ལོ་ངོ་བཞི་བཅུའི་རིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགྱུར་ལྡོག་གླེང་བ། (2)
2019.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 70

 བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྟ་ཞིབ་དོ་དམ་དེ་ཐོག་མའི་དུས་རིམ་ནས་རིམ་བཞིན་རིམ་པ་སྤར་ཏེ། གཟབ་ནན་དང་ཚན་རིག་གི་ལྟ་ཞིབ་དོ་དམ་མངོན་འགྱུར་བྱུང་། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་འབག་བཙོག་འགོག་བཅོས་གཉིས་མཉམ་འཛིན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ལྟ་ཞིབ་དོ་དམ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ལྟ་ཞིབ་ཚད་ལེན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་བཏང་བའི་དུས་མཚུངས་སུ་སྐྱེ་ཁམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་བྱ་བར་ཤུགས་སྣོན་བྱས།

ཀྲུང་དབྱང་གི་བླང་བྱ་དང་མཐུན་ཞིང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་བཙུགས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་སྣེ་ཁྲིད་དེ་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་གཏན་འཁེལ་བྱས་པ་དང་། ཐོག་མར་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ངོས་ཐད་ནས་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་ལ་རྩེ་གྲས་ཀྱི་ཇུས་འགོད་བྱས་ཤིང་། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དེ་ཀྲུང་དབྱང་བཅོས་སྒྱུར་ཟབ་སྤེལ་ཚན་ཆུང་གིས་གྲོས་ཞིབ་བྱས་རྗེས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་སྒྲུབ་ཐིན་གྱིས་པར་སྐྲུན་འགྲེམ་སྤེལ་བྱེད་པའི་ཇུས་གཞིར་ཐོག་མར་བཀོད་ནས།  རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་མགོ་དངོས་སུ་བརྩམས་པ་རེད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲི་གཏན་འཁེལ་བྱས། ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་ལྟ་ཞིབ་ཚད་ལེན་དང་གདེང་འཇོག དཔྱད་ཞིབ། འགན་འཁྲི་རྩད་གཅོད་བཅས་ཀྱི་མ་ལག་ཕལ་ཆེར་བཙུགས། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི《སྐྱེ་ཁམས་ཁོར་ཡུག་གི་གུན་གསབ་འཇལ་བའི་ལམ་ལུགས་བཅོས་སྒྱུར་ཇུས་གཞི》ལག་ལེན་དངོས་འབེབས་བྱས་པ་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་མིང་ཐོག་ནས《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གི་གུན་གསབ་འཇལ་བའི་ལམ་ལུགས་བཅོས་སྒྱུར་གྱི་ལག་བསྟར་ཇུས་གཞི》གཏན་འཁེལ་འགྲེམ་སྤེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་གུན་གསབ་འཇལ་བའི་ཁྱབ་ཁོངས་དང་དབང་ཆ། འོས་འགན་གཙོ་བོ། གུན་གསབ་འཇལ་བ་བཅས་ཀྱི་ཐག་གཅོད་ཐབས་ལམ་གསལ་བོ་བྱས་པ་དང་། མགོ་ཁུངས་ནས་སྔོན་འགོག་དང་བརྒྱུད་རིམ་ཚོད་འཛིན། གུན་གསབ་འཇལ་བ། འགན་འཁྲི་རྩད་གཅོད་བཅས་ཀྱི་ལམ་ལུགས་མ་ལག་རིམ་བཞིན་གྲུབ། རྒྱལ་ཡོངས་ནས་ཐོག་མར་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོར་རྒྱང་ཚོར་ལག་རྩལ་ལ་བརྟེན་ནས་དངོས་པོའི་གྲངས་ཚད་གཙོ་བོ་ཡིན་པའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུ་ལོན་རེའུ་སྒྲིག་བཟོ་བྱེད་པའི་ཚོད་ལྟའི་བྱ་བ་སྤེལ།

