མཚོ་སྔོན་གྱིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་ཏེ2020ལོར་དངོས་སུ་སྤྱི་གླིང་བསྐྲུན་རྒྱུ་རེད།
2019.02.20 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 42

མཚོ་སྔོན་གྱིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་ཏེ2020ལོར་དངོས་སུ་སྤྱི་གླིང་བསྐྲུན་རྒྱུ་རེད།

ཟླ་དང་པོའི་ཚེས29ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་དང་ཞིང་ཆེན་སྲིད་གཞུང་གིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས(2018)》དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་སྤྱིའི་འཕེལ་རིམ་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2015ལོའི་ཟླ་བཅུ་གཉིས་པར་ཀྲུང་དབྱང་གི་ཁྱོན་ཡོངས་སྒྱུར་བཅོས་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་2016ལོའི་ཟླ་གསུམ་པར་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《ཚོད་ལྟའི་ཇུས་གཞི》བཀྲམ་ནས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ལག་ལེན་འཚོལ་ཞིབ་བྱེད་འགོ་ཚུགས་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐན་ཅིན་ཁྲེང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་གཉིས་ལྷག་ཙམ་རིང་མཚོ་སྔོན་གྱིས་གསར་སྐྲུན་དེ་སྒྲིག་སྲོལ་ཚོད་ལྟའི“རྩ་བ”དང“བླ་སྲོག”ལྟ་བུར་བརྩིས་ཏེ་ལྗང་མདོག་སྤྱི་གླིང་སྐྲུན་རྒྱུ་དང་ཚན་རྩལ་ལ་བརྟེན་ནས་སྤྱི་གླིང་སྐྲུན་རྒྱུ་སོགས་ཀྱི་འདུ་ཤེས་ཆེན་པོ་བཅུ་བཙུགས་པ་དང་ཆབས་ཅིག་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་འབྲེལ་བ་གསེད་བཀྲོལ་བྱས་པར་བརྟེན་སྡེ་ཁག་མང་པོས་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པར་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ་དང་། ཁྲིམས་འཛིན་ལྟ་སྐུལ་ཐར་ཐོར་ཅན་གྱི་གནད་དོན་ཐག་གཅོད་བྱུང་སྟེ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྐྲུན་རྒྱུར་དཔེ་ལྟ་ཆོག་པའི་ཉམས་མྱོང་དང་བྱེད་ཐབས་བསགས་ཡོད། ཞིང་ཆེན་དང་། ཁུལ།  རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔའི་ཕྱོགས་བསྡུས་དོ་དམ་ཚོགས་པ་བཙུགས་པར་བརྟེན་སྣོད་བཅུད་སྲུང་སྐྱོབ་དང་གཞི་གཅིག་ཅན་གྱི་དོ་དམ་མངོན་འགྱུར་བྱུང་ཡོད། གླིང་ཁུལ་གསུམ་དང་འབྲེལ་བའི་རྫོང་བཞིས་སྡེ་ཁག་ཆེན་པོའི་ལམ་ལུགས་སྒྱུར་བཅོས་བྱས་པ་དང་། རྫོང་སྲིད་གཞུང་གི་གྲུབ་ཆའི་སྡེ་ཁག་ཁུ་བསྡུ་བྱས་པར་བརྟེན་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་རྫོང་སྲིད་གཞུང་བར་ལུགས་མཐུན་ལས་བགོས་དང་གོ་རིམ་ལྡན་པའི་མཉམ་ལས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད།

