་པའི་སྒོ་ནས་དག་ཐེར་ལེགས་བཅོས་བྱ་བར་སྐུལ་སྤེལ་བྱས།

རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བ་དམ་འཛིན་དང་། སྡེ་ཁག་ཆེན་མོའི་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་སྤེལ་བཏང་། རྫ་ཆུའི་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁྱད་ཆོས་འབུར་དུ་བཏོད་པ་དང་། སྐྱེ་ཁམས་ཁོར་སྲུང་ཁྲིམས་འཛིན་དཔུང་སྡེ་དང་། དོ་དམ་སྒྲིག་སྲོལ་རྐྱེན་སྲོལ་དང་ཐོན་ཁུངས་གཅིག་བསྡུས་བྱས་པ་བརྒྱུད། རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ། ཆོག་འཐུས་བདག་གཉེར་དོ་དམ། སྤྱི་ཚོགས་ཟབ་ཞུགས་སྣེ་ཁྲིད་གསལ་པོ་དང་དྲིལ་སྒྲོག་ཁྱབ་སྤེལ་སོགས་ཀྱི་འགན་ནུས་གསལ་པོ་བྱས་པ་དང་། སྐྱེ་ཁམས་ལྟ་སྲུང་རྐྱེན་སྲོལ་འཐུས་ཚང་བསྐྲུན། གསོ་སྦྱོང་དང་། སྐོར་སྲུང་། ལྟ་ཞིབ་ཚད་ལེན། དཔྱད་འཇོག བྱ་དགའ་དང་ཆད་གཅོད་སོགས་ཀྱི་རྐྱེན་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་ཆེན་པོ་བྱས་པ་དང་། “ཁྱིམ་ཚང་རེ་ལ་ལས་རྐང་གཅིག་རེ”ཡོད་པའི་སྐྱེ་ཁམས་ལྟ་སྲུང་བྱ་བ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་། གསའ་གཟིག་བརྗོད་གཞི་ཡིན་པའི་ཁོངས་ཡོངས་ཅན་གྱི་རང་བྱུང་ཉམས་ཞིབ་རྟེན་གཞི་བསྐྲུན་ཏེ་མི་དང་རི་སྐྱེས་སྲོག་ཆགས་འཆམ་མཐུན་མཉམ་གནས་ཡོང་བ་མངོན་འགྱུར་བྱུང་། མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་ནུས་ཤུགས་གང་ཡོད་ཀྱིས་འཕེལ་རྒྱས་བཏང་། “གླིང་གཅིག་ཧྲེ་བཞི་གནས་མང”གི་འཕེལ་རྒྱས་ལམ་ཐིག་དམ་འཛིན་བྱས་ནས། སྐྱེ་ཁམས་ཕྱུགས་ལས་ཐོན་ལས་གླིང་གི་དངུལ་གཏོང་བཀོལ་སྤྱོད་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་། སྡེ་བ་རེ་རེའི་དབུལ་ཕོངས་ཁྱིམ་ཚང་རྣམས་ཀྱིས་ཁྱིམ་ཚང་མཉམ་འབྲེལ་གྱིས་བདག་གཉེར་བྱས་པ་དང་། ཕྱུགས་ལས་ཐོན་རྫས་ལས་སྣོན་སྤུས་དག་ཐོན་ལས་འཕེལ་རྒྱས་བཏང་བ་དང་། སྐྱེ་ཁམས་ཕྱུགས་ལས་ཀྱི་རྣམ་པ་གསར་པའི་བདག་གཉེར་གཙོ་གཞི་གསོ་སྐྱོང་དང་། དཔེ་སྟོན་ཁེ་ལས་ཆུང་བའི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་ཅི་ཐུབ་བྱེད་དུ་བཅུག་པ་དང་། རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་ལེགས་འགྲུབ་འབྱུང་བའི་ལོ་དེ་གོ་སྐབས་སུ་བཟུང་ནས། “རྒྱལ་ཁབ་དྲུག་གི་ན་གཞོན་རྫ་ཆུ་དང་མེ་གོང་གཙང་པོ་འབྱུང་ཡུལ་དུ་འཛོམས་ཏེ་གསར་གཏོད་ཇུས་འགོད་འགྲན་སྡུར་ཆེན་མོ་དང་།རྫ་ཆུའི་འབྱུང་ཡུལ་རྣམ་སྲས་གྲོག་རོང་ཆེན་མོའི་བཞུར་རྒྱུན། རྒྱལ་སྤྱིའི་རང་བྱུང་ལྟ་ཞིབ་དུས་ཆེན། ཐང་བོད་གནའ་ལམ་གྱི་གནས་སྐོར་ལམ”བཅས་ཡུལ་སྐོར་ཐོན་རྫས་གྲགས་ཅན་བཞི་བཟོས་ཏེ། སྐྱེ་ཁམས་རིག་གནས་ཡུལ་སྐོར་ནུས་ཤུགས་གང་ཡོད་ཀྱིས་འཕེལ་རྒྱས་སུ་བཏང་།

