གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་གཉིས་རིང་གི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་ས་ངོས་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་ཁོར་ཡུག་སྤྱི་ཡོངས་ནས་བརྟན་འཇགས་ཡིན་པ་དང་། སྤྱི་གླིང་གི་ས་ངོས་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་གོ་དྲུག་དང་བྱེ་བ་ལྔ་ས་ཡ་བཞི་ཟིན་ཡོད་པས་ཆུའི་སྤུས་ཚད་སྤྱི་ཡོངས་ནས་བཟང་བ་མངོན་ཡོད།
ལྟ་ཞིབ་ཚད་ལེན་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤང་ལྗོངས་དང་ཆུའི་སྣོད་བཅུད་མ་ལག་གིས་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་གྱི་བསྡུར་ཚད་69.51%དང་བརླན་སའི་བསྡུར་ཚད་22.91%ཟིན་ནས་ས་དེའི་སྣོད་བཅུད་མ་ལག་གི་རིགས་གཙོ་བོར་གྱུར་ཡོད་པ་དང་། སྤྱི་གླིང་གི་ནགས་ཚལ་དང་། ས་སྟོང་། ཐང་རྒོད། གྲོང་རྡལ་བཅས་ཀྱི་རྒྱ་ཁྱོན་གྱིས་བསྡུར་ཚད་སོ་སོར་0.2%དང་། 5.86% 1.44% 0.08%བཅས་ཟིན་ཡོད་པ་རེད།
ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་གསལ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལོ་ཧྲིལ་བོར་ཆར་ཆུ་འབབ་ཚད་ཧའོ་སྨི་429.6ཟིན་པ་དང་ས་ངོས་ཀྱི་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་གོ་དྲུག་དང་བྱེ་བ་ལྔ་ས་ཡ་བཞི་ཟིན་ནས་ཆུའི་སྤུས་ཚད་སྤྱི་ཡོངས་ནས་བཟང་ཞིང་། ས་ཁོངས་སུ་གྲོང་རྡལ་གཙོ་བོའི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ཇེ་བཟང་ཡིན་པས་སྣོད་བཅུད་ཁོར་ཡུག་སྤྱི་ཡོངས་ནས་བརྟན་འཇགས་ཡིན་པ་རེད།
གསར་འགོད་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་གཅན་གཟན་རིགས103དང་། འདབ་ཆགས་ཀྱི་རིགས380། དེའི་ནང་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཡོད་པའི་གཅན་གཟན་གྱིས60.19%ཟིན་པ་དང་། འདབ་ཆགས་ཀྱིས51.58%ཟིན་ཡོད་པས། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་ཁྱབ་ཁོངས་ནས་སྲོག་ཆགས་རྩ་ཆེའམ་དཀོན་པོའི་རིགས་འདུ་སའི་ས་ཁུལ་གྲས་སུ་གྱུར་ཡོད་པ་རེད།
2016ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་ག་འདྲ་ཡོད་པར་རྟོག་ཞིབ་བྱེད་འགོ་ཚུགས་ལ། དཔེ་གཞི་རྟོག་ཞིབ་དང་ཐད་ཀར་རྩིས་ལེན་པ། སྣོད་བཅུད་ལྟ་སྲུང་པ་དང་མཉམ་འབྲེལ་སྒོས་རྟོག་ཞིབ་སོགས་བྱེད་ཐབས་དང་། རང་འཕུར་གནམ་གྲུ་དང་། རྒྱང་ཚོར་སོགས་ལག་རྩལ་གསར་པ་བཅས་ལ་བརྟེན་ནས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་ལ་དཔྱད་འཇོག་བྱས་མཐར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཡོད་པའི་སྲོག་ཆགས་ཀྱི་རིགས་དང་གྲངས་འབོར། ཁྱབ་ཚུལ་སོགས་ལ་ཐོག་མར་རྒྱུས་ལོན་བྱུང་།
གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཁྱོན་སྡོམ་རི་སྐྱེས་སྲོག་ཆགས270ཡོད་ཅིང་། དེའི་ནང་གཅན་གཟན་རིགས62དང་། འདབ་ཆགས་རིགས196། སྐམ་ཆུ་ཉིས་འཚོའི་སྲོག་ཆགས་རིགས7། ལྟོ་འཕྱེའི་རིགས5བཅས་ཡོད་པ་རེད། རྒྱལ་ཁབ་ཀྱི་སྲུང་སྐྱོབ་གཙོ་བོར་གྱུར་བའི་སྲོག་ཆགས་རིགས་ཁྱོན་སྡོམ69ཡོད་ཅིང་། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་ཏུ་གྱུར་བའི་སྲོགས་ཆགས་ལ་འབྲོང་དང་གསའ་སོགས་རིགས16ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་ཏུ་གྱུར་བའི་རི་སྐྱེས་སྲོག་ཆགས་ལ་གནའ་བ་དང་། དགོ་བ་སོགས་རིགས35བཅས་ཡོད། གླེང་རིན་ཡོད་པ་ཞིག་ནི་རི་དྭགས་དགོ་བའི་གྲངས་ཀ་ཧ་ལམ་ཁྲི6དང་། རྐྱང་གི་གྲངས་ཀ་ཁྲི་གསུམ་དང་སྟོང་དྲུག གཙོད་ཀྱི་ གྲངས་ཀ་ཁྲི6། ཤྭ་བ་མཆུ་སྐྱ་དང་འབྲོང་གི་གྲངས་ཀའང་ཆ་སྙོམས་ཁྲི1དང་། གསའ་ཡི་གྲངས་ཀ392ནས་659ལ་བསླེབས་ཡོད་པ་རེད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གདོད་མའི་སྲོག་ཆགས་སུ་ལྟ་བའི་གསའ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་འཚོ་བའི་རི་སྐྱེས་སྲོག་ཆགས་ཀུན་ཀྱི་ཡང་རྩེར་གྱུར་བའི་ས་བབ་སྨི3500ཡན་ཆད་ཀྱི་རི་མཐོ་ས་དང་། བྲག་རི་དང་། གངས་མཚམས་སུ་འགུལ་སྐྱོད་བྱེད་ཅིང་། ཉེ་བའི་ལོ་ཤས་རིང་ལ་འགུལ་སྐྱོད་ཀྱི་ཁྱབ་ཁོངས་ཇེ་ཆེ་ནས་ཇེ་མང་དུ་གྱུར། གཙོད་ནི་གཙོ་བོ་འབྲི་ཆུའི་མགོ་ཁུངས་དང་ཨ་ཆེན་གངས་རྒྱབ་ཏུ་ཡོད་ཅིང་། དེ་ལས་མཚོ་སྔོན་དང་བོད་ལྗོངས་བར་གྱི་འབྲེལ་མཚམས་སུ་ཡོད་པའི་གཙོད་ཀྱི་གྲངས་ཀ་གཞན་ལས་མང་། རྐྱང་དང་དགོ་བ་་མང་ཤོས་གཙོ་བོ་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་ཁོངས་སུ་ཡོད་ལ། དགུན་དུས་སུ་རྒྱུན་པར་ཁྱུ་བྱས་ནས་འགུལ་སྐྱོད་བྱེད་ཀྱིན་ཡོད། ཝ་དང་ཝ་དམར། ཨ་བྲ་སོགས་འོ་འཐུང་སྲོག་ཆགས་མང་པོའང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཡོད་པ་རེད། གཞན་སྤྱང་ཀི་དང་དྲེད་མོང་ནི་སྤྱི་གླིང་དུ་རྒྱུན་པར་མཐོང་ཐུབ་པའི་སྲོག་ཆགས་རིགས་རེད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་དང་འཛམ་གླིང་ཡོངས་ཀྱི་བོངས་ཆེ་ཞིང་རྩ་ཆེ་བ། འཇིགས་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་བྱེད་ས་གཙོ་བོའི་གྲས་ཀྱི་གཅིག་ཡིན། ཉེ་བའི་ཚུན་ལ་སྲོག་ཆགས་དེ་དག་གི་འཚོ་གནས་ལ་སྲུང་སྐྱོབ་དང་། སྐོར་སྲུང་། ལྟ་ཞིབ་ཚད་ལེན། ཆེད་དོན་ཁྲིམས་བསྟར་སོགས་སྲུང་སྐྱོབ་ལས་འགུལ་དང་བདག་སྐྱོང་བྱེད་ཐབས་ལ་བརྟེན་ནས་སྤྱི་གླིང་ཁྱབ་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་རིགས་དང་ཁྱུ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད་ཅེས་ངོ་སྤྲོད་བྱས་བྱུང་།
གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་ཀྱི་བརྟག་དཔྱད་བྱས་འབྲས་ཉེ་དུས་ཡོངས་བསྒྲགས་བྱས་ཤིང་། བརྟག་དཔྱད་ལས་མངོན་པ་ལྟར་ན། སྤྱི་གླིང་གི་རྩྭ་སའི་ཐོན་ཁུངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་དགུ་འབུམ་དགུ་ཁྲི་ལྔ་ལྷག་ཟིན་པ་དང་སྲུང་སྐྱོབ་ཀྱི་སྐྱེ་དངོས་རིགས་གཙོ་བོ33ཤེས་རྟོགས་བྱུང་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་འབྱུང་ཡུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་མགོ་ཁུངས་ཡིན་པ་དང་ཨེ་ཤ་ཡའི་ལྟག་ཆུ་བསྐྱིལ་གསོག་ཁུལ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། 2016ལོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་ཁུལ་ཐོག་མ་ས་གནས་དེར་བཙུགས་ཏེ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་ལྷག་ ཡོད་པ་དང་དེར་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཡན་ལག་སྤྱི་གླིང་ཁུལ་གསུམ་དུ་དབྱེ་ཡོད།
ཐེངས་འདིའི་བརྟག་དཔྱད་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁོངས་སུ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ་ཆུའི་སྤུས་ཚད་ཀྱང་ཡག་པོ་ཡོད། ས་གནས་དེར་ལོ་མང་རིང་ཆ་སྙོམས་ཆུའི་ཐོན་ཁུངས་ཀྱི་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་གྱ་བཞི་དང་བྱེ་བ་གསུམ་ས་ཡ་ལྔ་ཟིན་གྱི་ཡོད་ཅིང་། དེའི་ནང་འབྲི་ཆུའི་འབྱུང་ཡུལ་་སྤྱི་གླིང་ཁུལ་དང་། རྨ་ཆུའི་འབྱུང་ཡུལ་་སྤྱི་གླིང་ཁུལ་གྱི་ཡན་ལག་ཆུ་བོ་དང་དེ་མིན་རྫ་ཆུའི་འབྱུང་ཡུལ་སྤྱི་གླིང་ཁུལ་གྱི་ཆུའི་སྤུས་ཚད་ཚང་མ་རིམ་པ་དང་པོའི་ཚད་གཞིར་སླེབས་ཡོད། སྤྱི་གླིང་ཁུལ་ཡོངས་སུ་ལོ་མང་རིང་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་328.9ཟིན་གྱི་ཡོད་པ་རེད།
