སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་བྱས་པ་དེས་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་བཏོད།
2019.01.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

 2018ལོར《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གུན་གསབ་ལམ་ལུགས་བཅོས་སྒྱུར་གྱི་ལག་བསྟར་ཇུས་གཞི》ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད་དཔར་འགྲེམ་ལག་བསྟར་བྱས་པ་དང་། སྐྱེ་ཁམས་ཁ་གསབ་ལམ་ལུགས་དེ་ཞིང་ཆེན་ཡོངས་སུ་ཁྱོན་ཀུན་ནས་ཚོད་ལྟ་ལག་ལེན་བྱས།

དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས་དངོས་རེད། སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་པ་ནས་གོམ་གང་མདུན་སྤོས་སྒོས་ཁོར་ཡུག་གི་ཁྲིམས་འཛིན་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་ཁྲིམས་འཛིན་ལྟ་ཞིབ་ཚད་ལེན་དེ་མིག་གིས་བལྟ་བ་དང་སྣ་ཡིས་སྣུམ་པ་སོགས་གཞི་གྲངས་ཆེན་མོའི་ཕྱོགས་བསྡུས་དབྱེ་ཞིབ་དང་དྲ་ལམ་ལྟ་ཞིབ་ཚད་ལེན། རྒྱང་བསྟེན་ལྟ་ཞིབ་ཚད་ལེན། འཁོར་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་སོགས་བྱེད་ཐབས་མང་པོའི་ལྟ་ཞིབ་ཚད་ལེན་གྱི་ཕྱོགས་སུ་གོམ་པ་སྤོས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་ལ་ལྟ་ཞིབ་བྱས་པའི་བསམ་འཆར་ཚུར་ལན་སྤྲད་རྗེས།  ས་གནས་སོ་སོས་ལེགས་སྒྲིག་དག་ཐེར་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་། 2017ལོའི་ཟླ་བཅུ་བའི་ཟླ་མཇུག་གི་བར་དུ། ལེགས་སྒྲིག་དག་ཐེར་བྱེད་དགོས་པའི་གནད་དོན་ང་གཉིས་ཀྱི་ཁྲོད་ནས་གནད་དོན་ཉེར་བཞི་དུས་ཚོད་ཀྱི་གོ་རིམ་ལྟར་དུ་ལེགས་སྒྲིག་དག་ཐེར་ཡོངས་འགྲུབ་བྱས།

ཐོག་མར་ནུབ་བྱང་ས་ཁུལ་ནས་ལྷན་སྐྱེས་ཁྱབ་འགྱེད་རང་བཞིན་གྱི་གཏེར་ཁ་དང་གཅིག་བསྡུས་འཐུང་ཆུའི་མགོ་ཁུངས་ཀྱི་རྡུལ་འཕྲོ་རང་བཞིན་གྱི་ཆུ་ཚད་ལ་རྟོག་ཞིབ་བྱེད་པའི་བྱ་བ་སྤེལ་བ་དང་། མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་སྐུལ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འགྱེད་འཕྲོའི་ལྟ་སྐུལ་དོ་དམ་བྱ་བ་དེ་གྲངས་ཚད་ནས་ངོ་བོའི་ཕྱོགས་སུ་འགྱུར་ལྡོག་འབྱུང་བའི་ལོ་རྒྱུས་ཀྱི་ཐོད་བརྒལ་མངོན་འགྱུར་བྱུང་། མཚོ་སྔོན་ཞིང་ཆེན་གྱི་རྡུལ་འཕྲོ་རང་བཞིན་གྱི་གད་སྙིགས་གཅིག་བསྡུས་གསོག་ཉར་མཛོད་བཙུགས་ནས་འཁོར་སྐྱོད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྡུལ་འཕྲོ་རང་བཞིན་གྱི་ཆུ་ཚད་བརྟག་དཔྱད་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྡུལ་འཕྲོ་རང་བཞིན་གྱི་ས་གནས་གཞི་གྲངས་ཀྱི་གྲུབ་འབྲས་བླངས། ཞིང་ཆེན་ཡོངས་སུ་འགྱེད་འཕྲོའི་ཁོར་ཡུག་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་སྤེལ་བ་དང་། མིག་སྔར། འགྱེད་འཕྲོའི་ལྟ་ཞིབ་ཚད་ལེན་ལས་གཞི་རེ་གཅིག་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འགྱེད་འཕྲོའི་བདེ་འཇགས་ལྟ་སྐུལ་ལ་ནུས་ཡོད་ཀྱི་ལག་རྩལ་འདེགས་སྐྱོར་འདོན་སྤྲོད་བྱས།

