གཙང་གསུམ་འབྱུང་ཡུལ་ལ་ལྗང་མདོག་གི་གསོན་ཤུགས་རྒྱས།
2019.01.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 109

 མཱ་ཀོས་ནི་ད་སྐབས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་དོ་དམ་ཨུ་ཡོན་ལྷན་ཁང་གི་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་ཡིན་ལ།  ཁོས་ལོ་ངོ་བཅུ་ཕྲག་འགའ་ཉིན་གཅིག་ནང་བཞིན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་འདོན་བཞིན་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནི་གཙང་གསུམ་འབྱུང་ཡུལ་དུ་ཡོད་ཅིང་། ད་ལྟའི་ས་འདིའི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་སྐོར་གླེང་སྐབས། མ་ཀོས་ཀྱི་གདོང་ལ་ངང་གིས་འཛུམ་གྱིས་ཁེངས་ཡོང་། ཁོས་བཤད་རྒྱུར། ལྟ་ཞིབ་ཚད་ལེན་གཞི་གྲངས་ལས་མངོན་པ་ལྟར་ན་ད་ལྟ་ས་འདིར་མཚེའུ་ཆེ་ཆུང་སྟོང་ལྔ་ལྷག་ལས་བརྒལ་ཡོད་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་སོང་རྗེས་ཁྲུང་ཁྲུང་མགོ་ཁྲའི་གྲངས་ཀའང་མངོན་གསལ་དུ་འཕར་སྣོན་བྱུང་བ་དང་། གཞན་ད་རུང་མཐོང་དཀོན་པའི་སྤྱང་ནག་ཀྱང་མཐོང་རྒྱུ་ཡོད་པས། དེ་ནི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་རྣམ་པ་ཞིག་རེད་ཟེར།

འདས་པའི་ལོ་གཅིག་གི་ནང་། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་ཏུ་བརྩི་བ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་གཏིང་ཟབ་ཏུ་ལག་ལེན་དང་། ལྔ་བཞི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས་ནས། ཤུགས་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལ་སྐུལ་འདེད་བཏང་ཞིང་། ལས་གཞི་སྐུལ་སྤེལ་དམ་་འཛིན་དང་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་པ། དམངས་ཚིས་ལེགས་བཅོས་ལ་སྐུལ་འདེད་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས། སྐྱེ་ཁམས་བྱེད་ནུས་ཁུལ་གྱི་ལྟག་ཆུ་བསྐྱིལ་གསོག་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་། འབྲོག་པ་མང་ཚོགས་སྔར་ལས་མང་པོ་ཞིག་གིས་སྐྱེ་ཁམས་ཀྱི་ཁ་གསབ་ལོངས་སུ་སྤྱོད་ཐུབ་པ་བྱུང་།

གཙང་གསུམ་འབྱུང་ཡུལ་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་སུ་གནས་ཤིང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་ལ། ཨེ་ཤ་ཡ་དང་གོ་ལ་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྙོམས་སྒྲིག་ཁུལ་གལ་ཆེན་ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་འཕེལ་རྒྱས་ལ་འབྲེལ་བ་ཡོད།

2018ལོའི་ཟླ་བཞི་བར། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ཀྱིས་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད་ལག་བསྟར་དུས་དཀྱིལ་གྱི་གདེང་འཇོག་དཔྱད་ཞིབ་མཇུག་འབྲས་དངོས་སུ་ཁྱབ་བསྒྲགས་བྱས་པ་སྟེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྱུར་བའི་གནས་བབ་ཐོག་མར་བཀག་འགོག་བྱུང་བ་དང་། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་མངོན་གསལ་སྒོས་ཇེ་བཟང་དུ་གྱུར་བ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་བ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བྱུང་བ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་གྱུར།

མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གཞུང་སྒྲུབ་ཁང་གིས་འདོན་སྤྲོད་བྱས་པའི་གཞི་གྲངས་ཞིག་ལས་མངོན་པ་ལྟར་ན། 2018ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་གི་བར། བསྡོམས་པས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལས་གཞིར་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་གཉིས་བཏང་ཞིང་། དེའི་ནང་ས་ནག་ཐང་བཅོས་སྐྱོང་དང་རྩྭ་ས་དང་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་འགོག་སྲུང་། ས་རྒོད་བཅོས་སྐྱོང་། མིས་བཟོས་ནགས་སྐྲུན། བརླན་ས་སྲུང་སྐྱོབ། སྡོང་ཕྲུག་རྟེན་གཞི་འཛུགས་སྐྲུན། མིའི་ཐབས་ཀྱིས་ཆར་འབེབས་པ།  ཚན་རྩལ་དཔེ་སྟོན་དང་ཁྱབ་སྤེལ་སོགས་ཀྱི་ལས་གཞི་འདུས་ཡོད།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ནི་མ་ལག་བཟོ་སྐྲུན་དང་ལྗང་མདོག་བཟོ་སྐྲུན། དམངས་ཕན་བཟོ་སྐྲུན་བཅས་ཀྱི་ཡུན་རིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས། ངེས་པར་དུ་རྩ་འཛུགས་མགོ་ཁྲིད་དང་གཅིག་གྱུར་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་དགོས།

ལོ་འཁོར་གྱི་བྱ་བར་གཅིག་གྱུར་སྐུལ་འདེད་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྔ་མོ་ནས་ཞིབ་འཇུག་བྱས་ཏེ2018ལོའི་ལས་གཞི་འཛུགས་སྐྲུན་གྱི་འཆར་གཞི་བཏོན་པར་མ་ཟད་ཟླ་དང་པོར་འགྲེམ་སྤེལ་བྱས་ནས། དངུལ་གཏོང་འཆར་གཞི་འགྲེལ་སྤེལ་བྱས་པ་ཆེས་སྔ་བའི་ལོ་ཞིག་ཏུ་གྱུར། དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་གྱིས་དུས་ཐོག་ཏུ2018ལོའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་སྐུལ་སྤེལ་ཚོགས་འདུ་བསྡུས་ཏེ། 2018ལོའི་བྱ་བར་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པར་མ་ཟད། དུས་ཚིགས་རེར་ཆེད་དོན་གྲོས་ཚོགས་བསྡུས་ཏེ། དུས་རིམ་སོ་སོའི་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས་པ་དང་། ལས་འགན་སྣ་ཚོགས་དུས་ལྟར་སྤེལ་ཐུབ་པར་ཁག་ཐེག་བྱས།

2018ལོར་མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་ཕན་འབྲས་སྲ་བརྟན་དུ་གཏོང་བའི་རྩ་དོན་གཞིར་བཟུང་སྟེ། མཚོ་ལྷོ་དང་རྨ་ལྷོ། ཡུལ་ཤུལ། མགོ་ལོག་སོགས་བོད་རིགས་རང་སྐྱོང་ཁུལ་ནས་རྩྭ་སའི་གནོད་ལྡན་སྐྱེ་དངོས་འགོག་བཅོས་ལས་གཞི་ལག་བསྟར་བྱས་ཏེ། བསྡོམས་པས་རྩྭ་ས་སྤྱི་ཆིང་འབུམ་ལྔ་ཁྲི་དྲུག་ལྷག་གི་ཨ་བྲའི་གནོད་འཚེ་འགོག་བཅོས་བྱས་པ་དང་། རྩྭ་ས་སྤྱི་ཆིང་འབུམ་གསུམ་ཁྲི་བརྒྱད་ལྷག་གི་གནོད་འབུ་འགོག་བཅོས་བྱས་པ། དུག་རྩྭ་སྤྱི་ཆིང་ཁྲི་བདུན་སྟོང་དགུ་ལྷག་འགོག་བཅོས་བྱས་པས། རྩྭ་སའི་གནོད་ལྡན་སྐྱེ་དངོས་འགོག་སྲུང་གི་ཕན་འབྲས་དེ་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞིར་བསླེབས་ཡོད།