བརྟག་དཔྱད་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བརླན་ས་དང་ནགས་སའི་ཁྱབ་རྒྱ་ཆེ་ཞིང་། སྤྱི་གླིང་ཁུལ་གྱི་བརླན་སའི་ཐོན་ཁུངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་གཉིས་འབུམ་གཅིག་ཁྲི་བཞི་ལྷག་ཟིན་པ་དང་དེའི་ནང་ཆུ་བོ་དང་ན་འདམ་སོགས་འདམ་རའི་རིགས་མི་འདྲ་བ་བཞི་ཙམ་ཡོད། སྤྱི་གླིང་ཁུལ་དུ་ཁྱོན་བསྡོམས་ནགས་སའི་ཐོན་ཁུངས་རྒྱ་ཁྱོན་སྤྱི་ཆིང་འབུམ་གཉིས་ཁྲི་དགུ་ལྷག་ཡོད་ཅིང་། དེའི་ནང་ སྲུང་སྐྱོབ་སྐྱེ་དངོས་གཙོ་བོ་ཡུའུ་མེ་ཏའོ་གསོམ་ཤིང་གི་ཁྱབ་རྒྱ་སྤྱི་ལེ་གྲུ་བཞི་མ14.23ཟིན་གྱི་ཡོད།
བརྟག་དཔྱད་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་་རྒྱལ་ཁབ་སྤྱི་གླིང་གི་རྩྭ་སའི་རྒྱ་ཁྱོན་ཆེ་ཞིང་། སྤྱི་གླིང་ཁུལ་དུ་རྩྭ་སའི་ཐོན་ཁུངས་ཁྱོན་སྡོམ་སྤྱི་ཆིང་ས་ཡ་དགུ་དང་འབུམ་དགུ་ཁྲི་ལྔ་ལྷག་ཟིན་གྱི་ཡོད་པ་དང་། རྩྭའི་ཐོན་འབབ་སྤྱི་ཆིང་རེར་སྟོང་ཁེ་1393.48ཟིན་པ། རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད་53.85%ཟིན་གྱི་ཡོད་པ་རེད།
འཛམ་གླིང་ཐོག་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ས་ཁུལ་གྱི་གྲས་ཤིག་ཡིན་པའི་གནས་དེར་བརྟག་དཔྱད་བྱེད་སྐབས་མཚོ་སྔོན་གྱི་ཨ་ཀྲོང་སོགས་གཙང་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་སྐྱེ་དངོས་གཙོ་བོའི་རིགས33ཤེས་རྟོགས་བྱུང་བ་མ་ཟད། དེའི་ཁྱབ་རྒྱ་ཡང་ཅུང་ཆེ་ཙམ་ཡོད་པ་རེད།
གཞན་ཡང་། རྒྱུས་ལོན་པ་ལྟར་ན། རྨ་ཆུའི་མགོ་ཁུངས་ཀྱི་མཚེའུ་མཐའ་བསྐོར་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་དུ་འགྲོ་བ་དང་། འཚོ་བའི་འབག་བཙོག་གི་འབྱུང་ཁུངས་བཅོས་སྐྱོང་ནུས་ཤུགས་ཞན་པ་སོགས་ཀྱི་སྔར་ཡོད་གནད་དོན་ལ་དམིགས་ནས། རྒྱལ་ཁབ་ཀྱིས2015ལོར་མ་དངུལ་དངོས་འབེབས་བྱས་ཏེ་ས་གནས་དེར་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་ཉེར་གཉིས་ལག་བསྟར་བྱས་པ་དང་། ད་ལྟའི་བར་དུ་ཕན་འབྲས་མངོན་གསལ་བླངས་ཡོད།
རྨ་ཆུའི་མགོ་ཁུངས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དུ་མཚེའུ་ཆེ་ཆུང་སྟོང་བཞི་ལྷག་ཡོད། དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བའི་ནང་། གནམ་ཟླའི་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱ་འགུལ་སོགས་ཀྱི་ཤུགས་རྐྱེན་ཐེབས་འོག ས་གནས་ཀྱི་སྐྱེ་ཁམས་ཉམས་ཞན་དུ་གྱུར་བར་མ་ཟད། འཚོ་བའི་འབག་བཙོག་གིས་མཚེའུ་དང་དེའི་མཐའ་བསྐོར་གྱི་ཁོར་ཡུག་བརྟན་འཇགས་ལ་ཤུགས་རྐྱེན་བཟོས།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཅུས་ཀྲང་ལིས་ཞོ་ནན་གྱིས་བཤད་རྒྱུར། འདས་པའི་ལོ་བཅུ་ལྷག་གི་ནང་། རྨ་ཆུའི་མགོ་ཁུངས་སུ་རྒྱུན་མཐུད་སྒོས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱས་ནས། མཚེའུ་དང་དེའི་མཐའ་བསྐོར་གྱི་སྐྱེ་ཁམས་རིམ་བཞིན་སླར་གསོ་བྱུང་ཡོད། 