མཚོ་སྔོན་གྱི“སྣོད་བཅུད་མེ་ལོང”ལས་སྣོད་བཅུད་ཀྱི་གནས་སྟངས་དང་འགྱུར་ལྡོག་ལ་ལྟ་བ།
2019.01.17 ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། ཀློག་གྲངས། 88

 མཚོ་སྔོན་གྱི“ སྣོད་བཅུད་མེ་ལོང”ཞེས་པ་ནི་རྒྱལ་ནང་གི་སྔོན་ཐོན་གྱི་རྒྱང་ཚོར་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་ཅིག་ཡིན། གླེང་རིན་ཡོད་པ་ཞིག་ནི་ལྟ་དཔྱད་ཚད་འཇལ་མ་ལག་དེ་རྒྱང་ཚོར་བརྙན་ལམ་བརྒྱུད་ནས་ལེ་དབར་སྟོང་གི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་གཞི་རྩའི་གནས་ཚུལ་ལ་དུས་ཐོག་ཏུ་བལྟ་ཐུབ་པས། ལས་སྒྲུབ་པ་ཁྱིམ་ཕྱིར་འབུད་མི་དགོས། དེང་སྐབས་མཚོ་སྔོན་གྱི“ སྣོད་བཅུདམེ་ལོང” ཀྱི་ཚད་འཇལ་བྱེད་གནས་དེ་ཐོག་མའི8 ནས་ད་ལྟའི35ལ་སླེབས་ཡོད་ཅིང་། མཚོ་སྔོན་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་ཆེན་པོ་ལྔ་ཡོངས་ལ་ཁྱབ་ཡོད་པས་ད་ལོ་ནས་བཟུང་ལྟ་ཞིབ་ཚད་ལེན་ས་ཚིགས70 འཛུགས་རྒྱུར་བརྩོན་ལེན་བྱ་རྒྱུ་རེད།

ཟླ་དང་པོའི་ཚེས14 ཉིན། ཞིང་ཆེན་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་རྒྱ་ཁྱོན་སྨི་གྲུ་བཞི་མ་ཉིས་བརྒྱ་ལྷག་ཡོད་པའི་ཁང་བའི་ནང་དུ་གོ་རིམ་ཆ་ཚང་ལྡན་ཞིང་། ལས་བྱེད་མི་སྣས་ཙིག་གཏག་འགུལ་ཙམ་བྱས་པ་དང་བསྟུན་ནས་བརྙན་ཤེལ་དུ་ཁ་བའི་གོས་དཀར་གྱིས་བཀླུབས་པའི་གངས་རི་དང་རྩྭ་ཐང་། ལྷ་ལྷུང་དུ་རྒྱུག་པའི་གཙང་པོ་བཅས་མངོན་ཡོང་བ་དང་། སྐར་མ་བཅུ་ཙམ་གྱི་དུས་ཚོད་ནང་བརྗེ་སྣོན་གྱི་རྣམ་པ་དང་བསྟུན་ནས་མཚོ་སྔོན་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་གཞི་རྩའི་གནས་ཚུལ་དག་མ་ལུས་པར་ཤར་ཡོང་བ་རེད།

ཞིང་ཆེན་ཁོར་ཡུག་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན་ལི་ཧུང་ཆིས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་གྱི“སྣོད་བཅུད་མེ་ལོང་” གིས་ལྟ་ཞིབ་ཚད་ལེན་ས་ཁོངས་ཀྱི་སྒུལ་བདེའི་ལྕགས་གདུང་སྟེང་རྩེ་གྲས་ཀྱི་བརྙན་ཕབ་འཕྲུལ་ཆས་བཙུགས་ཡོད་པར་མ་ཟད།  འོད་སྐུད་བརྒྱུད་ལམ་གྱི་བརྙན་པར་གཞི་གྲངས་རྣམས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་གཞི་འཛིན་གྲངས་མཛོད་དུ་བརྒྱུད་བསྐུར་བྱས་ནས་སྐྱེ་ཁམས་མ་ལག་དང་། རང་བྱུང་མཛེས་ལྗོངས། རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་འགྱུར་ལྡོག་བཅས་ལ་དུས་དང་རྣམ་པ་ཀུན་ཏུ་ལྟ་ཞིབ་བྱེད་ཐུབ་པས། ལས་བྱེད་མི་སྣས་གློག་ཀླད་ལ་བརྟེན་ནས་ལྟ་ཞིབ་ཚད་ལེན་གྱི་ས་ཚིགས་རེ་རེའི་གཞི་རྩའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཐུབ་ཟེར།

