མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་པའི་སྐོར་བཀོད་པ།
ལོ་ངོ་གསུམ་གྱི་རིང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“སྣོད་བཅུད་སྲུང་སྐྱོབ་སྔོན་མ་བྱེད་པ་མཐའ་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པ”བཅས་ཀྱི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ས་ཡ་དྲུག་གིས་དཀའ་ངལ་བསུ་བཞིན་མདུན་སྐྱོད་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས་སྤྱི་ལེ་གྲུ་བཞི་འབུམ་བདུན་དང་ཁྲི་གཉིས་ཡོད་པའི་ཡངས་ཤིང་རྒྱ་ཆེ་བའི་ས་མཐོ་དང་། འབྲི་ཆུ། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོར་སྔོ་ཞིང་དྭངས་བའི་རི་ཆུ་རྨང་གཞིར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཚོ་བ་གཙོ་བོར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཀྲག་མདངས་འཚེར་སར་བྱེད་པ་བཅས་བྱས་ཏེ་མཛེས་སྡུག་ལྡན་ལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་མཚོ་སྔོན་གསར་པ་བསྐྲུན་རྒྱུའི་འཆར་གཞི་ཞིག་བཏིང་བ་རེད།།
ལོ་གསུམ་གྱི་སྔོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས‘མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་ཚེ་སྲོག་ལ་ལྟ་སྟངས་འཛིན་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་ལྟ་སྟངས་འཛིན་དགོས’ཞེས་གསུངས་མྱོང་ཞིང་། ད་ལྟ་མཚོ་སྔོན་དུ་འདུ་ཤེས་དེ་མི་སེམས་སུ་ ཟུག་ཡོད”ཅེས་སྔོན་ཆད་ཚོགས་ར་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་མྱོང་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་འཐུས་མི་པི་ཧྲེང་ཀྲུང་གིས་དེ་ལྟར་བཤད་བྱུང་།
ལོ་ངོ་གསུམ་གྱི་རིང་གཙང་གསུམ་མགོ་ཁུངས་ནས་མདོ་ལ་རིང་མོ་བར་དང་མཚོ་སྔོན་པོ་ནས་ཁུ་ནུ་རི་བོའི་བར་མཚོ་སྔོན་གྱི་ས་མཐོའི་སྣོད་བཅུད་མ་ལག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ“ཁྱིམ་ཚང་རེར་ལས་རྐང་རེའི”སྣོད་བཅུད་ལྟ་སྲུང་པ་ཡོད་པ་དང་འབྲོག་པ་ཁྲི་གཅིག་སྟོང་བདུན་གྱིས་ཕྱུགས་འཚོ་མཚམས་བཞག་སྟེ་སྣོད་བཅུད་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱེད་མགོ་ཚུགས་ཡོད། གླེང་རིན་ཡོད་པ་ཞིག་ནི་མཚོ་སྔོན་དུ2018ལོ་ཁོ་ནར་ནགས་སྐྲུན་མུའུ་ས་ཡ་བཞི་ཁྲི་དྲུག་བྱས་པས་ནགས་ཀྱི་ཁེབས་ཚད7.26%ཟིན་པ་དང་། ཆུ་དང་། བརླན་ས། ནགས་ཚལ་དང་སྤང་བཅས་ཡོད་པའི་སྔོ་ལྗང་བར་སྟོང་གིས་བསྡུར་གྲངས་ཟིན་ཚད70%ལྷག་ཙམ་ཟིན་ཡོད་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ལས་དོན་ཡག་པོ་སྤེལ་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ་དང་། མཚོ་སྔོན་འདི་ཉིད་མཛེས་སྡུག་ལྡན་པའི་ཀྲུང་གོའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་བཀའ་མངགས་གནང་ཡོད”ཅེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་དེ་ལྟར་བཤད་བྱུང་།
འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ལྗང་མདོག་འཕེལ་རྒྱས་ལ་ཤུགས་སྣོན་པར་འགན་སྲུང་བྱས་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཏེར་ལས་དབང་ཆ་ཚང་མ་མེད་པ་བཟོས་པ་དང་། མཚོ་སྔོན་པོའི་འདབ་ཆགས་གླིང་ཕྲན་དང་བྱེ་གླིང་དང་གཉན་པོ་གཡུ་རྩེ་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་གཉེར་སྐྱོང་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་མཚམས་བཞག་པ། ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་ཁུལ་དུ“ཁྲིམས་འགལ་ངང་འགྲོ་རྒྱུ་བཀག་སྡོམ”བྱས་པ། སྣོད་བཅུད་སྲུང་སྐྱོབ་བྱ་ཆེད་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་ཁྱིམ་ཁྲི1.1 གནས་སྤོར་སོགས་བྱས་ཏེ། སྣོད་བཅུད་སྲུང་སྐྱོབ་སྔོན་མ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དེ་མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་ངོས་ཟིན་དུ་གྱུར་ཡོད།
2019ལོར་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་སྐྲུན་འགོ་བཙུགས་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་ཚོམ་བུ་བསྐྲུན་རྒྱུ་འཚོལ་ཞིབ་བྱས་ཏེ་འཛམ་གླིང་གི“སྣེ་གསུམ་པའི”སྣོད་བཅུད་དཔལ་ཡོན་ལ་སྐུལ་འདེད་གཏོང་རྒྱུ་རེད།
ད་ལོ་ལོ21ཡིན་པའི་ཆི་ཚའེ་ལིན་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་སན་ཧོ་གྲོང་རྡལ་ཡར་ལངས་གྲོང་ཚོའི་སློབ་ཆེན་སློབ་མ་ཞིག་ཡིན་པ་དང་། 2016ལོའི་དགུན་གསེང་སྐབས་ཕ་ཡུལ་དུ་ལོག་ནས་ཡུལ་གཞན་དུ་གནས་སྤོར་བྱས་པའི་ཁང་པ་གསར་པ་མཐོང་སྐབས་དགའ་སྤྲོ་ཆེན་པོ་སྐྱེས། རྒྱུ་མཚན་ནི“ལོ20ཙམ་ལ་དཀའ་ཁག་ཆེ་བའི་འཚོ་བ་སྐྱེལ་བ་མཇུག་འགྲིལ་ནས་ཐོག་སོ་དྲུག་ཅན་གྱི་ཁོད་ཡངས་ཤིང་གཙང་སྦྲ་ལེགས་པའི་ ཐོག་ཁང་དུ་སྡོད་ཐུབ་པ་བྱུང་བ་མ་ཟད། ཁྱིམ་གྱི་སྒོ་རྩར་སློབ་གྲྭ་ཡོད་པ་དང་རྒན་པ་རྣམས་ནད་ལྟ་ཐུབ་ཀྱི་ཡོད་པས་རེད”
མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱི་ལས་བྱེད་མི་སྣ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་བྲག་དཀར་གྲོང་ཚོའི་དབྱར་དུས་ཀྱི་འབྲོག་རར་ཡོང་ནས་ཡུལ་དེ་གའི་སྡེ་བ11གི་འབྲོག་པ200ལྷག་ཙམ་ལ་གད་སྙིགས་གཙང་སེལ་གྱི་འབྲེལ་ཡོད་ཤེས་བྱ་འཆད་ཁྲིད་བྱས་ཤིང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སེམས་ཤུགས་གཅིག་སྒྲིལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ཡག་པོ་རྒྱག་དགོས་པའི”དགོངས་དོན་གྱི་མཛུབ་ཁྲིད་འོག“ཡར་ལངས་སྡེ་བ”མང་པོ་ཞིག་ཐོན། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་མཱ་ཧྥུང་ཧྲེང་གིས2017ལོར་གཏན་འཁེལ་བྱས་པའི་རྫོང་དབུལ་པོ(གྲོང་ཁྱེར་དང་ཆུས)7བདེ་བླག་ངང་དབུལ་ཞྭ་ཕུད་པ་དང་། 2018ལོར་གཏན་འཁེལ་བྱས་པའི་རྫོང12བདེ་བླག་ངང་དབུལ་ཕོངས་ལས་ཐར་ཐུབ་པ། ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ལས་གཞིའི་སྤྱི་གྲངས་ཀྱི97%ལེགས་འགྲུབ་བྱུང་ཡོད། 2013ལོའི་ཚུན་དུ་མི་གྲངས་ས་ཡ་དྲུག་ཙམ་ལས་མེད་པའི་མཚོ་སྔོན་ཞིང་ཆེན་དུ་རིམ་རྩིས་ལྟར་ན་མི་གྲངས་དབུལ་པོ་ས་ཡ་གཅིག་ཁྲི་བརྒྱད་སྟོང་གསུམ་ཇེ་ཉུང་དུ་ཕྱིན་པ་དང་། དབུལ་པོར་གྱུར་ཚད2012ལོའི26.4%ནས2018ལོའི་ལོ་མཇུག་གི2.5%བར་ཆག་ཡོད་ཅེས་ངོ་སྤྲོད་བྱས།
