སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་བཟུང་ནས་དག་གཙང་གི་ཞིང་ཁམས་འདི་སྲུང་སྐྱོབ་བྱེད།
2019.03.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

 སྐྱེ་ཁམས་དཔལ་ཡོན་གྱི་དུས་སྐབས་གསར་བ་འདིར་མཚོ་སྔོན་འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་ཇེ་ཆེར་གྱུར། སྐྱེ་ཁམས་དཔལ་ཡོན་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པ་ནི་འཛམ་གླིང་ཡོངས་ཀྱི་ཐུན་མོང་གི་འཚོལ་སྙེག་ཡིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་། ཀྲུང་དབྱང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ཁྲོད་བཀོད་པས། ལྗང་མདོག་འཕེལ་རྒྱས་དེ་དུས་རབས་འཕེལ་རྒྱས་ཀྱི་དབྱངས་རྟ་གཙོ་བོར་གྱུར་བ་གསལ་བོར་བསྟན།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་མཚོ་སྔོན་གྱི་ཆེས་ཆེ་བའི་འགན་འཁྲི་ཡིན་པས། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པ་དམ་འཛིན་བྱས་ནས། སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བཏང་སྟེ། དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་དགོས།

ད་ལྟའི་མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ་ཞིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བའི་གོ་གནས་དེ་བས་ཀྱང་གལ་ཆེ། སྐྱེ་ཁམས་ཐོན་ཁུངས་ནི་ཆེས་ཆེ་བའི་ཐོན་ཁུངས་ཡིན་ལ། སྐྱེ་ཁམས་ཁྱད་སྟོབས་ནི་ཆེས་ཆེ་བའི་ཁྱད་སྟོབས་ཡིན་པ། ལྗང་མདོག་འཕེལ་རྒྱས་ནི་ཆེས་ཆེ་བའི་འཕེལ་རྒྱས་ཡིན་པས། ང་ཚོས་མཚོ་སྔོན་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོའི་མདུན་བསུས་ཡོང་།

མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་ཐུན་མོང་མ་ཡིན་པས། ངེས་པར་དུ་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་དགོས། སྲུང་སྐྱོབ་སྔོན་མ་བྱེད་པ་རྒྱུན་འཁྱོངས་དང་རང་བྱུང་སླར་གསོ་དང་མིའི་ཐབས་ཀྱིས་སླར་གསོ་བྱེད་པ་ཕན་ཚུན་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། དོན་དངོས་གཞིར་བཟུང་ཏེ། བྱེད་ནུས་ཁུལ་གཙོ་བོའི་འཆར་འགོད་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་བྱེད་ནུས་གཙོ་བོར་ ཤུགས་སྣོན་ཐོབ་པར་འགན་སྲུང་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ དང་ཏང་ཀྲུང་དབྱང་གི་བླང་བྱ་གསར་བ་དང་བཀོད་སྒྲིག་གསར་བར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དེ་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གཏིང་ཟབ་ཏུ་དངོས་འབེབས་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། དུས་རབས་གསར་བའི་ནང་མཚོ་སྔོན་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཡང་དག་པས་ཁོང་དུ་ཆུད་པར་བྱེད་པ་དང་། བབ་བསྟུན་མདུན་སྐྱོད་སྒོས་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། ལྔ་བཞི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱེད་པའི་དུས་མཚུངས་སུ། ཞིང་ཆེན་གྱི་ཁྱད་ཆོས་དང་ཁྱད་སྟོབས་གཞིར་བཟུང་ཏེ། 《སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་འགའ》གཏན་འཁེལ་བྱས་པ་དང་། ཤུགས་ཆེན་པོས་མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་བྱེད་པ། འབད་བརྩོན་སྒོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བ། གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་ཀྲུང་དབྱང་གི་སྐྱེ་ཁམས་སྔོན་འགྲོ་ཡིན་པའི་ཐབས་ཇུས་བཀོད་སྒྲིག་མཚོ་སྔོན་དུ་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཏེ། དུས་རབས་གསར་བའི་ནང་མཚོ་སྔོན་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་བཏོད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་དུས་ཤེས་བརྟན་པོར་བཅངས་ཏེ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱུན་ཆད་མེད་པར་བསམ་བློ་བཅིངས་འགྲོལ་དང་དཔལ་འབྱོར་འཕར་སྟངས་ལེགས་བསྒྱུར་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ཐུན་མོང་གི་ངོས་ཟིན་ཆགས་ཤིང་། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད། ཤུགས་ཆེན་པོས་ལྗང་མདོག་ཐོན་ལས་གོང་དུ་སྤེལ་བ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་སྲུང་སྐྱོབ་མཉམ་དུ་དམ་འཛིན་བྱས་ནས། སྔོ་ལྗང་གི་རི་ཆུ་དེ་གསེར་རི་དངུལ་རི་ཞིག་ཏུ་འགྱུར་བར་བྱས།

མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་འགན་འཁྲི་ཆེན་པོ་རང་འགུལ་གྱིས་ཕྲག་ཏུ་བླངས་ཤིང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་ཏེ། སྲུང་སྐྱོབ་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བ་དང་འཕེལ་རྒྱས་གཏོང་བའི་ཁྲོད་ནས་སྲུང་སྐྱོབ་བྱེད་པ་མངོན་འགྱུར་བྱས། ཕྱུགས་སྐྱུར་རྩྭ་འདེབས་དང་སྐྱེ་ཁམས་གནས་སྤོས་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད་ནས་རི་ཆུ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར།

ཀུན་དགའ་རྣམ་རྒྱལ་ཚང་གི་ཁྱིམ་མི་གང་བོ་འདུས་པའི་འབྲོག་པ་ཁྱིམ་ཚང་བརྒྱ་དང་ཉེར་བརྒྱད་ཀྱིས་རྒྱལ་ཁབ་ཀྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་ཀྱི་འབོད་སྐུལ་དང་དུ་བླངས་ཏེ། མི་རབས་ནས་མི་རབས་བར་འཚོ་བ་རོལ་བའི་འབྲི་ཆུའི་མགོ་ཁུངས་བློས་བཏང་སྟེ་ན་གོར་མོ་གྲོང་ཁྱེར་འདབས་རོལ་གྱི་ཁྱིམ་གཞིས་གསར་བ་སྟེ་འབྲི་ཆུའི་མགོ་ཁུངས་སྡེ་བར་གནས་སྤར་ནས་འཚོ་བ་གསར་བར་རོལ་མགོ་བརྩམས།

ཀུན་དགའ་རྣམ་རྒྱལ་གྱིས་བཤད་རྒྱུར། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་ནི་རྩྭ་ཐང་གི་རྣམ་པ་སླར་གསོ་བྱེད་རྒྱུ་དེ་ཡིན་ལ། ད་ལྟ་དམིགས་ཡུལ་དེ་མངོན་འགྱུར་བྱུང་ཡོད་པས། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་གདམ་གསེས་འདི་འགྲིག་འདུག་ཟེར། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཀྲ་ཤིས་ཟླ་བ་ཡིས་བཤད་རྒྱུར། རྩྭ་སའི་བྱ་དགའི་ཁ་གསབ་དང་དཀའ་ཁག་ཁ་གསབ། འབར་རྫས་ཁ་གསབ་སོགས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་རོགས་སྐྱོར་འོག་ཏུ། སྡེ་མི་རྣམས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་ཡིན་པ་དང་། 2018ལོར་འབྲི་ཆུའི་མགོ་ཁུངས་སྡེ་བས་སྡེ་བ་ཡོངས་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱུང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་དུས་མཚུངས་སུ། འབྲི་ཆུའི་མགོ་ཁུངས་སྡེ་བས་ད་དུང་རང་ཉིད་འཕེལ་རྒྱས་ཀྱང་མངོན་འགྱུར་བྱུང་ཡོད་ཟེར།

སྲུང་སྐྱོབ་ཁྲོད་ནས་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་ནས་སྲུང་སྐྱོབ་བྱས་ཚེ། མཚོ་སྔོན་གྱིས་ད་གཟོད་དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་ཐུབ་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་མཉམ་འདྲེས་བྱས་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་ཐུབ་ངེས་རེད། འབྲི་ཆུའི་མགོ་ཁུངས་སྡེ་བའི་འཕོ་འགྱུར་ ནི་མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་།   སྲུང་སྐྱོབ་ཆེན་པོ་མཉམ་དུ་དམ་འཛིན་བྱས་ཏེ།  གསར་སྤེལ་ཆེན་པོ་མི་བྱེད་པའི་མཚོན་བྱེད་ཅིག་རེད།

