མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་ལག་བསྟར་བཟང་བོ་བྱས།
2019.01.21 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 52

 ཉེ་བའི་ལོ་འགའི་རིང་ལ། མཚོ་ནུབ་ཁུལ་གྱིས་ཀྲུང་དབྱང་སྔོན་རྩིས་ཁྲོད་ནས་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་སྟེ།  མིས་བཟོས་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན་དང་།   ཨ་བྲའི་གནོད་པ་འགོག་བཅོས།   བྱེ་འགོག་ནགས་གསོ།   ས་ནག་ཐང་བཅོས་སྐྱོང་།   བརླན་ས་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས།

མཚམས་སྦྱོར་བྱས་པ་ལྟར་ན།   མིག་སྔའི་བར།   ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་བར་གྱི་ལས་གཞིའི་འཛུགས་སྐྲུན་ཡོངས་གྲུབ་བྱས་ཡོད་པ་དང་།    ཉིས་སྟོང་བཅོ་བརྒྱད་ལོའི་ལས་གཞིའི་འཛུགས་སྐྲུན་མགྱོགས་མྱུར་སྒོས་སྤེལ་བཞིན་ཡོད།   ལས་གཞིའི་འཛུགས་སྐྲུན་ཡོངས་འགྲུབ་བྱས་རྗེས།   བརླན་ས་མུའུ་ས་ཡ་གཅིག་དང་འབུམ་གསུམ་ཁྲི་བརྒྱད་དང་།   མིས་བཟོས་གཟན་རྩྭའི་རྟེན་གཞི་དང་བྱེ་འགོག་ནགས་གསོ་མུའུ་ཁྲི་བཞི་ལྷག་གྲུབ་པར་བྱེད་པ་དང་།   ཨ་བྲའི་གནོད་པ་འགོག་བཅོས་དང་ས་ནག་ཐང་བཅོས་སྐྱོང་།    བྱེ་འགྱུར་རྩྭ་ས་མུའུ་ས་ཡ་བཞི་དང་འབུམ་བཞི་ཁྲི་དགུ་བཅོས་སྐྱོང་བྱས་ཏེ།  ཁུལ་ཡོངས་ཀྱི་ས་ཆུ་ཤོར་བ་སྲུང་འཛིན་དང་།   སྐྱེ་ཁམས་མ་ལག་སྲུང་སྐྱོབ།   རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་ཐུབ།

ཉེ་ལམ་གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཕྱུགས་ལས་ཆུ་བེད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱུགས་ལས་གོ་རིམ་ལྡན་པར་འཕེལ་རྒྱས་ལ་གཏོང་ཆེད།  ད་ལོར་ཐེམ་ཆེན་རྫོང་གིས་ཕྱུགས་སྐྱུར་རྩྭ་འདེབས་ཀྱི་ལས་གཞི་དང་། མཚོ་སྔོན་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་འཛུགས་སྐྲུན་སོགས་ཀྱི་ལས་གཞི་གཙོ་བོ་ལ་ཤུགས་བསྣན་ཏེ་ཕྱོགས་ཡོངས་ནས་མཐོ་སྒང་གི་ཨ་བྲ་འགོག་བཅོས་དང་བྱེ་འགྱུར་རྩྭ་ས་བཅོས་སྐྱོང་བྱས་ཏེ་ཕྱུགས་ལས་གོང་སྤེལ་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་སྤེལ།

ཐེམ་ཆེན་རྫོང་ནི་མཚོ་ནུབ་ཁུལ་གྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་ས་ཁུལ་གཙོ་བོ་ཡིན་ལ། ཐོན་ལས་སྒྲིག་གཞི་གཙོ་བོ་ནི་ཕྱུགས་ལས་ཡིན། དུས་ཡུན་རིང་བོར་གནམ་གཤིས་དང་མིའི་རིགས་ཀྱི་གནོད་འཚེ་ཐེབས་པའི་རྐྱེན་གྱིས་རྩྭ་ཐང་ཉམས་ཞན་དུ་གྱུར་ཏེ་གཞི་རྒྱ་ཇེ་ཆུང་ལ་བྱིན། ཨ་བྲའི་གནོད་པ་ནི་ས་ཁུལ་དེའི་སྐྱེ་ཁམས་ཁོར་ཡུག་དང་ཕྱུགས་ལས་འཕེལ་རྒྱས་ལ་གནོད་འཚེ་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པས་ཨ་བྲའི་གནོད་འཚེ་གཏན་འགོག་བྱས་ཏེ་རྩྭ་ས་ཇེ་ལེགས་ལ་གཏོང་རྒྱུ་ནི་ཐེམ་ཆེན་རྫོང་གི་སྐྱེ་ཁམས་སླར་གསོ་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གནད་འགག་རེད།

