རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་པས་ཁྱོན་ཡོངས་སུ་ཐུན་མོང་མ་ཡིན་པའི་གོ་གནས་གལ་ཆེན་བཟུང་ཡོད། མིག་སྔར་རྨ་ཆུ་བཞུར་རྒྱུན་ལ་རྒྱལ་ཁབ་རིམ་པའི་ངོས་ཐད་ནས་བཞུར་རྒྱུན་ཧྲིལ་བོར་ཁྱོན་ཡོངས་ནས་འཕེལ་རྒྱས་བཅོས་སྐྱོང་བྱེད་རྒྱུའི་འཐབ་ཇུས་འཆར་འགོད་བཏོན་མེད་པར་དམིགས་ནས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཧི་ནན་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཉིན་ཞ། ནང་སོག ཧྲན་ཞི། ཧྲན་ཞི། ཧྲན་ཏུང་བཅས་རྨ་ཆུ་བཞུར་རྒྱུད་དུ་གནས་པའི་ཞིང་ཆེན་དང་ལྗོངས་དགུ་ཡི་སྲིད་གྲོས་ཀྲུའུ་ཞི་ཡིས་མཉམ་གཅིག་ཏུ་ཐེངས་འདིའི་ཚོགས་ཆེན་ལ་གྲོས་གཞི་བཏོན་ཏེ། རྨ་ཆུའི་སྐྱེ་ཁམས་ཁུལ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་འཆར་འགོད་ནང་འཇོག་དགོས་པའི་བསམ་འཆར་བཏོན།
གྲོས་གཞི་ནང་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྨ་ཆུའི་བཞུར་རྒྱུད་གྱི་ཞིང་ཆེན་བཅས་ཀྱིས་མཐོང་ཆེན་དང་ཧུར་བརྩོན་ལྷོད་མེད་བྱས་པ་བརྒྱུད། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་གྲུབ་འབྲས་མི་དམན་པ་ཐོབ་ཡོད་ནའང་། རྨ་ཆུའི་བཞུར་རྒྱུད་ཀྱི་ཆུའི་གནས་ཚུལ་རྙོག་འཛིང་ཆེ་བ་དང་། བཞུར་རྒྱུད་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་སྟབས་འཛམ་གླིང་སྟེང་བཅོས་སྐྱོང་དང་སྲུང་སྐྱོབ་བྱེད་པར་ཆེས་དཀའ་ཚེགས་ཆེ་བའི་ཆུ་བོ་ཞིག་རེད། དེར་མ་ཟད། སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་ཐད་མ་དངུལ་གཏོང་ཚད་མི་འདང་བ་དང་། རྨ་ཆུའི་མགོ་མཇུག་བར་གསུམ་གཞི་གཅིག་ཅན་དང་མ་ལག་ཅན་གྱི་མཉམ་ལས་སྒྲིག་གཞི་ཞིག་ཆགས་མེད་པས། རྒྱལ་ཁབ་རིམ་པའི་ངོས་ནས་བཞུར་རྒྱུན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་འཆར་འགོད་གཏན་འབེབ་བྱ་དགོས།
གྲོས་གཞི་ནང་ནན་གྱིས་བསྟན་དོན། རྨ་ཆུའི་སྐྱེ་ཁམས་རྒྱུད་འཛུགས་སྐྲུན་ལག་བསྟར་བྱེད་པའི་འཆར་འགོད་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དེ་རྨ་ཆུའི་བཞུར་རྒྱུད་ཀྱི་དོན་དངོས་དགོས་མཁོ་སྟེང་དངོས་འབེབས་བྱ་རྒྱུ་དེ་ཡིན། རྨ་ཆུའི་བཞུར་རྒྱུད་ས་ཁུལ་ཀྱི་སྐྱེ་ཁམས་དཔལ་འབྱོར་འཛུགས་སྐྲུན་དང་། དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག ཐོན་ལས་རྣམ་པ་རིམ་འཕར་བཅས་ལ་སྐུལ་འདེད་བྱེད་པར་ཕན་ཐོགས་ཡོད་པ་དང་། ཤར་ནུབ་དང་དབུས་ནུབ་ས་ཁུལ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་ཐུབ།
གྲོས་གཞིའི་ཕྱོགས་གསུམ་ནས་བསམ་འཆར་བཏོན་ཡོད་དེ། གཅིག་ནི་མཐོ་རིམ་ནས་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ་འཛུགས་སྐྲུན་འཆར་འགོད་གཏན་ཁེལ་བྱ་རྒྱུ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གིས་སྣེ་ཁྲིད་དེ། ཚད་གཞི་མཐོ་བའི་སྒོ་ནས་རྨ་ཆུའི་སྐྱེ་ཁམས་རྒྱུད་ཀྱི་འཛུགས་སྐྲུན་འཆར་འགོད་བཟོས་ནས། སྣེ་ཁྲིད་བསམ་བློ་དང་བྱ་བའི་རྩ་དོན། སྤྱི་ཡོངས་ཀྱི་སྒྲིག་བཀོད། འཛུགས་སྐྲུན་དམིགས་འབེན། གཅིག་གྱུར་འཆར་འགོད་ས་ཁུལ་གྱི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས་སོགས་གསལ་བོར་བྱས་ཏེ་གཅིག་གྱུར་མཐུན་སྦྱོར་གྱི་སྲུང་སྐྱོབ་དང་སྒྲིག་གཞི་སྒྲིག་ཁོངས་གསར་སྐྲུན་བྱ་རྒྱུ། གཉིས་ནི་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་གནང་སྟེ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་རྒྱུ། ལས་དོན་གྱི་དབང་ཆ་དང་ནོར་དོན་ཀྱི་དབང་ཆ་གཅིག་མཐུན་ཡིན་པའི་རྩ་དོན་ལྟར། གཙོ་བོར་ཀྲུང་དབྱང་ནོར་སྲིད་ཀྱིས