ལོ་གསུམ་གྱི་རིང་མཚོ་སྔོན་ཞིང་ཆེན་གྱིས་ཟི་ལིང་མཚོ་ཤར་གྱི་ཁྱིམ་ཚང་དབུལ་པོའི་སློབ་མ་དང་བོད་རིགས་ས་ཁུལ་གྱི་སློབ་མ་ཡོངས་ལ་ལོ15རིང་གི་སློབ་ཡོན་མི་དགོས་པའི་སློབ་གསོ་དང་ལེན་བྱེད་པའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། སློབ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་རྒྱུར་གཅིག་སྡུད་སྐུལ་འདེད་བཏང་སྟེ་སློབ་ཤོར་སློབ་མ་ཁྲི་གཉིས་ལྷག་སླར་ཡང་སློབ་གྲྭར་ཞུགས་ཐུབ་པ་དང་། འོས་འགན་སློབ་གསོའི་གྲུབ་འབྲས་སྲ་བརྟན་གཏོང་ཚད96.71%བར་འཕར་བ། བོད་རིགས་ས་ཁུལ་གྱི་སློབ་མ6000ལྷག་ཙམ་ས་མཐོ་ནས་ཕྱིར་ཐོན་ཏེ་ཡུལ་གཞན་དུ་སློབ་གྲྭ་འགྲིམ་ཐུབ་པ་བྱུང་བ་བཅས་རེད།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་ཆོས་དབྱིངས་རྒྱལ་མཚན་གྱིས་ད་ལྟ་མུ་རི་གཏེར་ཁུལ་ལེགས་སྒྲིག་བྱས་ནས་རྩྭ་བཏབ་པ་དང་། སྣོད་བཅུད་ཕྱུགས་ལས་ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་ས་རེས་སྐོར་སོགས་བྱེད་ཀྱི་ཡོད་པས་རྩྭ་ས་སྔོ་ལྗང་ཅན་དུ་གྱུར་བ་མ་ཟད། ནོར་ལུག་ཇེ་ཉུང་དང་རིན་གོང་ཇེ་མཐོར་ཕྱིན་པ་བཅས་ལས་འཚོ་བ་ཇེ་བཟང་དུ་སོང་ཡོད་ཅེས་བཤད་བྱུང་།
མུ་རི་གཏེར་ཁུལ་གྱི་འགྱུར་ལྡོག་ནི་མཚོ་སྔོན་གྱིས་མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་མི་རིགས་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། མི་རིགས་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱེད་པ། མི་རིགས་ས་ཁུལ་གྱི་ཐོན་ལས་ཀྱི་གྲུབ་ཆའི་རིམ་པ་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བར་བརྟེན་མཚོ་སྔོན་གྱིས་སྣོད་བཅུད་བཟང་བའི་ཞིང་ཕྱུགས་ལས་དང་། རིག་གནས་ཡུལ་སྐོར་ལས་རིགས། ནུས་རྒྱུ་གསར་པ་གཙོ་བོར་བྱེད་པ་བཅས་ཀྱི་ལྗང་མདོག་ཐོན་ལས་གྲུབ་ཆ་གཏན་འཁེལ་བྱས་ཏེ་མདོ་དབུས་མཐོ་སྒང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་དུ་ཆེད་ལས་མཉམ་ལས་ཁང་སྲིད་འཛིན་སྡེ་བ་ཡོངས་ལ་ཁྱབ་པ་དང་། འབྲི་གཡག་དང་། ནས། འཕང་འབྲས་སོགས་ཞིང་ཞོར་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱེད་ཚད56%ཟིན་ཡོད།
2018ལོར་མཚོ་སྔོན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་བྱེ་བ་བཞི་ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཀྱི་ལྡབ7ཙམ་ཡིན་པ་རེད། ད་ལྟ་ཡུལ་སྐོར་བའི་མི་གྲངས་དང་སྤྱིའི་ཡོང་འབབ་གཉིས་ཀ་འཕར་ནས་རོང་འབྲོག་པ་འབུམ་གཅིག་ཁྲི་གཉིས་ལ་ཡུལ་སྐོར་གྱི་ཕན་ཁེ་ཐོབ་ཡོད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“ཀྲུང་ཧྭའི་ཆུ་མཛོད”དེ་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་གྱི་སྒུལ་ཤུགས་སུ་གྱུར་ཞིང་། 2018ལོའི་ལོ་མཇུག་བར་མཚོ་སྔོན་གྱིས་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་ཆས་ནས་གློག་འདོན་ཚད་ཆན་ཝ་བྱེ་བ་གཅིག་ས་ཡ་གཉིས་ལས་བརྒལ་ནས2018ལོར་ནུས་རྒྱུ་གཙང་མའི་གློག་འདོན་ཚད50.9%འཕར་བ་རེད།
མཚོ་སྔོན་གྱིས་གསར་གཏོད་ལག་ལེན་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་པ་དང་འབྲེལ། འཛམ་གླིང་ལ་མུ་མཐུད་སྒྱུར་བཅོས་བྱེད་པའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མངོན་པར་བྱས་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།