ལིག་ཉིང་གིས་སྣོད་བཅུད་སྲུང་སྐྱོབ་ཀྱི་བྱ་བར་རྟོག་ཞིབ་བྱེད་སྐབས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་ལ་འབད་འཐབ་བྱེད་དགོས་པ་ནན་གྱིས་བསྟན།
2019.02.26 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 37

 ཟླ2པའི་ཚེས11ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་རྨ་འབྲི་རྫ་གསུམ་འབྱུལ་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་བཅས་སུ་སོང་ནས་སྣོད་བཅུད་སྲུང་སྐྱོབ་ཀྱི་ལས་དོན་ལ་རྟོག་ཞིབ་གནང་། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་དགོངས་པར་གོ་བ་ཟབ་མོ་བླངས་ཏེ། དུས་རབས་གསར་པའི་སྣོད་བཅུད་དཔལ་ཡོན་དར་སྤེལ་གྱི་“རྩ་དོན་ཆེན་པོ་དྲུག” ཁོང་དུ་ཆུད་པར་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་མ་ལག་ལྡན་པའི་དཔེ་སྟོན་ཞིང་ཆེན་གང་མགྱོགས་སྒོས་འཛུགས་སྐྲུན་བཅས་འབད་པ་ཅི་ཐུབ་བྱས་ཏེ།  འཛམ་གླིང་གི་མི་རྣམས་ལ་ཐུན་མོང་མ་ཡིན་པའི་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་ཞིག་དང་མཛེས་སྡུག་མཚོ་སྔོན་གྱི་བརྩེ་བ་ཅི་དགར་ངོམ་དགོས་ཞེས་བསྟན།

ལིང་ཉིང་གིས་ལས་བྱེད་པ་དང་ལས་བཟོ་པ་རྣམས་དང་མཉམ་དུ་གླེང་མོལ་བྱེད་སྐབས། རྨ་འབྲི་རྫ་གསུམ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་བཅས་ཀྱིས་སྣོད་བཅུད་སྲུང་སྐྱོབ་ཀྱི་ལས་དོན་ལ་སྐུལ་སྤེལ་བྱས་པར་གྲུབ་འབྲས་བཟང་པོ་བླངས་པར་ཁས་ལེན་གང་ལེགས་གནང་བའི་ཞོར་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལས་བྱེད་པ་དང་ལས་བཟོ་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས།

ལིག་ཉིང་གིས་བཤད་རྒྱུར། 2019ལོ་ནི་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་འགོ་རྩོམ་པའི་ལོ་ཡིན་ལ། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་བྱེད་པའི་གནད་འགག་གི་ལོ་ཡང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་སྟེ། རྒྱལ་སྤྱིའི་མཐོང་རྒྱ་བསྐྱེད་ཅིང་། རྒྱལ་ཁབ་ཀྱི་འཐབ་ཇུས་གསེས་ནས་སྲིད་ཇུས་ལམ་ལུགས་ལ་རང་རྟོགས་ཀྱིས་ཞིབ་འཇུག་དང་། ལོ་ཧྲིལ་པོའི་སྤྱི་བསྒྲགས་ལམ་ལུགས་འཐུས་ཚང་། དྲིལ་སྒྲོག་རྣམ་པ་གསར་གཏོད་བཅས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་འགོ་རྩོམ་པའི་ཚོགས་ཆེན་ལ་ནུས་ཤུགས་བཏོན་ནས་གྲ་སྒྲིག་ལེགས་པོ་བྱེད་དགོས་ཤིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྒྱུན་བཟང་པོ་བསྐྱངས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་གྱི་གོ་རིམ་ནང་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་པའི་བསམ་བློ་ཉམས་སུ་ལེན་པ་དང་། རི་ཆུ་ནགས་ཞིང་མཚེའུ་སྤང་ལྗོངས་ནི་ཚེ་སྲོག་ཐུན་མོང་ལ་དབང་བའི་མ་ལག་གི་སྐྱེ་ཁམས་ཡིན་པའི་ལྟ་བ་དར་སྤེལ་བྱས་ནས་བཅོས་སྒྱུར་གདོང་ལེན་པ་བསོད་ནམས་དར་རྒྱས་ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱེད་པ་དང་། ལམ་ལུགས་བཙན་པོ་དང་ཁྲིམས་སྐྱོང་གཟབ་ནན་གྱི་སྒོ་ནས་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས་སྣོད་བཅུད་དམངས་ཕན་དང་། སྣོད་བཅུད་དམངས་དོན་གྱི་ཆེད་ཡིན་པ་དོན་ཐོག་ལ་སྨིན་ཐུབ་དགོས་ཞེས་བསྟན།