མཚོ་སྔོན་གྱིས་རི་དང་། ཆུ། ནགས་ཚལ། ཞིང་ཁ། མཚེའུ། རྩྭ་ཐང་བཅས་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བླང་བྱར་གཞིགས་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ནང་གི་རང་བྱུང་སྲུང་སྐྱོབ་ཁུལ་དང་། བརླན་ས་གལ་ཆེན། འཐུང་ཆུའི་ཆུ་ཁུངས་གལ་ཆེན་སྲུང་སྐྱོབ་ཁུལ། རང་བྱུང་ཤུལ་བཞག་ས་གནས་སོགས་རིགས་ཁག་གི་སྲུང་སྐྱོབ་ས་གནས་ཀྱི་ནུས་པ་བསྐྱར་སྐྲུན་དང་ལེགས་སྒྲིག་གཅིག་བསྡུས་བྱས་པ་དང་གཅིག་སྡུད་གཅིག་གྱུར་གྱི་དོ་དམ་ལག་བསྟར་བྱས་པར་བརྟེན། གླིང་ཁུལ་གྱི་ནུས་ཁུལ་ཁག་སོ་སོའི་སྤྱི་ཡོངས་རང་བཞིན་དང་། མཉམ་འབྲེལ་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་གཏིང་ཟབ་ཏུ་ཕྱིན་ཡོད། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་དང་པོ་སྟེ《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》བཟོ་སྒྲིག་བྱས་ནས་ཡོངས་བསྒྲགས་བྱས་པ་དང་སྣོད་བཅུད་སྲུང་སྐྱོབ་དང་། དོ་དམ། སྡེ་ཁུལ་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་སོགས་ཆེད་དོན་འཆར་འགོད་ལྔ་བཟོ་སྒྲིག་ལེགས་འགྲུབ་བྱུང་བར་བརྟེན་སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་ཀྱི་མ་ལག་རིམ་གྱིས་གྲུབ་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་མགོ་གཙོ་ལིས་ཞོ་ནན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ཚོད་ལྟའི་སྲིད་ཇུས་བཟོ་སྐབས་སྣོད་བཅུད་སྲུང་སྐྱོབ་དང་གནད་ཕིགས་དབུལ་ཐར་ཟུང་འབྲེལ་བྱེད་པ་དང་། འབྲོག་པ་མང་ཚོགས་དེའི་ནང་ཧུར་ཐག་གིས་ཞུགས་རྒྱུ་དེ་ཡོང་འབབ་འཕར་སྣོན་དང་། ལས་ཞུགས་གཞན་སྒྱུར། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བཅས་དང་ཟུང་འབྲེལ་བྱས་ཡོད། སྣོད་བཅུད་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་རྐང་རྐྱེན་སྲོལ་གསར་གཏོད་བྱས་ཏེ་ཕྱོགས་ཡོངས་ནས་གླིང་ཁུལ་དུ“ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”མངོན་འགྱུར་བྱུང་ནས། དཔང་ཡིག་ཡོད་པའི་སྣོད་བཅུད་དོ་དམ་མི་སྣ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ལ་ལས་རྐང་བཀོད་སྒྲིག་བྱས་པའི་དུས་མཚུངས་སུ། ལོ་གསུམ་རིང་ཞིང་ཆེན་ནོར་སྲིད་ནས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་བཏང་བ་དང་ཁྱིམ་ཚང་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱར་བསླེབས་ཡོད། རྩྭ་ཐང་འགན་གཙང་ལེན་ལམ་ལུགས་ཇེ་བརྟན་དུ་བཏང་བའི་རྨང་གཞིའི་ཐོག  ཤུགས་ཆེན་པོས་རྩྭ་ཐང་འགན་གཙང་ལེན་བདག་གཉེར་དེ་རིམ་གྱིས་དམིགས་བསལ་ཆོག་འཐུས་བདག་གཉེར་ཕྱོགས་སུ་སྒྱུར་ནས་རོང་འབྲོག་པའི་ཡོང་འབབ་ཐབས་ལམ་ཇེ་ཡངས་སུ་བཏང་ཡོད།

ལོ་གཉིས་ལྷག་ཙམ་རིང་གི་ཚོད་ལྟའི་ལས་དོན་གྱིས་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བར་རྨང་གཞི་བཟང་པོ་བཏིངས་ཡོད། མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ཀྲུང་གོའི་སྣོད་བཅུད་དཔལ་ཡོན་གསར་སྐྲུན་གྱི་མིང་བྱང་དང་། སྣོད་བཅུད་མ་ལག་སྲུང་སྐྱོབ་ཀྱི་མ་དཔེ། མཐོ་སྒང་སྐྱེ་དངོས་ཀྱི་རང་བྱུང་སྣ་ཁ་དང་སྤུས་རྟགས་ཀྱི་ཐོན་ཁུངས་མཛོད།  སྲོག་ཆགས་ཀྱི་ལྷ་ཡུལ། སྣོད་བཅུད་མྱོང་རོལ་དང་ཁོར་ཡུག་སློབ་གསོའི་སྟེགས་བུ། སྣོད་བཅུད་ཁོར་ཡུག་གི་ཚན་ཞིབ་རྟེན་གཞི། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་རྒྱུར་འཚམ་པའི་སྐར་ཁུང་། བུ་རབས་ཚ་རྒྱུད་ལ་བཞག་པའི“དག་ཞིང”བཅས་སུ་བསྐྲུན་པ་དང་ཆབས་ཅིག  འཛམ་གླིང་ལ་རྒྱ་ཁྱོན་ཆེ་ཤོས་དང་། ས་བབ་མཐོ་ཤོས། རང་བྱུང་གི་རྣམ་པ་མཛེས་ཤོས། སྣོད་བཅུད་ཀྱི་ནུས་པ་བརྟན་པ། མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པ། མི་དང་རང་བྱུང་ཁམས་འཆམ་མཐུན་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་ཞིག་མངོན་པར་བྱ་རྒྱུ་རེད།