དུས་མཚུངས་སུ། ཁོར་ཡུག་གི་ཚན་རིག་ཞིབ་འཇུག་ཀྱང་ནུས་ཞན་ནས་སྟོབས་ལྡན་དུ་གྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་མཐུན་སྦྱོར་འབྲེལ་གཏུག་བྱས་ཏེ་ཡོན་ཧྲི་ས་ཚིགས་གཉིས་བཙུགས་ཏེ། སྔོན་ལ་ཚོད་ལྟ་དཔེ་སྟོན་དང་དེ་ནས་ཁྱབ་སྤེལ་བྱས་པ་དང་། ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚད་གཞི་བཅུ་ཞིབ་འཇུག་གཏན་འཁེལ་དང་འགྲེམ་སྤེལ་བྱས་ཏེ། ཁོར་ཡུག་གི་འབག་བཙོག་བཅོས་སྐྱོང་གི་འགག་རྩའི་གནད་དོན་ཁག་ཅིག་ཐག་གཅོད་བྱས།

སྐྱེ་ཁམས་དར་ན་དཔལ་ཡོན་དར་བ་དང་། སྐྱེ་ཁམས་རྒུད་ན་དཔལ་ཡོན་རྒུད་སྲིད། མཚོ་སྔོན་ལ་མཚོན་ནས་བཤད་ན། ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་པས། ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། རྦད་ཆོད་སྒོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། རྒྱུན་མཐུད་དང་བརྟན་བརླིང་ངང་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས།

ད་ལྟ། གཙང་གསུམ་འབྱུང་ཡུལ་དུ་མཚོ་མོ་སྟོང་གི་མཛེས་ཉམས་ཡང་བསྐྱར་མངོན་པ་དང་། རི་དྭགས་གསའ་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་མི་རྣམས་ཀྱི་མཐོང་ལམ་དུ་རྒྱུ་ཞིང་། རི་སྐྱེས་སྲོག་ཆགས་རིགས་བརྒྱ་དང་ཉི་ཤུ་ལྷག་གནས་དེར་འཚོ་སྡོད་བྱེད་ཀྱིན་ཡོད། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རིགས་བཅུ་གཅིག་ལྷག་ཡོད། ས་གནས་ཀྱི་འབྲོག་པ་མང་ཚོགས་རྣམས་རང་འགུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རུ་ཁག་ཏུ་ཞུགས།

སྲིད་གཞུང་ནས་མང་ཚོགས་བཅས་ཕྱོགས་སོ་སོའི་འབད་བརྩོན་བརྒྱུད་དེ།  སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་བཟང་དུ་གྱུར་བ་དང་། མཚོ་སྔོན་གྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱས།

2018ལོའི་ལོ་མགོར། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》འགྲེམ་སྤེལ་བྱས་ཤིང་། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་ཐོག་མ་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ཚོད་ལྟ་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་དུས་རིམ་དུ་དངོས་སུ་ཞུགས་པ་མཚོན་ལ། 2020ལོའི་བར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུ་གསལ་བོ་བྱས།

2016ལོར། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱེད་མགོ་བརྩམས་པ་དང་། ཉམས་མྱོང་དང་དཔེ་མཚོན་ཅི་ཡང་མེད་པའི་གནས་ཚུལ་འོག་ཏུ་མདོ་དབུས་མཐོ་སྒང་དུ་རྒྱལ་ནང་གི་ཐོག་མའི་རྒྱལ་ཁབ་སྤྱི་གླིང་འཛུགས་པར་འཚོལ་ཞིབ་བྱས།