སྐྱེ་ཁམས་སྲུང་སྐྱོབ་ནི་མཚོ་སྔོན་གྱི་ཆེས་ཆེ་བའི་འགན་འཁྲི་ཡིན། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་བ་དང་། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཀྱིས་ཁྲིད་སྟོན་བྱེད་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དེ་གཙོ་གནད་དུ་བརྩི་བ། སྐྱེ་ཁམས་བྱེད་ནུས་མཐོར་འདེགས་དང་ཐོན་ཁུངས་གྲོན་ཆུང་བྱས་ནས་ཕན་འབྲས་མཐོར་འདེགས་གཏོང་བ། ཁོར་ཡུག་བཅོས་སྐྱོང་གི་སྤུས་ཚད་ཇེ་མཐོར་གཏོང་བ། རྒྱལ་ཁོངས་ལྗང་བསྒྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་ལམ་ལུགས་འཛུགས་སྐྲུན་བཅས་བྱ་སྤྱོད་ཆེན་པོ་ལྔ་བྱེད་ཐབས་གཙོ་བོར་བརྩིས་ནས། འབད་བརྩོན་སྒོས་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གསར་གཏོད་བྱས།

ལྗང་མདོག་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་གྱིས་འཕེལ་རྒྱས་གཏོང་སྟངས་བསྒྱུར་ཏེ། རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་པ་དང་། དཔལ་འབྱོར་འཕར་ཚད་ཀྱི་སྒུལ་ནུས་གསར་བ་གསོ་སྐྱོང་བྱས་པ་དང་། གྲུབ་ཚུལ་ལེགས་སྒྲིག་ཇེ་མགྱོགས་སུ་བཏང་ཏེ། ཆེས་དམའ་བའི་ཟད་གྲོན་དང་ཆེས་ཆུང་བའི་ཁོར་ཡུག་གི་ཤུགས་རྐྱེན་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འབྱུང་བར་ཡར་སྐུལ་བྱེད་པ་མངོན་འགྱུར་བྱས། དབུལ་སྐྱོར་ཆེན་པོ་དང་སྐྱེ་ཁམས་ཆེན་པོར་གཅིག་གྱུར་གིས་སྐུལ་འདེད་བཏང་ཏེ། འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་ཚད་གཞི་གཉིས་བརྟན་སྲུང་བྱས་ཏེ། ཤར་ནུབ་ཕྱོགས་ཀྱི་ཞིང་ཆེན་གཞན་དག་དང་མི་འདྲ་བའི་ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་བ་ཞིག་བཏོད་པ་རེད།

རང་ཉིད་ཀྱི་མིག་འབྲས་དང་ཚེ་སྲོག་བཞིན་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་རྟོག་བྱ་སྤྱོད་དང་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་གྱུར་ཡོད། སྐྱེ་ཁམས་ནི་མཚོ་སྔོན་གྱི་རྒྱུད་མཐུད་འཕེལ་རྒྱས་ཀྱི་མིང་བྱང་གལ་ཆེན་ཞིག་ཡིན་པ་དང་། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ནས།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་གོ་རིམ་ཡོངས་སུ་ཁྱབ་པར་བྱེད་པ་དང་། འཆར་འགོད་བཟོ་སྒྲིག་དང་ལས་གཞིར་ཞིབ་བཤེར་མཆན་འགོད། བཟོ་སྐྲུན་འཛུགས་སྐྲུན། སྤྱི་དམངས་ཀྱི་འཚོ་བ་དང་སྲིད་གཞུང་གི་ལྟ་སྐུལ་སོགས་ཕྱོགས་སོ་སོར་མཚོན་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་ཞིང་ཆེན་ཡོངས་ཀྱི་ཐུན་མོང་གི་རིན་ཐང་འཚོལ་སྙེག་དང་མཚོ་སྔོན་འཕེལ་རྒྱས་ཀྱི་མཚོན་རྟགས་གསལ་བོ་ཞིག་ཏུ་འགྱུར་བར་བྱས།

ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་གྱི་མ་ལག་མགྱོགས་མྱུར་ངང་བཙུགས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། སྐྱེ་ཁམས་ཀྱི་གྲུབ་ཆ་ཆེན་པོ་ལྔ་གཙོ་གནད་དུ་བཟུང་ནས། མ་ལག་སྲུང་སྐྱོབ་དང་སླར་གསོ་བྱེད་པ་དམ་འཛིན་དང་། ནན་ནན་ཏིག་ཏིག་གིས་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་དང་མདོ་ལ་རི་བོའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཚོད་ལྟ། མཚོ་སྔོན་པོའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོ་སྐོར་ཞིག་ལག་བསྟར་བྱས་ཏེ།  སྤྱི་ཡོངས་ནས་སླར་གསོ་དང་ས་ཁོངས་ཀྱི་སྐྱེ་ཁམས་བྱེད་ནུས་ཇེ་དྲག་ཏུ་གཏོང་བར་འབད་བརྩོན་བྱས།

ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་གི་ཞིང་ཆེན་གྱི་གནས་ཚུལ་དང་ལྗང་མདོག་རིན་ཐང་ལྟ་བའི་སློབ་གསོ་སྤེལ་ཏེ། སྐྱེ་ཁམས་དཔལ་ཡོན་སློབ་གསོ་དེ་རྒྱལ་དམངས་སློབ་གསོ་དང་ལས་བྱེད་པ་དང་ལས་བཟོ་བའི་གསོ་སྦྱོང་། རོང་འབྲོག་པའི་ནུས་རྩལ་གསོ་སྦྱོང་གི་མ་ལག་ཁྲོད་བཀོད་དེ། སྐྱེ་ཁམས་དཔལ་ཡོན་གྱི་ཤེས་བྱ་ཁྱབ་གདལ་ཇེ་མགྱོགས་སུ་གཏོང་བ་དང་། ཧུར་ཐག་གིས་སྐྱེ་ཁམས་རིག་གནས་དང་སྐྱེ་ཁམས་ཀུན་སྤྱོད་གསོ་སྐྱོང་བྱས།

མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནད་འགག་གི་དུས་སྐབས་དང་མཁྲེགས་གཏོར་གྱི་དུས་སྐབས། ནུས་ལྡན་གྱི་དུས་སྐབས་བཅས་དམ་འཛིན་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ཤུགས་ཆེན་པོས་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ཤིང་། འབྱུང་ཁུངས་ནས་ཁོར་ཡུག་འབག་བཙོག་འགོག་བཅོས་བྱས་པ་དང་། སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་ཡོལ་སྲ་བརྟན་ཏུ་བཏང་བ། ཁོར་ཡུག་བཅོས་སྐྱོང་གི་ནུས་ཤུགས་ཇེ་དྲག་ཏུ་བཏང་ནས། འབད་བརྩོན་སྒོས་མཛེས་སྡུག་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་བྲིས།

2018ལོར་ཕྱིར་བལྟ་བྱས་ཚེ། མཚོ་སྔོན་གྱི་མཁའ་དབྱིངས་སྔར་ལས་སྔོ་ཞིང་བསངས་ལ། མཚེའུ་དྭངས་ཤིང་གསལ་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོམ་ཁ་སྔར་ལས་བརྟན་ཞིང་ཡངས་བ་རེད། མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་མཁའ་དབུགས་དྭངས་གཙང་ཡིན་ཚད་བརྒྱ་ཆའི་གོ་གཉིས་ཡིན་པ་དང་། ཙོང་ཆུའི་ཆུ་སྤུས་ཀྱི་ཚད་གཞི་བརྒྱ་ཆའི་བརྒྱ་ལ་བསླེབས། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་དྲུག་ལྷག་ཏུ་ཇེ་མཐོར་སོང་ཡོད།

ད་ལྟ་ང་ཚོས་མཐོང་བ་ནི། མཚོ་སྔོན་གྱིས་སྐྱེ་ཁམས་ཀྱི་གདེང་ཚོད་ཇེ་དྲག་ཏུ་བཏང་ནས། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་བཏོད་དེ། ཀྲུང་ཧྭ་མི་རིགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད་པ་དེ་རེད།

ལོ་ཙཱ་བ།སྒྲོལ་མ་སྐྱིད།