2015ལོར་རྒྱལ་ཁབ་ཀྱིས་རྨ་ཆུའི་མགོ་ཁུངས་ཀྱི་མཚེའུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་གཞི་དེ་ཆེད་དོན་ལས་གཞིར་བརྩིས་ནས། ས་གནས་དེར་མཚེའུ་འགྲམ་ཕྱོགས་བསྡུས་བཅོས་སྐྱོང་དང་ལམ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ། ཆུ་ཁུངས་བསྐྱིལ་གསོག་སྲུང་སྐྱོབ་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ཏེ། སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་ཐོབ།
རྒྱུས་ལོན་བྱུང་བ་ལྟར་ན། རྨ་ཆུའི་མགོ་ཁུངས་སུ་ཉེ་བའི་ལོ་གསུམ་གྱི་ནང་བསྡོམས་པས་མཚེའུ་མཐའ་བསྐོར་གྱི་རྩྭ་ས་སྤྱི་ཆིང་ཆིག་སྟོང་དྲུག་བརྒྱ་ཉེར་ལྔ་འགོག་གསོ་བྱས་པ་དང་། རིམ་པ་དང་པོའི་སྲུང་སྐྱོབ་ཁུལ་གྱི་རྩྭ་ས་མུའུ་ལྔ་བརྒྱ་དྲུག་ཅུ་དང་། རིམ་པ་གཉིས་པའི་སྲུང་སྐྱོབ་ཁུལ་གྱི་རྩྭ་ས་མུའུ་སྟོང་བཞི་བདུན་བརྒྱ་སླར་གསོ་བྱས།
འཚོ་བའི་གད་སྙིགས་ཀྱིས་མཚེའུ་སྐྱེ་ཁམས་ལ་ཤུགས་རྐྱེན་བཟོ་བ་སྔོན་འགོག་བྱེད་ཆེད། རྨ་ཆུའི་མགོ་ཁུངས་སུ་རིམ་བཞིན་ཞིང་སྡེའི་གད་སྙིགས་ཐག་གཅོད་མ་ལག་དང་རྫོང་ཁོངས་ཀྱི་བཙོག་ཆུ་ཐག་གཅོད་མ་ལག་བཙུགས་པ་དང་། གད་སྙིགས་ཐག་གཅོད་བྱས་ཚད་བརྒྱ་ཆའི་དོན་ལྔ་ལས་བརྒལ་བ་དང་། བཙོག་ཆུ་ཐག་གཅོད་བྱས་རྗེས་ཀྱི་ཆུའི་སྤུས་ཚད་རིམ་པ་དང་པོར་བསླེབས། མཚོ་སྔོ་རེངས་དང་མཚོ་སྐྱ་རེངས་སོགས་མཐའ་བསྐོར་གྱི་གད་སྙིགས་དེ་སྲིད་གཞུང་གིས་གཙང་སེལ་བྱས་པའི་དུས་མཚུངས་སུ་ད་དུང་སྤྱོད་ཁང་དང་གད་སྙིགས་བླུགས་སྒམ་སོགས་སྒྲིག་ཆས་བཀོད་སྒྲིག་བྱས།
མཚམས་སྦྱོར་བྱས་པ་ལྟར་ན། རྨ་ཆུའི་མགོ་ཁུངས་ཀྱི་མཚེའུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱེད་པའི་སྐབས་སུ། ས་གནས་ཀྱི་མཚེའུ་ཁག་ཅིག་ཏུ་ད་རུང་ཆུ་གནས་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་དང་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་བཙུགས་པ་དང་ཆབས་ཅིག སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་རྒྱང་ཚོར་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་ཏེ། སྐྱེ་ཁམས་སྡེ་ཁག་གིས་རྨ་ཆུའི་མགོ་ཁུངས་ཀྱི་ཁོར་ཡུག་ལྟ་སྐུལ་དོ་དམ་དང་ཁོར་ཡུག་གི་འགྱུར་ལྡོག་སྔོན་ཚུད་ཉེན་བརྡའི་ནུས་ཤུགས་ཆེས་ཆེར་ཇེ་མཐོར་སོང་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།