མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་བ།
2019.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 58

 འབྲི་ཆུ་དང། རྨ་ཆུ། རྫ་ཆུ་བཅས་ཀྱི་མགོ་ཁུངས་སུ་གྲགས་པའི་གཙང་གསུམ་འབྱུང་ཡུལ་ལ་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡོད། མཚོ་སྔོན་གྱིས་རྒྱལ་ཡོངས་སུ་སྐྱེ་ཁམས་ཀྱི་གོ་གནས་ཧ་ཅང་གལ་ཆེན་བཟུང་ཡོད་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བའི་ཡོལ་བ་གལ་ཆེན་ཡིན་པ་རེད།

བཅོས་སྒྱུར་དང་སྤོབས་པ་ཆེན་པོས་འཚོལ་ཞིབ་བྱས་པ་བརྒྱུད། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཐོད་བརྒལ་ཆེན་པོ་བྱུང་ཏེ། རྒྱལ་ཡོངས་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་བདེ་བླག་ངང་སྤེལ་བ་དང་། ཨ་ཆེན་གངས་རྒྱབ་བདེ་བླག་ངང་འཛམ་གླིང་ཤུལ་བཞག་གི་མིང་ཐོའི་གྲས་སུ་ཚུད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བདེ་བླག་སྤེལ་བ་རེད།

2018ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་དང་། ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་བཏང་བས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་དང་ཐོག་གི་བཟོ་ལས་ཀྱི་དུ་རླངས་དང་བཙོག་ཆུ། གད་སྙིགས་བཅས་བཅོས་སྐྱོང་བྱེད་པ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་བ་དང་། སྤོབས་པ་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་གྱི་མཚོ་སྔོན་གྱི་དཔེ་དབྱིབས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ཏེ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འབྱུང་བ་དང་། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པའི་ཕྱོགས་སུ་ནུས་པ་གལ་ཆེན་འདོན་པར་སྐུལ་འདེད་བྱས།

2016ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་མཚོ་སྔོན་ཞིང་ཆེན་ནས་དངོས་སུ་མགོ་བརྩམས། 2018ལོར《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དངོས་སུ་འགྲེམ་སྤེལ་བྱས་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་ཐོག་མ་ཡིན་པའི་ཆ་ནས། 2020ལོའི་བར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུ་གཏན་འཁེལ་གསལ་བོ་བྱས།