2017 ལོ་ནས་བཟུང་ཞིང་ཆེན་སྣོད་བཅུད་ཐིན་གྱིས་ཟླ་རེའི་ཚེས22 ཉིན་དེ“ སྣོད་བཅུད་མེ་ལོང་” གི་སྒོ་འབྱེད་ཉིན་མོར་གཏན་འཁེལ་བྱས་ཤིང་། ད་སྔའི་བར་དུ་རྒྱལ་ནང་གི་ལྟད་མོ་བ་ཐེངས200ལྷག་ཙམ་དང་ལྟ་སྐོར་བྱེད་མཁན་མི་ཐེངས2000 ལྷག་ཙམ་ལ་སྣེ་ལེན་བྱས་ཡོད་པས། མཚོ་སྔོན་གྱི“སྣོད་བཅུད་མེ་ལོང་ དེ་སྤྱི་ཚོགས་ལས་རིགས་ཁག་གིས་མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤེས་རྟོགས་བྱེད་སའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

“ སྣོད་བཅུད་མེ་ལོང་ གི་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་བསྐྲུན་ནས་འཁོར་སྐྱོད་བྱས་ཚུན་ལ། ཀྲུང་དབྱང་སྒྲིག་ཁོངས་གཞུང་དོན་ཁང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། སྐྱེ་ཁམས་ཁོར་ཡུག་པུའུ་སོགས་རྒྱལ་ཁབ་ཀྱི་པུའུ་ཨུད་དང་། ཀོང་ཏུང་། ཡུན་ནན། ཞིན་ཅང་། བོད་ལྗོངས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གིས་ཀྲུང་དབྱང་དང་ས་གནས་ཀྱི་གསར་འགྱུར་སྨྱན་བྱད་དང་། ཞིང་ཆེན་ནང་ཁུལ་གྱི་སྲིད་གཞུང་ལས་ཁུངས།  རྒྱལ་ནང་གི་ཚན་རིག་ཞིབ་འཇུག་ཁང་དང་ཞིབ་འཇུག་སའོ་སོགས་ལས་ཁུངས་ཀྱིས་སྔ་རྗེས་སུ“ སྣོད་བཅུད་མེ་ལོང་” ལ་བལྟ་སྐོར་བྱས་པ་དང་ཆབས་ཅིག་གདེང་འཇོག་ཚད་མཐོན་པོ་བྱས། 2016ལོར“མཚོ་སྔོན་ཞིང་ཆེན་གྱི་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་གི་སློབ་གྲྭའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་སློབ་གསོ་ལག་ལེན་རྟེན་གཞི་” དེ་མཚོ་སྔོན“ སྣོད་བཅུད་མེ་ལོང་” དུ་སྒོ་བྱང་བཀལ་རྗེས། ཏང་ཡོན་ལས་བྱེད་པས་དེང་རབས་ཅན་དང་། ཚན་རྩལ་མཐོ་ཤོས་ཀྱི་ཐབས་སྤྱད་ནས་མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་ལ་ཐད་ཀར་ཤེས་རྟོགས་ཐུབ་པས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ལ་ངོས་འཛིན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གྱུར་ནས་སྤྱི་ཚོགས་ཀྱི་ཁོངས་མི་སྔར་ལས་མང་པོ་ཞིག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་རིགས་ནང་ཞུགས་ཡོད་པ་རེད།