2020ལོར་སླེབས་སྐབས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་རྒྱུ་རེད། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཁྱོན་ཡོངས་ནས་བཙུགས་པ་དང་། ཁྲིམས་སྲོལ་དང་སྲིད་ཇུས་མ་ལག་རིམ་གྱིས་འཐུས་སྒོ་ཚང་དུ་གཏོང་བ། ཚད་ལྡན་མ་ལག་རྩ་བའི་ཆ་ནས་གྲུབ་པ། དོ་དམ་འཁོར་སྐྱོད་བདེ་བླག་བཅས་ཡིན་ངེས་རེད། ལྗང་མདོག་འཕེལ་རྒྱས་ཀྱི་བྱེད་ཐབས་གཙོ་བོར་གྱུར་པ་དང་། སྣོད་བཅུད་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཐོན་ལས་སྤོ་སྒྱུར་དང་ལས་རིགས་སྤོ་སྒྱུར་གྱི་འབྲོག་པ་མང་དུ་ཕྱིན་པ། རྒྱལ་ཁབ་སྤྱི་གླིང་ནང་དུ་སྡོད་མཁན་མི་འབོར་ཅུང་ཆག་པ། རི་དང་། ཆུ། ནགས་ཚལ། མཚེའུ། རྩྭ་ཐང་བཅས་ཀྱི་སྣོད་བཅུད་མ་ལག་ཕྱོགས་ཡོངས་ནས་སྲུང་སྐྱོང་ཡོང་བ། སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དོད་པོས་སླར་གསོ་ཡོང་བ། གཙང་བོའི་བཞུར་རྒྱུན་མུ་མཐུད་བརྟན་དུ་ཕྱིན་པ། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུའི་སྤུས་ཚད་བརྟན་བརླིང་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པ། སྣོད་བཅུད་མ་ལག་རིམ་གྱིས་འཁོར་རྒྱུག་བཟང་བའི་ཕྱོགས་སུ་བསྐྱོད་རྒྱུ་རེད། རྒྱལ་ཁབ་སྤྱི་གླིང་གི་ཞབས་ཞུ་དང་། དོ་དམ། ཚན་ཞིབ་མ་ལག་བཅས་རིམ་གྱིས་གྲུབ་ནས་སྣོད་བཅུད་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱུང་ཡོད།  མདོ་དབུས་མཐོ་སྒང་གི་སྣོད་བཅུད་སྲུང་སྐྱོབ་སླར་གསོའི་དཔེ་སྟོན་སྲུང་སྐྱོང་ཁུལ་དང་། མཉམ་སྐྲུན་མཉམ་སྤྱོད་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྔོན་སྐྱོད་ཁུལ།  མདོ་དབུས་མཐོ་སྒང་གི་རང་བྱུང་ཁམས་ཆེ་མོའི་སྲུང་སྐྱོབ་འགྲེམས་སྟོན་ཁུལ་དང་སྣོད་བཅུད་རིག་གནས་རྒྱུན་འཛིན་ཁུལ་བཅས་རྩ་བའི་ཆ་ནས་བསྐྲུན་ཡོད། 2025ལོར་སླེབས་སྐབས་སྲུང་སྐྱོབ་དང་དོ་དམ་སྒྲིག་སྲོལ་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཁྲིམས་སྲོལ་སྲིད་ཇུས་མ་ལག་དང་ཚད་ལྡན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ཆབས་ཅིག དོ་དམ་འཁོར་སྐྱོད་གོ་རིམ་ལྡན་ལ་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་2035ལོར་སླེབས་སྐབས་དེང་རབས་ཅན་གྱི་རྒྱལ་ཁབ་སྤྱི་གླིང་ཞིག་སྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།