2018ལོར་ཐེམ་ཆེན་རྫོང་གིས་མཚོ་སྔོན་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་འཛུགས་སྐྲུན་ལས་གཞི་ལག་བསྟར་གྱི་གོ་སྐབས་དམ་འཛིན་བྱས་ཏེ་སྒོར་ས་ཡ་དྲུག་དང་འབུམ་ལྔ་ལྷག་བཏང་སྟེ་རྩྭ་ཐང་ལ་གནོད་འཚེ་གཏོང་བཞིན་པའི་སྐྱེ་དངོས་གཏན་འགོག་དང་། གཞི་ཁྱོན་སྤྱི་ཆིང་ཁྲི་བརྒྱད་ལྷག་གི་ཨ་བྲའི་གནོད་པ་འགོག་བཅོས་བྱས། མ་དངུལ་སྒོར་ས་ཡ་བཞི་འབུམ་ལྔ་བཏང་ཏེ། ཉམས་ཞན་དུ་གྱུར་བའི་རྩྭ་ས་སྤྱི་ཆིང་སྟོང་གཅིག་བཅོས་སྐྱོང་བྱས་ཤིང་། ཕྱུགས་ལས་འཕེལ་རྒྱས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། ཕྱུགས་སྤྱིལ་བརྒྱད་ཅུ་ལས་པ་དང་། ས་ནག་ཐང་བཅོས་སྐྱོང་དང་རྩྭ་བཏབ་པ་སོགས་ཀྱི་ཐམས་ལམ་བརྒྱུད་དེ་རྩྭ་ས་ཉམས་ཞན་དང་ས་ཆུ་ཤོར་བ་སྲུང་འཛིན་བྱས་པས། རིམ་གྱིས་རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཇེ་བཟང་དུ་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་། མིག་སྔའི་བར་དུ་ཐེམ་ཆེན་རྫོང་གིས་བསྡོམས་པས་རྩྭ་ར་སྤྱི་ཆིང་ཁྲི་གསུམ་སྟོང་གསུམ་བསྐོར་བ་དང་། ཉམས་ཞན་དུ་གྱུར་བའི་རྩྭ་ས་སྤྱི་ཆིང་སྟོང་གསུམ་ལྷག་དང་། ས་ནག་ཐང་སྤྱི་ཆིང་སྟོང་གཅིག་སུམ་བརྒྱ། དུག་རྩྭ་སྤྱི་ཆིང་དྲུག་བརྒྱ་དྲུག་ཅུ་བཅས་བཅོས་སྐྱོང་བྱས་པ་དང་།  ཕྱུགས་སྤྱིལ་ཉིས་བརྒྱ་ལས་ཤིང་། རིམ་བསགས་ཀྱིས་མ་དངུལ་སྒོར་བྱེ་བ་གཅིག་ལྷག་བཏང་ཡོད།

ན་གོར་མོ་གྲོང་ཁྱེར་གྱིས་མ་དངུལ་གཅིག་བསྡུས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་སྐུལ་འདེད་བཏང་།

ཉེ་བའི་ལོ་འདི་འགར། ན་གོར་མོ་གྲོང་ཁྱེར་གྱིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར།  སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་དམངས་ཚིས་བདེ་སྐྱིད་དུ་འགྱུར་བར་འབད་བརྩོན་བྱས།

ཉིས་སྟོང་བཅོ་བརྒྱད་ལོར་གོང་རིམ་ནོར་སྲིད་ཁྲོད་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་གསུམ་འབུམ་གཅིག་ཁྲི་གཉིས་ལྷག་བརྩོན་ལེན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ནུས་ཡོད་སྒོས་སྐུལ་འདེད་བཏང་།

