གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད་ལག་བསྟར་དུས་དཀྱིལ་གྱི་དཔྱད་འཇོག་མཇུག་འབྲས་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྱུར་བར་ཐོག་མའི་ཚོད་འཛིན་ཐེབས་ནས། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་མངོན་གསལ་སྒོས་ཇེ་བཟང་དུ་གྱུར་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་ཞིང་། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བྱུང་སྟེ། སྐྱེ་ཁམས་བདེ་འཇགས་སྲུང་བའི་ཡོལ་བ་སྔར་ལས་སྲ་བརྟན་དུ་གྱུར།
གཙང་གསུམ་འབྱུང་ཡུལ་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཐུན་མོང་མ་ཡིན་པའི་གོ་གནས་གལ་ཆེན་བཟུང་ཡོད་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་འཕེལ་རྒྱས་ལ་འབྲེལ་བ་ཡོད། 2005ལོའི་ཚུན་ལ་རང་རྒྱལ་གྱིས་སྔ་གཞུག་ཏུ《མཚོ་སྔོན་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སྤྱིའི་འཆར་འགོད།》དང《མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད》ལག་བསྟར་བྱེད་མགོ་བརྩམས། 2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་སོ་གསུམ་པའི་སྟེང《མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད།》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེ་ལས། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་ཁྱོན་ཡོངས་ནས་མགོ་བརྩམས་པ་མཚོན། 2018ལོའི་ལོ་འགོར《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད།》དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པ་ལས། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པའི་དུས་རིམ་དུ་ཞུགས་པ་མཚོན། དེ་ལས་དུས་རབས་གསར་བར་ཞུགས་པའི་ཚུན་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་རྩེ་གྲས་ཀྱི་ཇུས་འགོད་བྱས་པ་མཚོན་ཡོད།
ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག་ཏུ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་ཆེ་ཕྱོགས་གྲུབ་ཚུལ་ལེགས་བཅོས་བྱུང་བ་དང་། རྩྭ་ས་ཉམས་ཞན་དུ་འགྱུར་བ་རིམ་བཞིན་བཀག་འགོག་བྱུང་བ། ལྟག་ཆུ་བསྐྱིལ་གསོག་གི་བྱེད་ནུས་སླར་གསོ་བྱུང་བ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཞིང་། འཆམ་མཐུན་དང་ལྗང་མདོག དག་གཙང་བཅས་ཀྱི་གཙང་གསུམ་འབྱུང་ཡུལ་གྱི་མཛེས་ཉམས་ཡང་བསྐྱར་མི་རྣམས་ཀྱི་མཐོང་ལམ་དུ་མངོན། གོང་གི་གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྩེ་གྲས་ཀྱི་ཇུས་འགོད་གནང་བ་ལས་ཐོབ་པ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་རྩེ་གྲས་ཀྱི་ཇུས་འགོད་དེ་མཐའ་གཅིག་ཏུ་ལག་ལེན་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་པ་ལས་ཐོབ་པ་རེད།
ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་ལོ་རྒྱུས་ཀྱི་སྐས་རིམ་གསར་བ་ཞིག་ཏུ་ཇི་ལྟར་བསླེབ་པར་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་འཁོར་སྐྱོད་བཟང་པོའི་ཕྱོགས་སུ་ཇི་ལྟར་མངོན་འགྱུར་བྱེད་པ། ཀྲུང་ཧྭའི་ཆུ་མཛོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇི་ ལྟར་སྲ་བརྟན་དུ་གཏོང་བ་བཅས་ཀྱི་གནད་འགག་ནི། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་སྟངས་ཇི་འདྲ་ཞིག་འཛིན་དགོས་པར་ཐུག་ཡོད་སྟེ། གཙང་གསུམ་འབྱུང་ཡུལ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཀྱི་འཐབ་ཇུས་གོ་གནས་དང་ཟུང་འབྲེལ་བྱས་ནས། རྒྱལ་ཡོངས་ཀྱི་འཐབ་ཇུས་ཁྲོད་ཀྱི་གོ་གནས་ལ་བལྟ་བ་དང་། མ་འོངས་བའི་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ཀྱི་ལམ་ཚད་ལ་བལྟ་བ། གཙང་གསུམ་འབྱུང་ཡུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཕྱོགས་སུ་བལྟ་དགོས་པ་དེ་རེད། དེ་ནས་བསམ་གཞིགས་དང་འཐབ་ཇུས་ཀྱི་ངོས་ཐད་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་གཅིག་གྱུར་བྱེད་དགོས་པ་སྟེ། རང་རྟོག་དང་ཧུར་ཐག་གིས་རྒྱལ་ཁབ་ཀྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་དགོས་པ་དེ་རེད། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པས། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ནས། ང་ཚོས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་པའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་ཏུ་བརྩི་བ་དང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་བྱས་ནས། གཙང་གསུམ་འབྱུང་ཡུལ་མཐུན་སྦྱོར་དང་ཁྱོན་ཡོངས། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འབྱུང་བར་འདེགས་སྐྱོར་གསར་བ་བསྐྲུན་པ་དང་། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་གསོན་ཤུགས་ཆེན་པོ་བསྩལ་དགོས་པ་དེ་ཡིན་པར་ངོས་ཟིན་གསལ་བོ་བྱེད་དགོས།
གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་གྱི་ལོ་འཁོར་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས།
མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གཞུང་སྒྲུབ་ཁང་གིས་ཉེ་ལམ་འདོན་སྤྲོད་བྱས་པའི་གཞི་གྲངས་ཞིག་ལས་མངོན་པ་ལྟར་ན། 2018ལོའི་ཟླ་བཅུ་གཉིས་པའི་བར། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལས་གཞིར་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་གཉིས་བཏང་སྟེ། ལོ་འཁོར་གྱི་དམིགས་འབེན་ལས་འགན་ལྷག་འགྲུབ་བྱས། སྔ་གཞུག་ཏུ་ས་ནག་ཐང་བཅོས་སྐྱོང་དང་སྡོང་ཕྲུག་རྟེན་གཞི་འཛུགས་སྐྲུན། མིས་བཟོས་ནགས་སྐྲུན། རྩྭ་ས་དང་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་གཞི་བཅུ་ལྷག་ལག་བསྟར་བྱས།
གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་སྣོན་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་གཏོང་ཆེད། 2005ལོ་ནས་བཟུང་། སྔ་གཞུག་ཏུ《མཚོ་སྔོན་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད།》དང《མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད།》ལག་བསྟར་བྱེད་མགོ་བརྩམས། ཕྱུགས་བསྐྱུར་རྩྭ་འདེབས་དང་ཕྱུགས་བཀག་རྩྭ་གསོ། རྩྭ་ཕྱུགས་དོ་མཉམ། ས་ནག་ཐང་བཅོས་སྐྱོང་། རྩྭ་སའི་གནོད་ལྡན་སྐྱེ་དངོས་འགོག་བཅོས་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་། ཕྱུགས་ཀྱི་ཤོང་ཚད་དང་ཞན་འགྱུར་རྩྭ་སའི་གཞི་ཁྱོན་མུ་མཐུད་ནས་ཇེ་ཆུང་དུ་སོང་ཞིང་། རྩྭའི་ཁེབས་ཚད་དང་རྩྭའི་ཐོན་ཚད་ཇེ་མཐོར་སོང་བ། ཨ་བྲའི་གནོད་ཐེབས་རྩྭ་སའི་གཞི་ཁྱོན་ཇེ་ཆུང་དུ་སོང་སྟེ། རྩྭ་ཕྱུགས་བར་གྱི་འགལ་བ་ཇེ་ཞན་དུ་གྱུར་བ་དང་། རྩྭ་སའི་སྐྱེ་ཁམས་སླར་གསོ་བྱུང་། རི་བཀག་ནགས་གསོ་དང་མིས་བཟོས་ནགས་སྐྲུན། ནགས་ཚལ་དོ་དམ་སྲུང་སྐྱོབ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད་ནས། གཙང་གསུམ་འབྱུང་ཡུལ་གྱི་ནགས་ཀྱི་ཁེབས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་། བཟོ་སྐྲུན་ཁུལ་གྱི་ནགས་ཀྱི་ཁེབས་ཚད་འཕར་སྣོན་བྱུང་ཞིང་། ནགས་ཚལ་གྱི་ལྟག་ཆུ་བསྐྱིལ་གསོག་དང་ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་ཕན་འབྲས་ཉིན་བཞིན་མངོན། དུས་མཚུངས་སུ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་རྨང་གཞིའི་ས་གཤིས་ཆ་འཕྲིན་མ་ལག་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་དང་སྐྱེ་ཁམས། ཐོན་ཁུངས་སོགས་གཞི་གྲངས་སྣ་ཚོགས་རང་འགུལ་གྱིས་འཚོལ་བསྡུ་བྱེད་པ་མངོན་འགྱུར་བྱུང་ནས། རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་ས་ངོས་ལྟ་ཞིབ་ཚད་ལེན་ཕན་ཚུན་ཟུང་འབྲེལ་གྱི་གཙང་གསུམ་འབྱུང་ཡུལ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་ས་ཁོངས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མ་ལག་དང་ལྟ་ཞིབ་ཚད་ལེན་ལག་རྩལ་འགན་སྲུང་གི་ལམ་ལུགས་གྲུབ་པ་དང་། གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གདེང་འཇོག་མ་ལག་དང་གཞི་གྲངས་གཅིག་བསྡུས་མཉམ་སྤྱོད་ཀྱི་རྐྱེན་སྲོལ་ཐོག་མར་བཙུགས།
དེར་མ་ཟད་སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་། ཞིང་སྡེའི་ནུས་ཁུངས་འཛུགས་སྐྲུན། ནུས་རྩལ་གསོ་སྦྱོང་། ཕྱུགས་བསྐྱུར་རྩྭ་འདེབས། ཞན་འགྱུར་རྩྭ་ས་བཅོས་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྱད་སྟོབས་རིམ་བཞིན་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་བ་དང་། རྩྭ་སའི་སྐྱེ་ཁམས་ཀྱི་སྤྱི་ཕན་ལྟ་སྲུང་ལས་རྐང་བཙུགས་ནས། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ་དང་། ས་གནས་རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་སྒོ་འཕར་སྣོན་འབྱུང་བར་སྐུལ་འདེད་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དུ་མཐོར་འདེགས་བྱུང་།
སྐྱེ་ཁམས་ཐོན་ཁུངས་ནི་ཆེས་ཆེ་བའི་ཐོན་ཁུངས་ཡིན་ལ། སྐྱེ་ཁམས་ཁྱད་སྟོབས་ནི་ཆེས་ཆེ་བའི་ཁྱད་སྟོབས་ཡིན་པ། ལྗང་མདོག་འཕེལ་རྒྱས་ནི་ཆེས་ཆེ་བའི་འཕེལ་རྒྱས་ཡིན་པས། ལྗང་མདོག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྔར་ལས་ཡངས་ཞིང་རྒྱ་ཆེ།
ལོ་ཙཱ་བ། སྒྲོལ་མ་སྐྱིད།