གཙང་གསུམ་འབྱུང་ཡུལ་སོགས་སུ“ སྣོད་བཅུད་མེ་ལོང་ གི་རྒྱང་ཚོར་ལྟ་དཔྱད་ཚད་ལེན་མ་ལག་བསྒྲིགས་རྗེས། པར་ལེན་གྱི་གཞི་གྲངས་དེ་དུས་ཐོག་གནད་ཁེལ་གྱི་སྒོ་ནས་ ཞིང་ཆེན་སྣོད་བཅུད་ཁོར་སྲུང་ལྟ་དཔྱད་ཚད་ལེན་ལྟེ་གནས་ལ་ཇི་ལྟར་འདོན་སྤྲོད་བྱེད་པ་ཡིན་ཞེ་ན།

“‘ སྣོད་བཅུད་མེ་ལོང”གིས་རྩེར་སོན་བརྙན་ཕབ་འཕྲུལ་ཆས་དེ་ལྟ་ཞིབ་ཚད་ལེན་ས་ཁོངས་ཀྱི་ཀྲུང་གོ་སྒུལ་བདེ་ལྕགས་གདུང་དུ་བཙུགས་ནས་འོད་སྐུད་བརྒྱུད་ལམ་ལ་བརྟེན་ནས་གཞི་གྲངས་དུས་ཐོག་ཏུ་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་གཞི་གྲངས་མཛོད་དུ་བསྐུར་བ་རེད། རྩེར་སོན་བརྙན་ཕབ་འཕྲུལ་ཆས་ཀྱི་མདུན་སྣེའི་རྒྱུད་ཁོངས་སུ་གསལ་ཚད་ཁྲི800ནས་ཁྲི1000གི་པར་ངོས་གསལ་པོ་དང་། སྐར་འོད་རིམ་པའི་ལྗིད་ཐེག་སྤྲིན་རྩིས་ལས་སྟེགས་ཀྱི་བརྙན་ལེན་འཕྲུལ་ཆས་བཀོལ་སྤྱོད་བྱས་ཡོད།  དེ་ནི་མིག་སྔར་བརྙན་མིག་རྒྱང་སྒྱུར་གྱི་བཀོལ་སྤྱོད་ཆེས་ལེགས་པ་ཞིག་ཡིན་ཏེ། ལེ་དབར5དང་10། 15ཡི་བར་ཐག་ཚད་ལེན་གསལ་པོ་བྱེད་ཐུབ་པ་དང་།མཚན་མོར་ཆེས་རིང་བའི་ལམ་ཐག་ལེ་དབར 3གྱི་མཚམས་སུ་རྒྱང་དཔྱད་ཚད་ལེན་བྱེད་ཐུབ་ལ། ཆུ་འགོའི་སྣོད་བཅུད་སྲུང་སྐྱོབ་ཁུལ་གྱི་རི་སྐྱེས་སྲོག་ཆགས་ལ་རིག་ནུས་ཞིབ་དཔྱད་ཚད་ལེན་དང་། དབྱེ་ཞིབ། རྗེས་སྙེག་དང་ཉེན་བརྡ་གཏོང་བའི་ནུས་པ་ལྡན” ཞེས་ལས་བྱེད་མི་སྣས་ངོ་སྤྲོད་བྱས་བྱུང་།

མཚོ་སྔོན་གྱི“ སྣོད་བཅུད་མེ་ལོང” ལྟ་ཞིབ་ཚད་ལེན་མ་ལག་ནི2016 ལོའི་ཟླ་6 པར་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱས་པ་ཡིན་ཞིང་། ས་ཚིགས་མང་ཤོས་ས་བབ་མཐོ་བའི་མི་མེད་ལུང་སྟོང་དུ་བཙུགས་ཡོད། དེའི་ནང་གི་ལྟ་དཔྱད་ཚད་ལེན་ས་ཚིགས་མི་ཉུང་བ་ཞིག་ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི4000 ཡན་དུ་ཡོད་ཅིང་། འབྲི་ཆུའི་ཆུ་འགོར་ཡོད་པའི་རི་རྩེ་དཀར་གྱི་ལྷ་མཐའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5100དང་། རྨ་ཆུའི་ཆུ་མགོར་ཡོད་པའི་མཚོ་སྔོ་རེངས་ཏེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300 ། རྫ་ཆུའི་ཆུ་འགོར་ཡོད་པའི་རྣམ་སྲས་རོང་ཆེན་ཏེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000 ཙམ་བཅས་ཀྱི་སར་ཡོད་པ་མ་ཟད། དེ་དག་དང་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་བར་ཆ་སྙོམས་སྤྱི་ལེ་800 ལྷག་ཡོད་པ་རེད།

ལི་ཧུང་ཆིས་ཡིས་གཙང་གསུམ་འབྱུང་ཡུལ་གྱི་སྣོད་བཅུད་གནས་བབ་རྙོག་འཛིང་ཆེ་སྟེ། དེ་རུ་སྤང་ལྗོངས་དང་བརླན་ས།  འཁྱགས་རོམ་སོགས་སྣོད་བཅུད་མ་ལག་སྣ་ཚོགས་དང་། གསའ་དང་། གཙོད་སོགས་རྩ་ཆེའི་སྲོག་ཆགས་ཀྱང་མང་པོ་ཡོད། སྔོན་ཆད་བཀོལ་སྤྱོད་བྱེད་པའི“ གནམ་ས་གཞི་གཅིག་ཅན” གྱི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་ དཔྱད་དཔོག་མ་ལག་གི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་མི་གསལ་ཞིང་། དུས་ཐོག་ཏུ་ལྟ་དཔྱད་ཚད་འཇལ་གྱི་གཞི་གྲངས་ཀྱང་མཁོ་འདོན་བྱེད་མི་ཐུབ་མོད། ཐག་ཉེ་ས་ནས་མངའ་ཁོངས་ཡོངས་ཀྱི་སྣོད་བཅུད་རིགས་མི་འདྲ་བ་དང་། རང་བྱུང་གི་ཡོངས་ལ་ལྟ་ཐུབ་པའི་རྨང་གཞི་དེའི་ཐོག“ སྣོད་བཅུད་མེ་ལོང་ གི་རྒྱང་ཚོར་ལམ་ནས་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ཏེ། རྒྱང་ཚོར་ལ་བརྟེན་ནས་དུས་ཐོག་ཏུ་དྭངས་ཤིང་གསལ་བའི་བརྙན་ལམ་གྱི་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཚོད་འཛིན་བྱེད་ཐུབ་པ་བྱས་ཡོད་ཅེས་དེ་ལྟར་བཤད་བྱུང་།

རྒྱལ་ཡོངས་ནས་ཐོག་མར“ གནམ་ས་གཞི་གཅིག་ཅན” གྱི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་པ།

གཙང་གསུམ་འབྱུང་ཡུལ་གྱི་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་བརྟེན་ནས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འཆར་འགོད་གལ་ཆེན་དང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ནས་ཐོག་མར“ གནམ་ས་གཞི་གཅིག་ཅན” གྱི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་བསྐྲུན་པའི་རྨང་གཞིའི་སྟེང་མཚོ་སྔོན་གྱིས“ སྣོད་བཅུད་མེ་ལོང” བསྐྲུན་པ་རེད།