ཧུར་ཐག་གིས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་བྱས་ཏེ། བཙོག་འབུད་དབང་ཆ་བརྗེ་རེས་བྱེད་པ་དེ་རྒྱུན་རྣམ་ཅན་དུ་གྱུར།  གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་ལེགས་བཅོས་བྱེད་པ་དང་། ཚྭ་འདམ་གཞོང་གི་སའོ་སའོ་ནགས་དང་ཏ་ཐུང་པེ་ཁྲོན་ཆུ་མགོ་ཁུལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གཉིས་ཀྱི་རིམ་པ་སྤར་བ་ཡོངས་འགྲུབ་བྱས། ཧུར་ཐག་གིས་རྫོང་ཞེ་གཅིག་རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་དཔྱད་ཞིབ་ཁྲོད་འགོད་པར་བརྩོན་ལེན་བྱས་པར་མ་ཟད། མཇུག་འབྲས་དེ་ནོར་སྲིད་སྤོ་བསྒྱུར་གཏོང་སྤྲོད་མ་དངུལ་བགོ་བཤའི་གཞི་འཛིན་སར་བརྩིས་ནས།  རྫོང་ཁོངས་ཀྱི་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོན་གྲངས་ཇེ་མཐོར་བཏང་། དུས་མཚུངས་སུ་ད་དུང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གསར་འཛུགས་ལམ་ལུགས་མ་ལག་རིམ་བཞིན་བཙུགས་ནས། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཞང་གྲོང་དང་སྡེ་བ་སྐོར་ཞིག་ལ་མཚན་སྙན་གནང་། བཙོག་འབུད་ཆོག་མཆན་ལམ་ལུགས་དཀྱིལ་སྙིང་ཡིན་པའི་རྣམ་པ་གསར་བའི་ཁོར་ཡུག་དོ་དམ་ལམ་ལུགས་མ་ལག་མགྱོགས་མྱུར་ངང་བཙུགས་པ་དང་། བཙོག་འབུད་ཆོག་མཆན་དཔང་ཡིག་དོ་དམ་གཏན་འཁེལ་དང་འགྲེམ་སྤེལ་བྱས་ཏེ། བཙོག་འབུད་དབང་ཆ་བརྗེ་རེས་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་།

ལོ་ངོ་བཞི་བཅུའི་རིང་ལ། ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་དོན་དེ་སྔོན་ཆད་ཀྱི་མིག་གིས་བལྟ་བ་དང་སྣ་ཡིས་སྣུམ་ནས་ཚད་ལེན་བྱེད་པ་ནས་ད་ལྟའི་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ལྟ་ཞིབ་ཚད་ལེན་ཕྱོགས་སུ་འཕེལ་རྒྱས་བྱུང་ཡོད། ཞིང་ཆེན་ཡོངས་སུ་ཞིང་ཆེན་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ས་ཚིགས་དང་རིམ་པ་སོ་སོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་གཙོ་བོ་ཡིན་པའི་ལྟ་ཞིབ་ཚད་ལེན་གྱི་རྐང་འཛིན་མ་ལག་ཐོག་མར་གྲུབ་ཏེ། ཁོར་ཡུག་གི་མཁའ་དབུགས་དང་ས་འོག་གི་ཆུ།  འུར་སྒྲ། སྲ་འཛུགས་དངོས་རོ། སྐྱེ་དངོས། ཁང་བའི་ནང་གི་མཁའ་དབུགས་སོགས་ཀྱི་ལྟ་ཞིབ་ཚད་ལེན་ལས་གཞི་ལག་བསྟར་བྱས་ནས། ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཁེབས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་གྱུར་བ་ དང་། འབག་བཙོག་འབྱུང་ཁུངས་གཙོ་བོའི་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་གྱི་ཐེངས་གྲངས་ཇེ་མང་དུ་གྱུར་བ། འཕྲལ་བསྟུན་ལྟ་ཞིབ་ཚད་ལེན་གོ་རིམ་ལྡན་པའི་ངང་སྤེལ།

དགའ་འོས་པ་ཞིག་ནི། མཚོ་སྔོན་ཞིང་ཆེན་གྱིས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་མ་ལག་ཆ་ཚང་ཞིག་བཙུགས་པ་དང་། ཞིང་ཆེན་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ས་ཚིགས་རྐང་འཛིན་ཡིན་པའི་ལྟ་ཞིབ་ཚད་ལེན་དྲ་རྒྱ་ཞིང་ཆེན་ཡོངས་སུ་ཁེབས་ཡོད་པ་རེད། སྐྱེ་ཁམས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་མདུན་གྲས་སུ་བསྐྱོད་དེ། ནམ་མཁའ་དང་ས་གཞི་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱུང་། ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱིས་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱས། རྒྱལ་ཡོངས་ནས་རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་བཟོ་ལས་གླིང་ཁུལ་གྱི་དུག་ཡོད་གནོད་ལྡན་རླངས་གཟུགས་ཀྱི་སྔོན་ཚུད་ཉེན་བརྡའི་ལྟ་ཞིབ་ཚད་ལེན་མ་ལག་ཐོག་མར་བཙུགས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ལྟ་སྐུལ་དོ་དམ་དང་ཁོར་ཡུག་གི་འབག་བཙོག་དང་ཁོར་ཡུག་གི་ཉེན་ཁའི་ལྟ་ཞིབ་ཚད་ལེན་ལྟ་སྐུལ་དོ་དམ་གཞི་གཅིག་ཅན་གྱི་སྟེགས་བུ་རིམ་བཞིན་བཙུགས་ནས། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་དཔྱད་ཞིབ་གདེང་འཇོག་དེ་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་མཉམ་དུ་དམ་འཛིན་བྱེད་པའི་ཕྱོགས་སུ་བསྒྱུར་བ་མངོན་འགྱུར་དང་། སྐྱེ་ཁམས་ཀྱི་གཙོ་རྒྱུ་མང་པོའི་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱས།

ལོ་ངོ་བཞི་བཅུའི་རིང་ལ། ཁོར་ཡུག་ཁྲིམས་འཛིན་གྱི་ལྟ་ཞིབ་ཚད་ལེན་དེ་མིག་གིས་བལྟ་བ་དང་སྣ་ཡིས་སྣུམ་པ་སོགས་ཆེས་གདོད་མའི་བྱེད་ཐབས་ནས་གཞི་གྲངས་ཆེན་མོའི་ཕྱོགས་བསྡུས་དབྱེ་ཞིབ་དང་དྲ་ལམ་ལྟ་ཞིབ་ཚད་ལེན། རྒྱང་བསྟེན་ལྟ་ཞིབ་ཚད་ལེན། འཁོར་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་སོགས་བྱེད་ཐབས་མང་པོའི་ལྟ་ཞིབ་ཚད་ལེན་གྱི་ཕྱོགས་སུ་གོམ་པ་སྤོས། ཁོར་ཡུག་ལྟ་ཞིབ་བྱ་བ་དེ་མི་སྣ་ཉུང་ཞིང་སྒྲིག་ཆས་ཞན་པའི་རྣམ་པ་ནས་དཔུང་སྡེ་འཐུས་ཚང་དང་ལམ་ལུགས་འཐུས་ཚང་། ཁྲིམས་བསྟར་སྲིད་འཛིན། ཁྲིམས་ལྟར་ལེགས་སྒྲིག་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་བྱུང་།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁོར་ཡུག་ལྟ་ཞིབ་སྡེ་ཁག་གིས་འབག་བཙོག་འགོག་བཅོས་བྱེད་པ་གཙོར་བཟུང་ནས། ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པ་དམིགས་འབེན་དུ་བརྩི་བ་དང་། ཁོར་ཡུག་ལྟ་ཞིབ་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། རྒྱུན་ཆད་མེད་པར་ཁྲིམས་འཛིན་ལྟ་སྐུལ་གྱི་ཤུགས་ཚད་ཇེ་དྲག་ཏུ་བཏང་ཞིང་། འཕེལ་རྒྱས་ལ་ཡར་སྐུལ་དང་དམངས་ཚིས་འགན་སྲུང་བྱེད་པར་ཤུགས་སྣོན། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཁོར་ཡུག་བདེ་འཇགས་ཀྱི་གནོད་པ་ཞིབ་བཤེར་དང་ལེགས་སྒྲིག་སོགས་ཀྱི་ཁོར་ཡུག་ཁྲིམས་བསྟར་བྱ་འགུལ་སྣ་ཚོགས་རྒྱུན་མཐུད་ངང་སྤེལ། 12369ཡི་ཁོར་ཡུག་སྲུང་སྐྱོབ་ཞུ་གཏུག་སྐུད་ལམ་དང་བཙོག་འབུད་དངུལ་ལེན་དོ་དམ་གྱི་ཆ་འཕྲིན་མ་ལག་བཙུགས་པ་དང་། འབག་བཙོག་འབྱུང་ཁུངས་ཀྱི་རང་འགུལ་ལྟ་ཞིབ་ཚོད་འཛིན་དོ་དམ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པས། ཁོར་ཡུག་ལྟ་ཞིབ་ཀྱི་ནུས་ཤུགས་དང་ཁྲིམས་འཛིན་སྒྲིག་ཆས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱུང་།

གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞིབ་བཤེར་ཆེན་པོ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་བྱ་བ་སྤེལ་བ་དང་། དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་། 《ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》དང་བྱེད་ཐབས་ཆ་ཚང་བཞི་ལག་བསྟར་གང་ལེགས་བྱས་པ་དང་།  ཁོར་ཡུག་ཁྲིམས་བསྟར་དང་ཁྲིམས་འཛིན་འབྲེལ་མཐུད་ཀྱི་རྐྱེན་སྲོལ་བཙུགས་ཏེ། ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འཆད་ཁྲིད་དང《ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》དྲིལ་སྒྲོག   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གཏན་འཁེལ་གྱི་སྐོར་བསྐྱོད་སྒྲོག་སྦྱོང་བྱ་འགུལ་སྤེལ་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཏང་སྲིད་ཀྱིས་མཉམ་དུ་འགན་འཁུར་བ་དང་ལས་རྐང་གཅིག་ལ་འགན་འཁྲི་གཉིས་དང་། ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ཞིང་། ཁོར་ཡུག་གི་ཁྲིམས་འཛིན་དེ་ཁེ་ལས་ལ་ལྟ་སྐུལ་བྱེད་པ་ནས་ཁེ་ལས་ལ་ཞིབ་བཤེར་དང་སྲིད་གཞུང་ལ་ལྟ་སྐུལ་བྱེད་པ་བཅས་མཉམ་དུ་འཛིན་པའི་ཕྱོགས་སུ་བསྒྱུར་བར་བྱས།

ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཚན་ཆུང་བཅའ་སྡོད་བྱས་རྗེས། མཚོ་སྔོན་ཞིང་ཆེན་གྱིས་རང་ཉིད་ལ་རེ་བ་ནན་མོ་བཏོན་ནས། ལྟ་ཞིབ་ཚན་ཆུང་གི་བླང་བྱ་ལྟར་ཉིན་བདུན་གྱི་ནང་ གཏུག་བཤེར་གྱོད་གཞི་ཞིབ་གཅོད་བྱེད་དགོས་པ་དེ་ཉིན་ལྔའི་ཇེ་ཐུང་དུ་བཏང་ཞིང་། བསྡོམས་པས་མང་ཚོགས་ཀྱི་ཞུ་གཏུག་གྱོད་གཞི་སྟོང་གཉིས་ཉིས་བརྒྱ་གོ་དགུ་དང་ལེན་ཐག་གཅོད་བྱས་པ་དང་། ཐག་གཅོད་བྱས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས། ལྟ་ཞིབ་བྱེད་ཞོར་དུ་བསྒྱུར་བཅོས་བྱེད་པའི་ཁྲོད་གནད་དོན་ལེགས་སྒྲིག་དག་ཐེར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཞིང་། བསྐྱར་ཞིབ་བྱས་ཚད་བརྒྱ་ཆའི་སོ་གཅིག་ལྷག་ཏུ་བསླེབས་ཏེ། ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཚན་ཆུང་གི་བླང་བྱའི་ཚད་གཞིའི་ལས་བརྒལ།