ད་ལྟའི་བར་དུ་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ལམ་ལུགས་གསར་སྐྲུན་སྔོན་སྐྱོད་ཚོད་ལྟ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། སྤོབས་པ་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་ལམ་ལུགས་གསར་སྐྲུན་ཚོད་ལྟར་སྐུལ་འདེད་བཏང་བ་དང་། སྔ་གཞུག་ཏུ་ཐོག་མའི་གསར་སྐྲུན་རང་བཞིན་གྱི་བཅོས་སྒྱུར་ལས་གཞི་བརྒྱ་ལྷག་ལག་བསྟར་བྱས་ཤིང་། ཁྲིམས་བསྟར་དང་ལྗང་མདོག དམངས་ཡོངས། བློ་གྲོས། འཆམ་མཐུན། ཚན་རིག སྒོ་འབྱེད། རིག་གནས། སྤུས་ཚད་བཅས་ཀྱིས་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་འདུ་ཤེས་བཙུགས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་དང་སྲིད་ཇུས། ལམ་ལུགས། ཚད་གཞི། སྐྱེ་ཁམས་སྲུང་སྐྱོབ། སྒྲིག་གཞི་འཁོར་སྐྱོད། མི་ཤུགས་ཐོན་ཁུངས། ཚན་རྩལ་འདེགས་སྐྱོར། ལྟ་ཞིབ་ཚད་ལེན་དང་གདེང་འཇོག་དཔྱད་ཞིབ། ལས་གཞི། དྲིལ་སྒྲོག་སློབ་གསོ། སྤྱི་དམངས་ཞུགས་པ། མཉམ་ལས་བརྗེ་རེས་སོགས་མ་ལག་བཅོ་ལྔ་རིམ་བཞིན་གྲུབ།

ཤུགས་ཆེན་པོས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཁྲོད་ད་དུང་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་གི་རྐྱེན་སྲོལ་གསར་འཛུགས་བྱས་པ་དང་། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་བཀོད་སྒྲིག་ལག་བསྟར་ཇུས་གཞི་གཏན་འཁེལ་བྱས་ཏེ། ཁྱོན་ཡོངས་ནས་གླིང་ཁུལ་གྱི་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་མངོན་འགྱུར་བྱས། དུས་མཚུངས་སུ། འབྲོག་པ་མང་ཚོགས་ཀྱིས་སྤྱི་གླིང་གི་སྐྱེ་ཁམས་ཉམས་ཞིབ་དང་ཁོར་ཡུག་སློབ་གསོའི་ཞབས་ཞུ་སོགས་ཀྱི་བྱ་བ་སྒྲུབ་པར་སྐུལ་ལྕག་ཁྲིད་སྟོན་དང་རོགས་སྐྱོར་བྱས་པ་དང་། འབྲོག་པ་མང་ཚོགས་མ་རྐང་དུ་ཞུགས་པ་དང་མཉམ་ལས་ངལ་རྩོལ་སོགས་བྱེད་སྟངས་སྣ་མང་བརྒྱུད་ནས་ཐོན་ལས་གསུམ་པ་གོང་དུ་སྤེལ་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཤིང་། ཡུལ་བབ་དང་བསྟུན་ནས་ས་གནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལྗང་མདོག་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པ་མངོན་འགྱུར་བྱུང་།

མིག་སྔར། གཙང་གསུམ་འབྱུང་ཡུལ་ལ་འཕོ་འགྱུར་ཆེན་པོ་བྱུང་ཏེ། སྔོན་ཆད་ཀྱི་སྡེ་ཁག་མང་པོས་མཉམ་དུ་བཅོས་སྐྱོང་བྱེད་པའི་གནས་བབ་གཏོར་བ་དང་། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐོར་ཅན་གྱི་གནད་དོན་ཡོངས་སུ་ཐག་གཅོད་བྱས་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་དཔེ་དབྱིབས་གསར་གཏོད་བྱས།

2018ལོའི་ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་ཁོར་ཡུག་གི་མཁའ་དབུགས་གཙང་ཚད་དེ་བརྒྱ་ཆའི་གོ་གཉིས་ལ་བསླེབས་ཤིང་། གྲོང་ཁྱེར་གཙོ་བོ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་མཁའ་དབུགས་གཙང་ཚད་བརྒྱ་ཆའི་གྱ་གསུམ་ལྷག་ཏུ་བསླེབས།

མཁའ་དབུགས་གི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བའི་དུས་མཚུངས་སུ། ཆུའི་སྐྱེ་ཁམས་ཀྱི་དམིགས་ཚད་ཀྱང་རིམ་བཞིན་ཇེ་མཐོར་སོང་། 2018ལོའི་ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར། རྒྱལ་ཁབ་ཀྱི་དཔྱད་ཞིབ་ཁྲོད་བཀོད་པའི་ཆུ་ངོས་བཅུ་དགུ་ཡི་ཆུའི་སྤུས་བཟང་བོའི་བསྡུར་ཚད་དེ་བརྒྱ་ཆའི་གོ་བཞི་ལྷག་ཡིན་པས། སྔོན་ལོའི་དུས་མཉམ་དང་འདྲ་བ་རེད། 2018ལོར་ཙོང་ཆུའི་ཆུ་སྤུས་དེ་ཚད་གཞིར་བསླེབས་ཚད་བརྒྱ་ཆའི་བརྒྱ་ཡིན་པ་དང་། ཙོང་ཆུ་བཅོས་སྐྱོང་ཐད་ལ་ལོ་རྒྱུས་ཀྱི་ཆུ་ཚད་ཆེས་བཟང་བོ་སྲུང་འཛིན་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་སྔར་ལས་སྲ་བརྟན་དུ་གྱུར།