མཚོ་སྔོན་ཞིང་ཆེན་གྱིས་སྤོབས་པ་ཆེན་པོས་བཅོས་སྒྱུར་གྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། སྔ་གཞུག་ཏུ་ཐོག་མའི་གསར་སྐྲུན་རང་བཞིན་གྱི་བཅོས་སྒྱུར་རྣམ་གྲངས་བརྒྱ་ལྷག་ལག་བསྟར་བྱས་པ་དང་། སྡེ་ཁག་མང་པོས་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་གཏོར་བ། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐོར་ཅན་གྱི་གནད་དོན་ཡོངས་སུ་ཐག་བཅད་པ། རང་བྱུང་ཐོན་ཁུངས་ཀྱི་དབང་བའི་ལམ་ལུགས་དང་སྲིད་འཛིན་དོ་དམ་དབང་ཆའི་བར་གྱི་འབྲེལ་བ་མཐུན་སྦྱོར་བྱས་པ། དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་དང་དཔེ་དབྱིབས་སྐོར་ཞིག་བསྐྲུན་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཀྲུང་དབྱང་གི་བླང་བྱ་དང་མཐུན་ཞིང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་གཙོ་བོ་ འཛུགས་ཆེད།    མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་གཏན་འཁེལ་བྱས་པ་དང་། ཐོག་མར་ཞིང་ཆེན་རིམ་པའི་ངོས་ཐད་ནས་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་ལ་རྩེ་གྲས་ཀྱི་ཇུས་འགོད་བྱས་ཤིང་། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དེ་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཞིབ་བྱས་རྗེས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་པར་སྐྲུན་འགྲེལ་སྤེལ་བྱེད་པའི་ཇུས་གཞིར་ཐོག་མར་བཀོད་ནས།  རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་མགོ་དངོས་སུ་བརྩམས་པ་རེད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲི་གཏན་འཁེལ་བྱས་པ་དང་། ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་གྱི་ལྟ་ཞིབ་ཚད་ལེན་དང་གདེང་འཇོག དཔྱད་ཞིབ། འགན་འཁྲི་རྩད་གཅོད་བཅས་ཀྱི་མ་ལག་ཕལ་ཆེར་གྲུབ།  《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གི་གུན་གསབ་འཇལ་བའི་ལམ་ལུགས་བཅོས་སྒྱུར་གྱི་ལག་བསྟར་ཇུས་གཞི》གཏན་འཁེལ་འགྲེམ་སྤེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་གུན་གསབ་འཇལ་བའི་ཁྱབ་ཁོངས་དང་དབང་ཆ། འོས་འགན་གཙོ་བོ། གུན་གསབ་འཇལ་བ་བཅས་ཀྱི་ཐག་གཅོད་ཐབས་ལམ་གསལ་བོ་བྱས་པ་དང་། མགོ་ཁུངས་ནས་སྔོན་འགོག་དང་བརྒྱུད་རིམ་ཚོད་འཛིན། གུན་གསབ་འཇལ་བ། འགན་འཁྲི་རྩད་གཅོད་བཅས་ཀྱི་ལམ་ལུགས་མ་ལག་རིམ་བཞིན་གྲུབ། དེར་མ་ཟད་རྒྱལ་ཡོངས་ནས་ཐོག་མར་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོར་རྒྱང་ཚོར་ལག་རྩལ་ལ་བརྟེན་ནས་དངོས་པོའི་གྲངས་ཚད་གཙོ་བོ་ཡིན་པའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུ་ལོན་རེའུ་སྒྲིག་བཟོ་བྱེད་པའི་ཚོད་ལྟའི་བྱ་བ་སྤེལ།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ལྟ་ཞིབ་ཚད་ལེན་དང་ལྟ་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་། ཞིབ་འཇུག་པ་བུའུ་ཞང་ཕེས་ལ་མཚོན་ནས་བཤད་ན། ལོ་བཅུ་ཕྲག་འགའི་བྱ་བའི་བརྒྱུད་རིམ་ནི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གྱུར་བའི་བརྒྱུད་རིམ་ཅིག་ཡིན། ཁོས་ཕྱིར་དྲན་བྱས་ནས་བཤད་རྒྱུར། སྔོན་ཆད་མཁའ་དབུགས་དང་ཆུ། ས་རྒྱུ་སོགས་ཁོར་ཡུག་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་སྐབས། མིའི་བྱེད་ཐབས་ཁོ་ནར་བརྟེན་པ་ཡིན། ད་ལྟ་ཆུའི་ཁོར་ཡུག་དང་། ཕྱིའི་མཁའ་དབུགས། འུར་སྒྲ། འགྱེད་འཕྲོ་སོགས་ཁོར་ཡུག་གི་སྤུས་ཚད་དང་འབག་བཙོག་གི་འབྱུང་ཁུངས་གཙོ་བོའི་བཙོག་འབུད་བཅས་ལ་དྲ་རྒྱ་གཙོ་བོ་ཡིན་པའི་རྒྱང་ཚོར་གྱི་ལྟ་ཞིབ་ཚད་ལེན་དང་ཚོད་འཛིན་མངོན་འགྱུར་བྱུང་ཡོད་ཟེར།

དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། བཅོས་སྒྱུར་གྱི་སྙིང་སྟོབས་ལ་བརྟེན་ནས་གསར་སྐྲུན་འཚོལ་ཞིབ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱ་བ་དེ་ ཐོག་མའི་ཆུ་སྤུས་ལ་ལྟ་ཞིབ་ཚད་ལེན་བྱེད་པ་ནས་ད་ལྟའི་སྤྱི་ཚོགས་ཡོངས་ལ་ཁོར་ཡུག་གི་མཁའ་དབུགས་དང་དུ་རླངས། ཆུ། བཙོག་ཆུ། ས་རྒྱུ།  འུར་སྒྲ། ཁང་བའི་ནང་གི་མཁའ་དབུགས་སོགས་རིགས་ཆེན་པོ་བཅུའི་ལྟ་ཞིབ་ཚད་ལེན་གཞི་གྲངས་ཉིས་བརྒྱ་དང་བཅོ་བརྒྱད་འདོན་སྤྲོད་བྱེད་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་ནས། སྔོན་ཐོན་གྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་པ་དང་། སྔ་གཞུག་ཏུ་མཁའ་དབུགས་ལ་རང་འགུལ་གྱིས་ལྟ་ཞིབ་ཚད་ལེན་བྱེད་པའི་ས་ཚིགས་དོན་གཅིག་དང་། ཆུའི་སྤུས་ཚད་ལ་རང་འགུལ་གྱིས་ལྟ་ཞིབ་ཚད་ལེན་བྱེད་པའི་ས་ཚིགས་སོ་དྲུག་བཙུགས།

མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་གི་མཁའ་དབུགས་སྤུས་ཚད་ཉེན་བརྡའི་སྔོན་ཚུད་ལས་སྒོའི་སྟེགས་བུ་རིམ་བཞིན་བཙུགས་པར་མ་ཟད་འཐུས་ཚང་དུ་བཏང་ཞིང་། ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། མཚོ་སྔོན་པོའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ལ་བརྟེན་ནས། རྒྱལ་ཡོངས་ནས་ཐོག་མར་གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱ་བཙུགས་པའི་རྨང་གཞིའི་སྟེང་མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང་བསྐྲུན།

མཚོ་སྔོན་ཞིང་ཆེན་གྱིས་ད་རུང་གོམ་གང་མདུན་སྤོས་སྒོས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོར་ཁེབས་པའི་གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཐུས་ཚང་དུ་བཏང་ཏེ། སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་སྣེ་ཁྲིད་དེ་སྡེ་ཁག་མང་པོ་མཉམ་ལས་བྱེད་པའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བྱ་བའི་རྐྱེན་སྲོལ་གྲུབ་པ་དང་། ལྟ་ཞིབ་ཚད་ལེན་དམིགས་ཚད་དང་ལག་རྩལ་བྱེད་ཐབས་བཅས་གཅིག་གྱུར་བྱས་ཤིང་། སྡེ་ཁག་བར་གྱི་གཞི་གྲངས་ཕན་ཚུན་མཉམ་སྤྱོད་བྱེད་པ་ཐོག་མར་མངོན་འགྱུར་བྱུང་བར་མ་ཟད། གནད་སའི་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱེད་པའི་སྟེགས་བུ་བསྐྲུན།

སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་ཆུའི་ཐོན་ཁུངས་དོ་དམ། ཆུའི་འབག་བཙོག་བཅོས་སྐྱོང་བཅས་ལ་སྐུལ་འདེད་བཏང་ཞིང་། གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་བཞུར་རྒྱུན། མདོ་ལ་རི་བོ། རྨ་ཆུ་དང་ཙོང་ཆུའི་བཞུར་རྒྱུན་བཅས་སུ། གནད་སའི་བཞུར་རྒྱུན་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ། ཆུ་མཛོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། བཟོ་ལས་གླིང་ཁུལ་གྱི་བཙོག་ཆུ་གཅིག་བསྡུས་ཐག་གཅོད་སོགས་བཟོ་སྐྲུན་བརྒྱ་དང་སོ་ལྔ་ལག་བསྟར་བྱས་པ་དང་། ཧོང་ཡོན་རྫོང་གི་བཙོག་ཆུ་ཐག་གཅོད་བཟོ་གྲྭའི་ལག་རྩལ་བསྒྱུར་བཀོད་ཚོད་ལྟའི་ལས་གཞི་ཡོངས་འགྲུབ་བྱས་པ་དང་། གཅིག་བསྡུས་རྣམ་པའི་འཐུང་ཆུའི་འབྱུང་ཁུངས་ཀྱི་ཁོར་ཡུག་གནད་དོན་ཐག་གཅོད་བྱས།

ཤུགས་ཕུད་དེ་ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་དཔེ་སྟོན་ལས་གཞི་ལག་བསྟར་བྱས་པ་དང་། ཁྱིམ་གཞིས་ལྗང་བསྒྱུར་གྱི་བྱ་སྤྱོད་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱིས་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་ཉི་ཤུ་བཏང་ཏེ། སྡེ་བ་དང་འབྲོག་པའི་གཏན་སྡོད་བྱེད་ས་སུམ་སྟོང་ལྔ་བརྒྱ་བཅོ་ལྔའི་རྣམ་པ་ལེགས་བཅོས་བྱས་ཤིང་། སྡེ་བའི་སྤྱི་གྲངས་ཀྱི་བརྒྱ་ཆའི་དོན་བརྒྱད་ཟིན་པ་དང་། ཁུལ་དྲུག་ལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས།

ད་ལྟ་མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་དུ།  སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་བཟང་ཡིན་པ་དེས། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་སོགས་བཟོ་ལས་དང་ཞིང་ལས། དེང་རབས་ཞབས་ཞུ་ལས་རིགས་བཅས་ཀྱི་ཁྱབ་ཁོངས་ལ་ཁེབས་པའི་ཐོན་ལས་རེ་རེ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད་ལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཉམས་དགའ་བའི་གྲུབ་འབྲས་རེ་རེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་གྱི་སྒྲུབ་སྟངས་ཆེན་པོ་རེ་རེ་མངོན་བཞིན་ཡོད།

ལོ་ཙཱ་བ། སྒྲོལ་མ་སྐྱིད།