མཚོ་སྔོན་གྱི“ སྣོད་བཅུད་མེ་ལོང་” ནི་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་སྲུང་སྐྱོབ་ཁུལ་གཙོ་བོའི་ཁྱབ་ཚུལ་གྱི་ཁྱད་ཆོས་ལ་གཞིགས་ནས་བསྐྲུན་པའི་དྲ་རྒྱ་ཅན་གྱི་རྒྱང་ཚོར་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་ཅིག་ཡིན་ཞིང་། མ་ལག་འདི་འཁོར་སྐྱོད་བྱས་པ་ནས་བཟུང་། གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོ། མཚོ་སྔོན་པོ། འདམ་གཞུང་། རྨ་ཆུ་དང་ཙོང་ཆུའི་ལུང་གཞུང་ཆེན་པོ་ལྔའི་སྐྱེ་ཁམས་བྱེད་ནུས་ཁུལ་ཡོངས་ལ་ལྟ་ཞིབ་ཚད་ལེན་བྱེད་ས་བཙུགས། ད་ལྟའི་བར་དུ་མཚོ་སྔོ་རེངས་དང་།མཚོ་སྐྱ་རེངས། གཉན་པོ་གཡུ་རྩེ། ལྷུན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ། རྫ་ཆུའི་རོང་ཆེན། ཚྭ་ཁ། ཨ་ཆེན་གངས་རྒྱབ། མདོ་ལའི་ཆུ་ནག མཚོ་སྔོན་པོའི་ཆུ་མགོ་ཁུག་སོགས་སུ་ལྟ་ཞིབ་ཚད་ལེན་ས་ཚིགས35བཙུགས་ཡོད་ལ། འཆར་འགོད་ལྟར་ན། ལྟ་ཞིབ་ཚད་ལེན་ས་ཚིགས70 འཛུགས་རྒྱུ་བྱས་ཡོད་པ་རེད།

མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི“ གནམ་ས་གཞི་གཅིག་ཅན” གྱི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་མ་ལག་འཐུས་ཚང་དུ་བཏང་སྟེ། ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་སྣེ་འཁྲིད་ཅིང་། ཞིང་ཕྱུགས་དང་ཆུ་བེད། ནགས་ལས། གནམ་གཤིས་སོགས་སྡེ་ཁག་མང་པོ་མཉམ་འབྲེལ་སྒོས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལ་ཞུགས་པའི་བྱ་བའི་རྐྱེན་སྲོལ་ཆགས་ནས་གཅིག་གྱུར་གྱིས་དམིགས་ཚད་དང་། ལག་རྩལ། ཐབས་ཤེས་བཅས་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། སྡེ་ཁག་བར་གྱི་གཞི་གྲངས་བརྗེ་རེས་མཉམ་སྤྱོད་བྱེད་པ་ཐོག་མར་མངོན་འགྱུར་བྱས། རྒྱང་ཚོར་ལ་བརྟེན་ནས་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་རྒྱང་ཚོར་ལྟ་སྐུལ་དོ་དམ་ལས་སྟེགས་བཙུགས། དུས་མཚུངས་སུ་གཙོ་གནད་ཀྱི་སྦགས་བཙོག་འབྱུང་གནས་དྲ་སྦྲེལ་ལྟ་སྐུལ་ཚོད་འཛིན་མ་ལག་དང་། སྒུལ་བདེའི་ཁྲིམས་འཛིན་ལས་སྟེགས། རྒྱལ་ཡོངས་སུ་ཐོག་མར་བསྐྲུན་ཟིན་པའི་དུག་ལྡན་གནོད་བྱེད་ཀྱི་རླངས་གཟུགས་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡའི་མ་ལག ཁོར་ཡུག་ཉེན་བརྡ་གཏོང་བའི་མ་ལག ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་ས་ཚིགས་བཅས་སྡེབ་སྒྲིག་བྱས་ཏེ། ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་མཉམ་འགུལ་མངོན་འགྱུར་བྱུང་།