གཞན་ཡང་།   རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་གིས་འདུ་ཤེས་བཞི་གཟབ་ནན་གྱིས་ལག་བསྟར་དང་།   གནད་ཕིགས་ཤུགས་འདོན།   ཏང་འཛུགས་ཀྱི་སྣེ་ཁྲིད་དགེ་མཚན་འདོན་སྤེལ་བཅས་བྱས་ཏེ་རྩྭ་སའི་ཨ་བྲའི་གནོད་པ་འགོག་བཅོས་དང་། ས་ནག་ཐང་བཅོས་སྐྱོང་།   ནགས་ས་སྲུང་སྐྱོབ་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་བཏང་།

རྫོང་ཁོངས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས།   ཧི་ནན་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་སྲོལ་ཡིག་གཏན་ཁེལ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་ལོ་རེའི་དམིགས་འབེན་དཔྱད་ཞིབ་ཁྲོད་བཞག་པ་དང་།   གནད་ཕིགས་དབུལ་སྐྱོར་དང་སྐྱེ་ཁམས་སྲུང་སྐྱོབ།  དབུལ་ཐར་ཕྱུག་སྒྱུར་སོགས་སྐྱེ་ཁམས་འཛུགས་སྐྲུན་དང་དམངས་ཚིས་ལེགས་བཅོས་བྱེད་རྒྱུ་དེ་དཔྱད་ཞིབ་ཀྱི་གཙོ་གནད་དུ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ལག་བསྟར་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་།

གཡུ་སྒང་ཉིན་གྲོང་རྡལ་ཧོར་ཝན་སྡེ་བའི་ཏང་ཀྲི་པུའུ་ཡིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བྱེད་ཐབས་སུ་བྱས་ཏེ་མཉམ་ལས་ཁང་གི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་འཐབ་ཇུས་གཏན་ཁེལ་བྱས་པ་དང་།   ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཁོར་སྐྱོད་བཟང་བོ་མངོན་འགྱུར་བྱས།    གཡུ་སྒང་ཉིན་གྲོང་རྡལ་ཏང་ཨུ་ཡིས་གཞི་རིམ་ཏང་རྩ་འཛུགས་ཀྱི་བྱེད་ནུས་དང་། ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ།   གད་སྙིགས་མེད་པའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་འབྲེལ་ཡོད་བླང་བྱར་དམིགས་ནས་སྲིད་འཛིན་སྡེ་བ་བཅུའི་ཏང་ཡོན་ཉིས་བརྒྱ་ལྷག་རྩ་འཛུགས་བྱས་ནས་གཞུང་ལམ་འགྲམ་རྒྱུད་དང་རྩྭ་ཐང་གི་གད་སྙིགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་འགུལ་ཐེངས་ཉེར་དགུ་ལ་སྤེལ་བ་དང་།   གད་སྙིགས་ཏུན་བཅུ་ལྷག་གཙང་སེལ་བྱས།   ཧི་ནན་རྫོང་རྩྭ་ཐང་ཆེད་དོན་རུ་ཁག་གི་ཏང་ཀྲི་པུའུ་ཡིས་མཛོ་མོ་སྡེ་བའི་ཏང་ཀྲི་པུའུ་དང་མཉམ་འབྲེལ་གྱིས་ས་ནག་ཐང་མུའུ་སྟོང་ལྔ་ལྷག་བཅོས་སྐྱོང་དང་།  ས་ཆུ་ཤོར་བར་ཚོད་འཛིན་བྱས་ཏེ་རྩྭ་ཐང་གི་སྐྱེ་ཁམས་མ་ལག་འཁོར་སྐྱོད་བཟང་བོ་བྱེད་པ་མངོན་འགྱུར་བྱས།

རྫོང་ཡོངས་ཀྱི་སྡེ་བ་སོ་སོའི་ཏང་ཡོན་ལས་བྱེད་པ་དག་སྡེ་བའི་ནང་ཟབ་ཞུགས་བྱས་ཏེ་ཁོར་ཡུག་བཅོས་སྐྱོང་གི་དོན་སྙིང་གལ་ཆེན་དྲིལ་སྒྲོག་ཤུགས་ཆེན་བྱས་ནས་མང་ཚོགས་ཀྱི་དཔལ་ཡོན་འཕྲོད་བསྟེན་འདུ་ཤེས་དང་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་།   མང་ཚོགས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་འགུལ་ཁྲོད་ཞུགས་པར་སྐུལ་ཁྲིད་བྱས་ཏེ་མཛེས་སྡུག་དང་དག་གཙང་།  འཆམ་མཐུན་བཅས་ཀྱི་འཚོ་སྡོད་ཁོར་ཡུག་བསྐྲུན་པར་སྐུལ་འདེད་བཏང་།

                                                                                                             རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།