ལིག་ཉིང་གིས། མཚོ་སྔོན་གསར་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་དང་། རྒྱལ་ཁོངས་ལྗང་སྒྱུར་གྱི་ལོ་གསུམ་འཆར་འགོད་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཏེ། སྔོ་ཞིང་བསངས་ལ་ལྗང་མདོག་གི་གནམ་སའི་བར་སྟོང་གི་བསྡུར་ཚད་དང་སྤུས་ཚད་རྒྱུན་མཐུད་མཐོར་འདེགས་གཏང་དགོས་པ་དང་། མདོ་ལ་རི་བོའི་སྣོད་བཅུད་ཁོར་སྲུང་ལ་མཐོང་ཆེན་ཚད་མེད་གནང་སྟེ། སྣོད་བཅུད་སྲུང་སྐྱོབ་ཀྱི་ལས་གཞི་གཅིག་གྱུར་སྐུལ་སྤེལ་བྱེད་པ་དང་། ནགས་ལས་དང་རྩྭ་ཐང་ལ་བཅོས་སྒྱུར་ཟབ་མོ་བྱས་ནས“རྩྭ་ས་གཅིག་ལ་ཇུས་གཞི་གཅིག”ཡིན་པའི་རྒྱལ་ཁོངས་ནགས་ར་བཅོས་སྒྱུར་ལ་སྐུལ་སྤེལ་བཅས་བྱས་ནས་རྩྭ་ས་མཉམ་སྤེལ་མངོན་འགྱུར་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”། ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་གི་ལས་ལ་སྐུལ་སྤེལ་ཆེན་པོ་བྱས་ནས་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན།

གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་བྱ་བའི་གྲོས་ཚོགས་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཆུ་སྐྱོང་ཆུ་སྤེལ་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་བྱ་བར་སྤྱི་སྡོམ་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་ཐུག་འཕྲད་བྱས། ཧྲིན་ཀྲང་དང་ཞིང་ཆེན་གྱི་སྤྱི་ཁྱབ་ཆུ་དཔོན་དང་མཚེའུ་དཔོན་ལིག་ཉིང་གིས་གཏམ་བཤད།