ཞིང་ཆེན་གྱི་སྣོད་བཅུད་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་ལྟར་ན། མཚོ་སྔོན་གྱིས“ སྣོད་བཅུད་སྐར་ཁུང” འཁོར་སྐྱོད་བྱས་རྗེས་སུ། ཚད་ལེན་གྱི་གཞི་གྲངས་དང་། བརྙན་ལམ་དཔྱད་གཞི་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་སྒོའི་ཆེད་སྤྱོད་དྲ་ཚིགས་བརྒྱུད་ནས་མཚོ་སྔོན་ཁོར་ཡུག་སྲུང་སྐྱོབ་སྤྲིན་རྩིས་ལས་སྟེགས་ཀྱི་གསོག་འཇོག་རྒྱུད་ཁོངས་སུ་བསྐུར་ཐུབ་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལག་རྩལ་ལ་འདེགས་སྐྱོར་གྱི་ནུས་པ་ཐོན་ཡོད།  ཕྱིན་ཆད་བརླན་ས་དང་། འཁྱགས་རོམ། ཁོར་ཡུག་གི་སྤུས་ཚད་སོགས་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་བྱས་ཏེ།  མཚོ་སྔོན་གྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྣོད་བཅུད་གནས་བབ་དང་དེའི་འགྱུར་ལྡོག་ཆོས་ཉིད་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་ནས། རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞིའི་ཕན་འབྲས་དཔྱད་དཔོག རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་སོགས་ལག་རྩལ་འདེགས་སྐྱོར་དང་ཞབས་འདེགས་ཞུ་རྒྱུ་ཡིན་ཟེར།

2016ལོའི་ཟླ8པའི་ཚེས4ཉིན། མཚོ་སྔོན་གྱི“ སྣོད་བཅུད་མེ་ལོང་” གི་རྒྱང་ཚོར་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་དང་། སྨིག་པ་ལ་སྒང་མཚམས་ཀྱི་མཚོ་བོད་ལྕགས་ལམ་ཟམ་ཆེན་གྱི་འགྲམ་ནས་བླངས་བའི་གཙོད་ཁྱུ་བདེ་བླག་ངང་རྒྱུ་བའི་སྣང་ཚུལ་བརྙན་དུ་ཕབ་ལ། “ དེ་ནི་སྨིག་པ་ལ་སྒང་གི་ལྟ་ཞིབ་ཚད་ལེན་ས་ཚིགས་ཡིན་ཞིང་། བརྙན་རིས་ལས་གཙོད་ཁྱུ་མཐོང་ཐུབ་པར་མ་ཟད། གྲངས་ཀ་བཞི་བརྒྱ་ལྷག་ཡོད་པ་གསལ་པོར་མཐོང་ཐུབ་ཅེས་ལི་ཧུང་ཆིས་ཡིས་དེ་ལྟར་བཤད་བྱུང་།

“ སྣོད་བཅུད་མེ་ལོང་” དེས་ཆུ་ཚོད24 རིང་ལ་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་བྱུང་བའི་གནས་ཚུལ་བརྙན་དུ་ཕབ་ཐུབ་པ་མ་ཟད། གལ་ཏེ་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་རི་དྭགས་ལྐོག་རྔོན་མཁན་བྱུང་ནའང་གསལ་པོར་མཐོང་བ་མ་ཟད་བརྙན་དུ་ཕབ་ཐུབ་ཟེར།

2017ལོའི་ཟླ10བའི་ཚེས2ཉིན། ལས་བྱེད་མི་སྣས་བརྙན་ལམ་ལྟ་སྐུལ་ཚོད་འཛིན་ལ་བརྟེན་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེའི་ཚད་ལེན་ས་ཚིགས་དང་བར་ཐག་ལེ་བར་གསུམ་ཙམ་གྱི་རོང་ཁུལ་དུ་དགོ་བ་ཁྱུ་ཞིག་སྐབས་རེར་རྩྭ་ཟ་བ་དང་སྐབས་རེར་རྒྱུག་རྩལ་འགྲན་པ་བཅས་བག་ཕེབས་སུ་ཡོད་པ་བླངས་ཡོད་ཅིང་།  ཆུ་ཚོད་གསུམ་གྱི་ནང་དུ་དགོ་བ260ལྷག་བརྙན་ལམ་གྱི་ལྟ་སྐུལ་ཚོད་འཛིན་ཁྱབ་ཁོངས་ནང་བླངས་ཡོད་པ་མཐོང་།