འདས་པའི་ལོ་གཅིག་གི་ནང་། མཚོ་སྔོན་ཞིང་ཆེན་གྱིས་ཆུའི་འབག་བཙོག་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་དབྱང་གི་ཆུའི་ཆེད་སྤྱོད་མ་དངུལ་དང་ཞིང་ཆེན་རིམ་པའི་ཙོང་ཆུའི་བཞུར་རྒྱུན་གྱི་འབག་བཙོག་བཅོས་སྐྱོང་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཉིས་ས་ཡ་དྲུག་བཀོད་སྒྲིག་བྱས་ཏེ། གཙོ་བོ་གཙང་གསུམ་འབྱུང་ཡུལ་དང་རྨ་ཆུའི་བཞུར་རྒྱུན་སོགས་ཆུ་བོ་སྲུང་སྐྱོབ་དང་ཆུའི་སྐྱེ་ཁམས་སླར་གསོ། དེ་མིན་ཙོང་ཆུའི་གནད་སའི་ཡན་ལག་བཞུར་རྒྱུན་ཆུ་བོའི་འབག་བཙོག་བཅོས་སྐྱོང་ཀྱི་ལས་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས། ཙོང་ཆུའི་འབག་བཙོག་བཅོས་སྐྱོང་བྱ་བ་དེ་དོན་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་བརྒྱད་ཅུ་ཙམ་བཏང་ཏེ། ཆུ་སྙིགས་ཐག་གཅོད་བཟོ་གྲྭའི་ཚད་གཞི་མཐོར་འདེགས་བསྒྱུར་བཀོད་དང་། བཙོག་འབུད་འབྱུང་ཁུངས་ལེགས་བཅོས། མིས་བཟོས་བརླན་ས་འཛུགས་སྐྲུན། ཡན་ལག་བཞུར་རྒྱུན་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་དུས་རིམ་བཞིའི་བཅོས་སྐྱོང་སོགས་ལག་བསྟར་བྱས་ཏེ། མཚོ་སྔོན་མི་དམངས་ལ་དྭངས་གཙང་གི་ཆུ་བོ་ཞིག་བསྐྲུན་པའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱས།  མཚོ་སྔོན་ཞིང་ཆེན་གྱིས་རླུང་ཁམས་ཆེན་མོའི་འབག་བཙོག་འགོག་བཅོས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ཞིང་། རླུང་ཁམས་ཆེན་མོའི་འབག་བཙོག་བཅོས་སྐྱོང་ལས་གཞི་ཉེར་བདུན་ལག་བསྟར་བྱས་ནས། བཟོ་ལས་ཀྱི་འབག་བཙོག་བཅོས་སྐྱོང་ལ་ཤུགས་སྣོན་བྱས།

འདས་པའི་ལོ་གཅིག་གི་ནང་། མཚོ་སྔོན་ཞིང་ཆེན་གྱིས་ས་རྒྱུའི་འབག་བཙོག་ལ་ཞིབ་བཤེར་བྱེད་མགོ་བརྩམས་ཏེ། ཞིང་ཆེན་ཡོངས་ཀྱི་ས་རྒྱུའི་འབག་བཙོག་བཅོས་སྐྱོང་སླར་གསོའི་འཆར་འགོད་བཟོ་སྒྲིག་བྱས་པ་དང་། ལྕགས་རིགས་ལྗིད་གྲས་ཀྱི་ལས་རིགས་དང་ཁེ་ལས་གཙོ་བོའི་རྩིས་ཐོ་བཙུགས་ཏེ། རྒྱུན་ཆད་མེད་པར་ཉེན་ཁ་ཆེ་བའི་གད་སྙིགས་སྡུད་ལེན་ཐག་གཅོད་ཀྱི་གོ་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་དང་ཁོར་ཡུག་གི་ཉེན་ཁ་འགོག་སྲུང་བྱེད་པ་ཇེ་དྲག་ཏུ་བཏང་།

ལོ་ཙཱ་བ། སྒྲོལ་མ་སྐྱིད།