དུས་མཚུངས་སུ། ཡུལ་ཤུལ་དང་ཁྲི་འདུ། ནང་ཆེན། དར་ལག དགའ་བདེ། ཀོས་ནན། རྩེ་ཁོག་སོགས་གྲོང་ཁྱེར་དང་རྫོང་བཅོ་ལྔ་ནས། ས་ནག་ཐང་བཅོས་སྐྱོང་གི་ལས་གཞི་ལག་བསྟར་བྱས་ཏེ། མིག་སྔར་ས་ནག་ཐང་སྤྱི་ཆིང་འབུམ་གཅིག་ཁྲི་ལྔ་ལྷག་བཅོས་སྐྱོང་བྱས་པ་དེས། འཆར་གཞིའི་བརྒྱ་ཆའི་བརྒྱ་ཟིན་ཡོད། ལྟ་ཞིབ་ཚད་ལེན་ཡིག་རིགས་ལས་མངོན་པ་ལྟར་ན། ལས་གཞི་ཁུལ་དུ་བཏབ་བའི་རྩྭ་ཡི་སྐྱེ་ཚད་ཡོངས་ཁྱབ་ཏུ་ཅུང་བཟང་བས། ས་ནག་ཐང་བཅོས་སྐྱོང་ལས་གཞིའི་ཇུས་འགོད་ཚད་གཞིར་བསླེབས་ཡོད་པ་རེད།

2018ལོར།  གཙང་གསུམ་འབྱུང་ཡུལ་གྱི་ས་ནག་ཐང་དུ་གྱུར་བའི་རྩྭ་ས་ཕལ་ཆེར་བཅོས་སྐྱོང་བྱས་ཟིན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ནས་ཞན་འགྱུར་རྩྭ་ས་ཕྱོགས་བསྡུས་བཅོས་སྐྱོང་ཚོད་ལྟའི་ཁུལ་གྱི་དཔེ་སྟོན་ཚོད་ལྟའི་ལས་གཞི་སྤེལ་བ་དང་། ད་ཡོད་ཀྱི་ས་ནག་ཐང་བཅོས་སྐྱོང་གི་གྲུབ་འབྲས་ལ་བརྟེན་ནས། ས་ནག་ཐང་བཅོས་སྐྱོང་བྱས་པར་མ་ཟད་དཔེ་སྟོན་ཁུལ་བཙུགས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་དུས་སྐབས་གསུམ་པའི་ས་ནག་ཐང་བཅོས་སྐྱོང་བྱེད་པར་དཔེ་སྟོན་མ་དཔེ་དང་ལག་རྩལ་དཔེ་དབྱིབས་འདོན་སྤྲོད་བྱས།

མིག་སྔར། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་བསྡུར་ཚད་དེ་བརྒྱ་ཆའི་བཞི་དང་གྲངས་ཆུང་བརྒྱད་དགུ་ནས་བརྒྱ་ཆའི་ལྔ་དང་གྲངས་ཆུང་བདུན་ཐིག་ལ་འཕར་སྣོན་བྱུང་བ་དང་། བརླན་ས་སྤྱི་ཆིང་ཁྲི་དགུ་སྟོང་གཅིག་དྲུག་བརྒྱ་བཅོས་སྐྱོང་བྱས། མཁར་གྲོང་ཉེར་བདུན་གྱི་འཐུང་ཆུའི་འབྱུང་ཁུངས་ཀྱི་ཆུའི་སྤུས་ཚད《འཐུང་ཆུའི་འཕྲོད་བསྟེན་ཚད་གཞི》ལ་བསླེབས་པ་དང་། མཁར་གྲོང་གཙོ་བོའི་མཁའ་དབུགས་ཀྱི་སྤུས་ཚད《ཁོར་ཡུག་གི་མཁའ་དབུགས་སྤུས་ཚད་ཚད་གཞིའི》རིམ་པ་དང་པོའི་ཚད་གཞིར་བསླེབས། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད《ས་རྒྱུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིའི》རིམ་པ་དང་པོ་དང་རིམ་པ་གཉིས་པའི་ཚད་གཞིར་བསླེབས་ཡོད།