2018ལོའི་ཟླ12པའི་ཚེས29ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ཁོངས་སུ། རྐྱང520ལྷག་ཡོད་པའི་རྐྱང་ཁྱུ་གཅིག་གིས་རྩྭ་ཟ་བའི་རྣམ་པ་ཡིད་དུ་འོང་བའི་གོ་རིམ་ཧྲིལ་པོ་དེ་མཚོ་སྔོན་གྱི་“ སྣོད་བཅུད་མེ་ལོང་” གི་མ་ལག་ནང་ཕབ་ཡོད་ཅིང་། ལྟ་ཞིབ་ཚད་ལེན་ཀྱི་དུས་ཡུན་ཆུ་ཚོད་གསུམ་རིང་ཝ་དམར་དང་སྤྱང་ཀི་སོགས་རི་སྐྱེས་སྲོག་ཆགས་འགུལ་སྐྱོད་བྱེད་པའི་གནས་ཚུལ་བརྙན་དུ་ཕབ་པ་མ་ཟད། ལྟ་དཔྱད་ཚད་འཇལ་གྱི་ཡིག་ཆ་མཚོ་སྔོན་ཁོར་ཡུག་སྲུང་སྐྱོབ་སྤྲིན་རྩིས་ལས་སྟེགས་ཀྱི་གསོག་ཉར་མ་ལག་ནང་བསྐུར་ཡོད་པ་རེད།

གླེང་རིན་ཡོད་པ་ཞིག་ནི་ད་རེས་མཚོ་སྔོན་གྱི“ སྣོད་བཅུད་མེ་ལོང་” གི་དུས་ཐོག་ལྟ་དཔྱད་ཚད་འཇལ་ས་ཚིགས་བརྒྱུད་དེ། རྐྱང་གི་ཁ་གྲངས་ཚད་ལེན་བྱས་པ་སྔོན་མ་དང་བསྡུར་ན་ཆེས་ཆེར་འཕར་ཡོད་པ་རྟོགས། དེ་ནི་རྨ་སྟོད་ས་ཆའི་རྐྱང་འཚོ་སའི་བརླན་སའི་རྩྭ་ཐང་གི་རྒྱ་བསྐྱེད་དང་། དེ་མིན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ། འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱས་པ་སོགས་དང་འབྲེལ་བ་དམ་པོ་ཡོད་པ་རེད།

མཚོ་སྔོན་གྱི“ སྣོད་བཅུད་མེ་ལོང” འཁོར་སྐྱོད་བྱས་པ་ནས་བཟུང་། ཞིང་ཆེན་ སྣོད་བཅུད་ཐིན་གྱིས་རང་འགུལ་གྱིས་ལས་རེས་ལས་སྲུང་གི་ཐབས་སྤྱད་དེ། ཐག་ཉེ་ས་ནས་གཙོད་དང་། དགོ་བ། རྐྱང་། ཁྲུང་ཁྲུང་། འབྲོང་། གསའ། མཚོ་སྔོན་པོའི་གསེར་ཉ་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་དང་ཆུ་སྐྱེས་སྐྱེ་དངོས་ལ་ཞིབ་འཇུག་བྱེད་པའི་དཔེ་མཚོན་ཅན་གྱི་བྱེད་སྒོ་སྤེལ་བ་མ་ཟད། མཚོ་སྔོན་ཁོར་ཡུག་སྲུང་སྐྱོབ་སྤྲིན་རྩིས་ལས་སྟེགས་ཀྱི་གསོག་ཉར་མ་ལག་བརྒྱུད་དེ་ལྟ་ཞིབ་ཚད་ལེན་གྱི་རྒྱུ་ཆ་བསགས་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།