ལོ་ངོ་བཞི་བཅུའི་རིང་ལ། ཁོར་ཡུག་ཚན་རིག་ཞིབ་འཇུག་དེ་ནུས་ཞན་ནས་སྟོབས་ལྡན་དུ་གྱུར་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཁོར་ཡུག་དོ་དམ་ཐབས་ཇུས་ཀྱི་གཞི་འཛིན་ས་དང་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས་པ་དང་། ཁོར་ཡུག་བློ་འདྲིའི་ཞབས་ཞུའི་ཐད་འཕེལ་རྒྱས་མགྱོགས་པའི་རྣམ་པ་བཟང་པོ་བྱུང་། ཁོར་ཡུག་ཚན་རྩལ་བྱ་བའི་ཐད་ཉམས་དགའ་བའི་གྲུབ་འབྲས་བླངས། སྔ་གཞུག་ཏུ་ཁོར་ཡུག་ལྟ་ཞིབ་དང་འབག་བཙོག་འགོག་བཅོས། སྐྱེ་ཁམས་སྲུང་སྐྱོབ། ཁོར་ཡུག་ལྟ་ཞིབ་ཚད་ལེན། ཁོར་ཡུག་གི་ཐབས་ཇུས་དང་བཟོ་སྐྲུན་དཔེ་སྟོན་སོགས་ཀྱི་ཐད་ཚན་རིག་ཞིབ་འཇུག་གི་བྱ་བ་རབ་དང་རིམ་པ་སྤེལ་བ་དང་། ཁོར་ཡུག་གི་ཚན་རྩལ་ཞིབ་འཇུག་ལས་གཞི་མང་པོའི་འགན་འཁུར་བར་མ་ཟད་ཐེངས་མང་པོར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཚན་རྩལ་ཡར་ཐོན་གྱི་གྲུབ་འབྲས་བྱ་དགའ་ཐོབ།

མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་མཐུན་སྦྱོར་འབྲེལ་གཏུག་བྱས་ནས་ཡོན་ཧྲི་བྱ་བའི་ས་ཚིགས་གཉིས་བཙུགས་པ་དང་། སྔོན་ལ་ཚོད་ལྟ་དཔེ་སྟོན་དང་དེ་ནས་ཁྱབ་སྤེལ་བྱེད་པའི་རྩ་དོན་ལྟར། ཚན་རྩལ་ཞིབ་འཇུག་སའོ་དང་མཉམ་འབྲེལ་སྒོས་མཐོ་སྒང་གི་ས་བབ་མཐོ་བའི་མིས་བཟོས་བརླན་ས་དང་འཚོ་བའི་གད་སྙིགས་ཐག་གཅོད། ཐར་ཐོར་རྣམ་པའི་བཙོག་ཆུ་ཐག་གཅོད་སྒྲིག་ཆས་ཆུང་རིགས་ཞིབ་འཇུག་གསར་སྤེལ་དང་འཛུགས་སྐྲུན་དཔེ་དབྱིབས་འཚོལ་ཞིབ་བྱེད་པའི་ཐད་ཐོད་བརྒལ་གསར་བ་བྱུང་བ་དང་། ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚད་གཞི་བཅུ་ཞིབ་འཇུག་གཏན་འཁེལ་དང་འགྲེམ་སྤེལ་བྱས་ནས། ཁོར་ཡུག་གི་འབག་བཙོག་བཅོས་སྐྱོང་བྱེད་པའི་གནད་འགག་གི་གནད་དོན་ཁག་ཅིག་ཐག་གཅོད་བྱས།

བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་དེ་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། ཞན་པ་ནས་སྟོབས་ལྡན་དུ་གྱུར་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔུང་སྡེའང་དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་དང་རྒྱུན་སྲིང་ངང་འཕེལ་རྒྱས་འབྱུང་བ་དང་། མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་གཙོ་ཤུགས་དམག་དཔུང་ཞིག་ཏུ་འཚར་ལོངས་བྱུང་། སྐབས་རེ་རེའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་ལྡན་མགོ་ཁྲིད་འོག་ཏུ། ལོ་ངོ་བཞི་བཅུའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་འབྱུང་བར་འགན་སྲུང་དང་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་འབྱུང་བར་ཤུགས་སྣོན་བྱེད་པའི་ཐད་འབད་བརྩོན་ཆེན་པོ་བྱས།