ཐུག་འཕྲད་བྱེད་སྐབས། ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྨོན་འདུན་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་དང་མཚེའུ་དཔོན་སྟོང་ལྔ་དང་དགུ་བརྒྱ་ཉེར་ལྔ་དང་དོ་དམ་ལྟ་སྲུང་པ་སྟོང་དགུ་དང་བརྒྱད་བརྒྱ་ཞེ་གཉིས་ལ་འཚམས་འདྲི་ཞུས། ཁོས་བསྟན་དོན། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལག་བསྟར་བྱེད་པ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་ལུགས་བཀོད་སྒྲིག་གལ་ཆེན། ཁྲིམས་ལྟར་ཆུ་བཅོས་སྐྱོང་དང་ཆུ་ལ་དོ་དམ་བྱེད་པའི་ཤུགས་ཡོད་འགན་སྲུང་ཡིན། མཚོ་སྔོན་ནི་ཀྲུང་ཧྭའི་ཆུ་མཛོད་དང་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ཡིན་པས། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལག་བསྟར་བྱེད་རྒྱུར་དེ་ལས་ཀྱང་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་ཞིང་ཆེན་གྱིས་ཐོག་མར་ཆུ་དཔོན་ལམ་ལུགས་ཡོངས་སུ་ཁེབས་པར་བྱས་པ་དང་མགོ་ཁྲིད་ཀྱིས་སྣེ་ཁྲིད་པ་ཡོངས་སུ་ཁེབས་པར་བྱས་པས། རྒྱལ་ཁབ་ཀྱིས་ཁྱོན་ཡོངས་ནས་ཆུ་དཔོན་ལམ་ལུགས་ལག་བསྟར་བྱེད་པའི་དུས་སྐབས་བར་མའི་དཔྱད་འཇོག་ཁྲོད་ཁས་ལེན་ཐོབ་པ་དང་། དེ་ཚང་མས་དཀའ་སྤྱད་འབད་བརྩོན་དང་འབྲལ་ཐབས་མེད། རྒྱ་ཆེའི་ཆུ་དཔོན་དང་མཚེའུ་དཔོན། དོ་དམ་ལྟ་སྲུང་པ། དང་བླངས་པ་རྣམས་ཀྱིས་འགན་འཁྲི་ལག་བསྟར་བྱས་པ་དང་། བརྟན་སྲུང་དང་ཁག་ཁུར། འགུལ་སྐྱོད་དང་གཏོང་ཕོད་ཀྱི་སྙིང་སྟོབས་ཀྱིས་ཆུ་དང་མཚེའུ་ལ་སྲུང་སྐྱོབ་བྱས། ཚང་མས་མཚན་སྙན་ལ་གཅེས་སྤྲས་བྱེད་པ་དང་མུ་མཐུད་འབད་འཐབ་དང་མུ་མཐུད་མདུན་སྐྱོད་བྱེད་པ། ཆུ་དང་མཚེའུ་ཡི་སྲུང་སྐྱོབ་པ་དང་གཅེས་སྤྲས་པ། ལྟ་སྐུལ་བ་བཟང་བོ་བྱེད་པ། ཧུར་ཐག་གིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་ཆུ་དང་ཚེ་སྲོག་མཉམ་འདྲེས་མཉམ་གནས་ཀྱི་ལེའུ་གསར་བ་བྲིས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ཆུ་བེད་བཟོ་སྐྲུན་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་ཆུ་བེད་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་པ་རྒྱུན་འཁྱོངས་བྱེད་པ། སྟོད་སྨད་དང་གཡས་གཡོན། གཞུང་ཆུ་དང་ཆུ་ལག་ལ་གཅིག་གྱུར་འཆར་འགོད་བྱས་ནས། དོ་དམ་སྲུང་སྐྱོབ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་དོ་དམ་སྲུང་སྐྱོབ་ལ་ཤུགས་སྣོན་པ། གནད་དོན་བཅོས་སྐྱོང་བྱེད་པ་དམ་འཛིན་བྱེད་པ། བྱ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། འཕེལ་རྒྱས་དང་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས། ཆུ་དང་མཚེའུ་ལ་དོ་དམ་སྲུང་སྐྱོབ་བྱེད་རྒྱུ་དེ་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ། ཁོངས་ཡོངས་གནས་སྐོར་འཕེལ་རྒྱས་སུ་གཏོང་བ་དང་ཟུང་འབྲེལ་བྱེད་པ་དང་། རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་ལག་བསྟར་བྱེད་རྒྱུ་གོ་སྐབས་སུ་བརྩིས་ཏེ། ཞིང་ཆེན་ཡོངས་ཀྱི་ཆུ་རྒྱུན་ས་ཁུལ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། འབྲི་ཆུ་དང་རྨ་ཆུ། རྫ་ཆུའི་བཞུར་རྒྱུན་ས་ཁུལ་ཞིང་ཆེན་གྱི་མཉམ་འཛུགས་མཉམ་སྐྱོང་དང་མཉམ་སྤྱོད་རྐྱེན་སྲོལ་འཛུགས་རྒྱུ་དམིགས་འབེན་དུ་འཛིན་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྤྱི་ཚོགས་དེའི་ཁྲོད་ཞུགས་པ། ཚོང་ར་ཅན་དུ་བསྒྱུར་བའི་སྐྱེ་ཁམས་རིན་ཐང་མངོན་འགྱུར་རྐྱེན་སྲོལ་འཚོལ་ཞིབ་དང་འཛུགས་སྐྲུན་བྱེད་པ། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱི་ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བའི་ཐད་འཐབ་ཇུས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་རིམ་སྤོར་བྱེད་པའི་ཐད་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་པ། ཀྲུང་ཧྭ་མི་རིགས་ནམ་ཡང་འཕེལ་རྒྱས་སུ་གཏོང་བའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་པ་བཅས་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམ་པའི་འགན་འཁྲིའི་ཆུ་དཔོན་དང་མཚེའུ་དཔོན་ཡན་ཅིན་ཧེ་ཡིས་གཟེངས་བསྟོད་གཏན་ཁེལ་སྒྲོག་འདོན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་སྤྱི་ཁྱབ་ཆུ་དཔོན་དང་མཚེའུ་དཔོན་གྱིས་བྱ་བའི་སྙན་ཞུ་ཕུལ།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།