དུས་མཚུངས་སུ། བརླན་སའི་གཞི་ཁྱོན་མངོན་གསལ་དུ་ཇེ་ཆེར་གྱུར་ཏེ། སྔོ་ཁེབས་ཀྱི་ཚད་རིམ་བཞིན་ཇེ་མཐོར་སོང་བ་དང་། བརླན་སའི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་ལེགས་པོ་ཐོབ་ཏེ། བརླན་སའི་བྱེད་ནུས་རིམ་བཞིན་ཇེ་དྲག་ཏུ་གྱུར།  གཙོད་དང་དགོ་བ། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་ཀྱི་གྲངས་ཀ་ལོ་རེ་བཞིན་འཕར་སྣོན་བྱུང་བ་དང་། སྐྱེ་ཁམས་སྣ་མང་རིམ་བཞིན་སླར་གསོ་བྱུང་།

2018ལོར། ཀྲུང་གོ་ཚན་རིག་གླིང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་ཟི་ལིང་དུ་བཙུགས་ནས་སྒོ་བྱང་བཀལ། དེའི་རྗེས་སུ་ཀྲུང་གོ་ཚན་རིག་གླིང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གི་སྐབས་དང་པོའི་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་ཏེ། ཞིབ་འཇུག་ཁང་གི་བྱ་བ་ངོ་བོ་རང་བཞིན་གྱི་འཁོར་སྐྱོད་དུས་རིམ་དུ་ཞུགས།

གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་ལ། སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་སྡེའི་ནུས་ཁུངས་འཛུགས་སྐྲུན། ནུས་རྩལ་གསོ་སྦྱོང་། ཕྱུགས་བསྐྱུར་རྩྭ་འདེབས་སོགས་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྱད་སྟོབས་རིམ་བཞིན་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་བ་དང་། སྐྱེ་ཁམས་ཁེ་སྤོགས་ཀྱི་ཕན་ནུས་ཉིན་བཞིན་མངོན་གསལ་དུ་གྱུར་ཏེ། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བྱུང་།

2018ལོར་མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ནུས་རྩལ་གསོ་སྦྱོང་ལ་མཐོང་ཆེན་བྱས་ཏེ། ཤུགས་ཆེན་པོས་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཁྱད་སྟོབས་ལས་གཞིར་རྒྱབ་སྐྱོར་བྱས་པ་དང་། ལས་རིགས་སློབ་གླིང་དང་གསོ་སྦྱོང་རྟེན་གཞི་སོགས་ལ་བརྟེན་ནས། ཁོ་ཚོའི་ལས་ཞུགས་ཀྱི་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་རྒྱ་བསྐྱེད་པ་རེད།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱིས་ཐོན་སྐྱེད་བསྒྱུར་ནས་ཡོང་སྒོ་འཕར་སྣོན་བྱེད་པ་དེ་སྐྱེ་ཁམས་གནས་སྤོར་དང་སྐྱེ་ཁམས་སྲུང་སྐྱོབ་ལ་གྲུབ་འབྲས་ཐོབ་མིན་གྱི་གནད་འགག་ཏུ་བརྩིས་ནས། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཀྱིས་རོགས་སྐྱོར། མང་ཚོགས་ཞུགས་པ་སོགས་ཀྱི་བྱ་བའི་བྱེད་ཐབས་སྤྱད་དེ། མང་ཚོགས་རྩ་འཛུགས་བྱས་ཏེ་ཉོ་ཚོང་བསྐྱེལ་འདྲེན་ཞབས་ཞུ་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན། ཞིང་བའི་སྤྲོ་ཁྱིམ་སོགས་སྐྱེ་ཁམས་གནས་སྐོར་གསར་སྤེལ་བྱེད་པ། ཁྱད་ལྡན་གསོ་སྤེལ་ཐོན་སྐྱེད་བདག་གཉེར་བྱ་འགུལ་སྤེལ་བ་བཅས་བྱས་ནས། ཤུགས་ཆེན་པོས་ལས་ཞུགས་ཀྱི་ཐབས་ལམ་གསར་གཏོད་དང་འབད་བརྩོན་སྒོས་དཔལ་འབྱོར་ཡོང་སྒོ་འཕར་སྣོན་བྱས་པ་དང་། སྐྱེ་ཁམས་གནས་སྤོས་མང་ཚོགས་ཀྱི་ཡོང་སྒོ་བརྟན་བརླིང་ངང་མཐོར་འདེགས་བཏང་།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གསར་སྐྲུན་བྱེད་ཐབས་དང་སྐྱེ་ཁམས་སྲུང་སྐྱོབ་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཐོག་མར་ཧི་ནན་རྫོང་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གཞི་གྲངས་ཆེན་མོའི་སྟེགས་བུ་བསྐྲུན་པ་དང་། སྟེགས་བུ་དེས་རྫོང་ཡོངས་ཀྱི་ད་ཡོད་ཀྱི་འབྲོག་པ་ཁྱིམ་ཚང་དང་མི་གྲངས། རྩྭ་ས་བེད་སྤྱོད། ཕྱུགས་ཁྱུའི་གྲུབ་ཚུལ། ཕྱུགས་ཀྱི་ཤོང་ཚད། ཨ་བྲའི་གནོད་པ། ས་ནག་ཐང་། དུག་རྩྭ་སོགས་རྨང་གཞི་སྒྲིག་ཆ་འཕྲིན་ལ་དབྱེ་ཞིབ་བྱས་ཏེ།  སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པར་མྱུར་ཞིང་སྟབས་བདེ་ལ། གནད་ཁེལ་བཅས་ཀྱི་གཞི་གྲངས་ཆེན་མོའི་རྒྱབ་སྐྱོར་འདོན་སྤྲོད་བྱས།