སྒྲིག་གཞིའི་དཔུང་སྡེ་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་ནུས་མུ་མཐུད་དུ་ལེགས་བཅོས་བྱུང་བ་དང་། སྐྱེ་ཁམས་འགན་འཁྲི་ཉིན་རེ་བཞིན་མངོན་གསལ་དུ་གྱུར།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དེ་ཐོག་མའི་ཐིན་ལས་ཁུངས་དང་ལྟ་ཞིབ་ཚད་ལེན་ས་ཚིགས་ནས་ད་ལྟའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་དང་སྐྱེ་ཁམས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལྟེ་གནས། ཁོར་ཡུག་ལྟ་ཞིབ་སྤྱི་ཁྱབ་རུ་ཁག དྲིལ་སྒྲོག་སློབ་གསོའི་ལྟེ་གནས། ཆ་འཕྲིན་ལྟེ་གནས། འཆར་འགོད་ལྟེ་གནས། ཁོར་ཡུག་ཚན་རྩལ་ཞིབ་འཇུག་གླིང་སོགས་སྒྲིག་གཞིར་རྒྱ་བསྐྱེད། མཚོ་སྔོན་ཁོར་ཡུག་སྲུང་སྐྱོབ་དཔུང་སྡེའི་ལས་བཟོ་བ་དེ་ཐོག་མའི་མི་བཅུ་ནས་ད་ལྟའི་མི་སྟོང་གཅིག་ལྷག་ཏུ་འཕར་བ་དང་། མིག་སྔར་ལྟ་ཞིབ་ཚད་ལེན་དང་ཁྲིམས་འཛིན། ཚན་རྩལ་ཞིབ་འཇུག་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རྣམ་པའི་ཆེད་ལས་དཔུང་སྡེ་གྲུབ་ཡོད་པར་མ་ཟད་ད་དུང་ཡོན་ཧྲི་བྱ་བའི་ས་ཚིགས་གཉིས་བཙུགས་ཡོད།  ཁོར་ཡུག་སྲུང་སྐྱོབ་འགན་སྲུང་མ་ལག་བཙུགས་ནས། ཁོར་ཡུག་གི་གནད་དོན་གཙོ་བོ་མང་པོ་ཞིག་ཐག་གཅོད་བྱས་ནས། མང་ཚོགས་ཀྱི་ཁོར་ཡུག་ཁེ་དབང་འགན་སྲུང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱས།

ལག་ལེན་ལས་སྐྱེ་ཁམས་དར་ན་དཔལ་ཡོན་དར་བ་དང་སྐྱེ་ཁམས་རྒུད་ན་དཔལ་ཡོན་རྒུད་སྲིད་པ་ར་སྤྲོད་བྱུང་། མཚོ་སྔོན་ལ་བཤད་ན། ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་པས། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྔོན་འགྲོ་ཡིན་པ་རྒྱུན་འཁྱོངས་བྱས་ཚེ།  མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ད་གཟོད་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་ཐུབ།

མ་འོངས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་མུ་མཐུད་དུ་ལག་ལེན་དངོས་འབེབས་བྱས་ཏེ། འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་ལེགས་པོར་སྤེལ་བ་དང་། མཁའ་དབུགས་ཀྱི་སྤུས་ཚད་དང་ཆུའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་སྒོས་སྲུང་འཛིན་དང་ལེགས་བཅོས་བྱས་ནས། མི་དམངས་མང་ཚོགས་ལ་དྭངས་གཙང་མཛེས་སྡུག་གི་ཁོར་ཡུག་འདོན་སྤྲོད་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་བྱེད་པའི་ཁྲོད་སྒྲུབ་སྟངས་གསར་བ་མངོན་པར་བྱེད་དགོས།

ལོ་ཙཱ་བ།སྒྲོལ་མ་སྐྱིད།