ན་གོར་མོ་གྲོང་ཁྱེར་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་ཧྲིལ་བོར་ནགས་ཚལ་སྐྱེ་ཁམས་ཕན་ནུས་ཐད་ཀྱི་ཁ་གསབ་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བཞི་ཁྲི་གསུམ་ལྷག་བརྩོན་ལེན་བྱས་ཏེ་སྤྱི་ཕན་ནགས་སྤྱི་ཆིང་འབུམ་བཞི་དང་ཁྲི་གཉིས་ཀྱི་དོ་དམ་ལས་འགན་ལེགས་འགྲུབ་བྱས་པ་དང་། རྒྱལ་ཁབ་ནགས་ཚལ་སྐྱེ་ཁམས་ཕན་ནུས་ཁ་གསབ་མ་དངུལ་དོན་འཁྱོལ་བྱས་ཏེ་སྤྱི་ཕན་ནགས་ཀྱི་འཛུགས་སྐྲུན་དང་གསོ་སྐྱོང་།  སྲུང་སྐྱོབ།  དོ་དམ་སོགས་ཀྱི་ཐད་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས།

ན་གོར་མོ་གྲོང་ཁྱེར་གྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱ་དགའི་ཁ་གསབ་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་དྲུག་འབུམ་བརྒྱད་ལྷག་དོན་འཁྱོལ་བྱས་ཏེ།  ཞིང་ཆེན་དང་ཁུལ་གྱི་བཀོད་སྒྲིག་ལྟར་རང་བྱུང་རྩྭ་ཐང་ཞན་འགྱུར་ས་ཁུལ་དུ་ཕྱུགས་འཚོ་བ་གཏན་འགོག་བྱས་པའི་ཁ་གསབ་ཏུ་བྱིན་པ་དང་།   རྩྭ་ཕྱུགས་དོ་མཉམ་ལས་འགན་དོན་འཁྱོལ་བྱས་པའི་ཁྱིམ་ཚང་ལ་བྱ་དགའ་བྱིན་ཏེ་གྲོང་ཁྱེར་ཡོངས་ཀྱི་ཕྱུགས་འཚོ་བ་གཏན་འགོག་དང་རྩྭ་ཕྱུགས་དོ་མཉམ་ལས་འགན་ཁྱོན་ཡོངས་ནས་དངོས་འབེབས་བྱས་པ་དང་། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་སྐྱེ་ཁམས་བྱེད་ནུས་རིམ་བཞིན་ཇེ་བཟང་དུ་གྱུར།

དེ་མིན།   ན་གོར་གྲོང་ཁྱེར་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་ཐང་སྐྱེ་ཁམས་ལྟ་སྲུང་བ་དྲུག་བརྒྱ་གོ་བརྒྱད་ལ་མི་རེར་ཟླ་རེར་སྒོར་སྟོང་གཅིག་དང་བརྒྱད་བརྒྱའི་ཁ་གསབ་མ་དངུལ་བྱིན་ཏེ་གཞི་རིམ་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པའི་བརྩོན་སེམས་སྐུལ་སློང་བྱས་པ་དང་།   སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་ཟུང་འབྲེལ་གྱི་འཕེལ་རྒྱས་ལམ་བུ་རྒྱ་བསྐྱེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ན་གོར་མོ་གྲོང་ཁྱེར་གྱིས་མུ་མཐུད་དུ་དམངས་ཕན་བཟོ་སྐྲུན་སྣ་ཚོགས་དམ་འཛིན་བྱས་ཏེ། མཛེས་སྡུག་གི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དང་། རླུང་ཁམས་ཆེན་པོའི་འབག་བཙོག་འགོག་བཅོས་བྱེད་པ། ལས་རིགས་དང་ཁེ་ལས་གཙོ་བོའི་ཁོར་ཡུག་སྲུང་སྐྱོབ་སྒྲིག་ཆས་འཁོར་སྐྱོད་ལ་ལྟ་སྐུལ་དོ་དམ་བྱེད་པ། ཆུའི་འབག་བཙོག་འགོག་བཅོས་བྱེད་པ། ཆུ་དཔོན་ལམ་ལུགས་སྲ་བརྟན་ཏུ་གཏོང་བ། ཆུའི་ཐོན་ཁུངས་དོ་དམ་བྱེད་སྟངས་ལེགས་བསྒྱུར་བྱེད་པ། ས་རྒྱུའི་འབག་བཙོག་འགོག་བཅོས་བྱེད་པ། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ཁེ་ལས་གྲུབ་ཆ་གཙོ་བོ་ཡིན་པ། སྤྱི་ཚོགས་རྩ་འཛུགས་དང་གྲོང་ཁྱེར་མི་དམངས་མཉམ་དུ་ཞུགས་པ་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་མ་ལག་འཛུགས་པར་འཚོལ་ཞིབ་བྱེད་རྒྱུ་རེད།

གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱིས“ཆེས་ལེགས་པའི་སྣོད་བཅུད་ལྟ་སྲུང་པ”42ལ་གཟེངས་བསྟོད་བྱས།

2018ལོའི་ཟླ12པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་རྩྭ་ཐང་ཅུས་དང་། འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ(wwf)ཡིས་གཙོ་སྒྲུབ་བྱས་པའི“མཛེས་སྡུག་མཚོ་སྔོན་གྱི་ཆེས་ལེགས་པའི་སྣོད་བཅུད་ལྟ་སྲུང་པ”ལ་བྱ་དགའ་སྟེར་བའི་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ལྟ་སྲུང་པ་ཞེ་གཉིས“ཆེས་ལེགས་པའི་སྣོད་བཅུད་ལྟ་སྲུང་པར”བདམས།

མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ་བརྒྱད་འབུམ་གཅིག་ཁྲི་བཞི་སྟོང་གསུམ་ལྷག་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན། བརླན་སའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་རིགས་སྣ་མང་ཡིན་སྟབས། འཛམ་གླིང་དུ་ཤུགས་རྐྱེན་ཆེས་ཆེ་བའི་སྐྱེ་ཁམས་སྙོམ་སྒྲིག་ཁུལ་ཡིན། མཐོ་སྒང་གི་བརླན་ས་སྲུང་སྐྱོབ་བྱ་ཆེད། མཚོ་སྔོན་ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་རྒྱལ་ཡོངས་སུ་ཐོག་དང་པོར་བརླན་སའི་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་གསར་སྐྲུན་བྱས། “འབྲོག་པ་མང་ཚོགས་གཙོ་ཤུགས་ཡིན་པ་དང་།  ཆེད་བསྐོས་ལས་འགན་དང་ཞོར་འགན་གཉིས་ཟུང་འབྲེལ་བྱེད་པ། དོ་དམ་ཚད་ལྡན་ཡིན་པ། འགན་སྲུང་ནུས་ལྡན་ཡིན་པའི”བརླན་སའི་སྐྱེ་ཁམས་དོ་དམ་པ་དང་ལྟ་སྲུང་པའི་རུ་ཁག་ཅིག་བཙུགས།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཨེན་ཀོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཟླ5པར། འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་བརླན་ས་སྲུང་སྐྱོབ་ལྟེ་གནས་མཐུན་ཚོགས་དང་མཚོ་སྔོན་ཐེན་ཡིའུ་ཏི་སྡེ་ཚོགས་བཅས་ཀྱིས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་འོག མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས“མཛེས་སྡུག་མཚོ་སྔོན་གྱི་ཆེས་ལེགས་པའི་སྣོད་བཅུད་ལྟ་སྲུང་པ”འཚོལ་བའི་བྱ་འགུལ་སྤེལ།  རིམ་པ་བཞིན་འོས་སྦྱོར་དང་ཡོངས་བསྒྲགས་ངོས་འཛིན་བཅས་ཀྱི་གོ་རིམ་བརྒྱུད། མཐར་ཞིང་ཆེན་ཡོངས་ཀྱི་ནགས་ལས་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་ཁྲི་གཅིག་དང་སྟོང་དྲུག་གི་གྲས་ནས“ཆེས་ལེགས་པའི་སྣོད་བཅུད་ལྟ་སྲུང་པ”42བདམས། ཁོ་ཚོ་ནི་མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཡིན་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།