དུས་མཚུངས་སུ་ད་དུང་ཧི་ནན་རྫོང་ནས་རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་འགན་འཁྲིའི་རྩྭ་སའི་ལམ་ལུགས་ཚོད་ལྟ་བྱས་པ་དང་། ཧི་ནན་རྫོང་གི་རྫོང་རིམ་པའི་ལས་བྱེད་པ་སུམ་ཅུས་ས་ཁག་རེ་བདུན་འགན་གཙང་ལེན་བྱས་ཤིང་། གཞི་ཁྱོན་སྤྱི་ཆིང་སྟོང་བརྒྱད་དང་བཞི་བརྒྱ་དོན་གསུམ་ལྷག་ཏུ་བསླེབས་ཡོད།  2018ལོའི་དབྱར་ཁར། འགན་འཁྲིའི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་གྱ་ལྔར་བསླེབས་པ་དང་། རྩྭའི་ཐོན་ཚད་སྟོང་ཁེ་བརྒྱད་བརྒྱ་དང་ཞེ་དྲུག་ལྷག་ཏུ་བསླེབས། དེ་མིན་རྨ་ལྷོ་ཁུལ་གྱིས་ད་དུང་ཁྱོན་ཡོངས་ནས་སྦྲ་དཀར་དཔེ་དབྱིབས་ཁྱབ་སྤེལ་བྱས་ཏེ། ཤུགས་ཆེན་པོས་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་བཏང་། 2018ལོར། རྨ་ལྷོ་ཁུལ་གྱིས་གཙང་གསུམ་འབྱུང་ཡུལ་གྱི་ལས་གཞི་དང་གནད་ཕིགས་དབུལ་སྐྱོར་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནགས་ཁུལ་གཙོ་བོ་དང་། ཕྱུགས་བཀག་རྩྭ་འདེབས་གྱི་གཞི་ཁྱོན་ཅུང་ཆེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་སྐྱེ་ཁམས་སྤྱི་ཕན་ལྟ་སྲུང་ལས་རྐང་ཇེ་མང་དུ་བཏང་བའི་དུས་མཚུངས་སུ། ད་དུང2018ལོར་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་ལ་ཁ་གཏད་ནས་བསྡོམས་པས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཐེངས་དོན་གཅིག་བསྒྲུབས་པ་དང་མི་ཐེངས་སྟོང་གཅིག་དང་དགུ་བརྒྱ་སུམ་ཅུར་བསླེབས་ཏེ། ནུས་ཡོད་སྒོས་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ལ་སྐུལ་འདེད་བཏང་།

སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་ཆགས་ཏེ།  ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བཏང་བས།  མཐའ་ཡས་པའི་གཙང་གསུམ་འབྱུང་ཡུལ་གྱི་ས་གཞི་ཆེན་པོའི་སྟེང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཚ་རླབས་ཤིག་འཕྱུར་བཞིན་ཡོད།

ལོ་ཙཱ་བ། སྒྲོལ་མ་སྐྱིད།