་གཙོ་གནད་ཀྱི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོབ། བརླན་ས་གལ་ཆེན། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སོགས་དཔེ་མཚོན་ཅན་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་དེའི་ལས་གཞིའི་ཐད་འདེགས་སྐྱོར་བྱ་རྒྱུ། གསུམ་ནི་རྣམ་གྲངས་ཆེ་གྲས་ཀྱིས་འཐབ་ཇུས་བཏོན་ནས་གནད་སའི་འགག་སྒྲོལ་བྱེད་ཐུབ་པ་རྒྱུན་འཁྱོངས་བྱ་རྒྱུ། རྒྱལ་ཁབ་རིམ་པའི་ངོས་ནས་རྣམ་གྲངས་སྣ་གཅིག་ཅན་གྱི་འཆར་འགོད་སོ་སོའི་དམིགས་འབེན་མ་ལག་དང་ལག་བསྟར་དུས་ཚོད་རེའུ་མིག་གསལ་བོར་བྱས་ཏེ། འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པའི་སྒོ་ནས་རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས་དག་གིས་གཙོ་གནད་རྣམ་གྲངས་སྐོར་ཞིག་དངོས་འབེབས་བྱེད་པ། མཚོ་སྔོན་གྱིས་རྨ་ཆུ་ཟི་ལིང་དུ་འདྲེན་པ་དང"ཐང་གསུམ"ཆུ་འདྲེན་བཅས་སྐྱེ་ཁམས་ཆུ་བེད་ཀྱི་ལས་གཞིའི་ཐད་ཤུགས་ཆེན་པོ་བཏོན་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བཞུར་རྒྱུན་གྱི་མཉམ་ལས་མཉམ་སྤྱོད་སྒྲིག་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན།།
གཞན་ཡང་། ཟླ་3ཚེས་9ཉིན། ཨུ་ཡོན་ཅང་ཙུའོ་ཅུན་གྱིས་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཚོགས་ཆེན་ལ་གཏམ་བཤད་སྤེལ་སྐབས། མདོ་དབུས་མཐོ་སྒང་ནི“འཛམ་གླིང་གི་ཡང་རྩེ”དང་“ཨེ་ཤ་ཡའི་ཆུ་མཛོད”ཡིན་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་ཁུལ་གཙོ་བོའང་ཡིན་པ་རེད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཏེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་གཅོག་དགོས་ཟེར།
ཅང་ཙུའོ་ཅུན་གྱིས། མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་གྱི་འཕེལ་རིམ་བདེ་བླག་ཡིན་པ་དང་། རྨང་གཞིའི་ཚན་རིག་ཞིབ་འཇུག་དང་། ཁོར་ཡུག་སྲུང་སྐྱོབ་ལས་གཞི། ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཀྱི་སློབ་གསོ་བཅས་ཀྱི་ཐད་གོང་འཕེལ་ངེས་ཅན་བྱུང་ནས་ཁོར་ཡུག་གི་སྤུས་ཚད་རིམ་བཞིན་ལེགས་བཅོས་འགྲོ་བཞིན་ཡོད་པ་གསལ་བོར་མངོན་ཡོད། ཡིན་ན་ཡང་མདོ་དབུས་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་དོན་དངོས་དང་དེའི་ཤུགས་རྐྱེན་གྱི་ནུས་པར་ཞིབ་འཇུག་བྱེད་ཚད་མི་འདང་བ་དང་། གནོད་འཚེའི་ཉེན་ཁར་ཚོད་དཔག་གི་ཚན་རིག་གི་སྔོན་དཔག་བྱེད་ཚད་མི་འདང་བ་སོགས་ཀྱི་གནད་དོན་གནས་ཡོད་ཅེས་བཤད།
ཅང་ཙུའོ་ཅུན་གྱིས། སྐྱེ་ཁམས་བདེ་འཇགས་ཀྱི་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་བྱས་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་གཅོག་དགོས་པ་དང་། ཕྱོགས་བསྡུས་ལྟ་ཞིབ་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་དགོས་པ། གནོད་འཚེའི་ཉེན་ཁར་ཚོད་སྐོར་དང་སྔོན་དཔག་བྱ་རྒྱུར་ཤུགས་སྣོན་བྱས་ནས། གནོད་འཚེ་འགོག་ཟོན་གྱི་ནུས་པ་ཇེ་མཐོར་གཏོང་དགོས་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་མ་ལག་བཅོས་སྐྱོང་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བསམ་འཆར་བཏོན་པ་རེད།
ཨུ་ཡོན་ཧན་ཝུན་ལིན་གྱིས་རྨ་ཆུ་འགྲམ་གཉིས་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་རྒྱལ་ཁོངས་ལྗང་སྒྱུར་བྱ་བའི་ཤུགས་ཚད་ཆེ་རུ་གཏོང་དགོས་པའི་གྲོས་གཞི་བཏོན།
ཧན་ཝུན་ལིན་གྱིས་བཤད་རྒྱུར། ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ནི་མཚོ་ཤར་གྲོང་ཁྱེར་གྱི་ཤར་ནུབ་ཕྱོགས་སུ་གནས་ཤིང་། རྫོང་ཡོངས་སུ་རྨ་ཆུ་བཞུར་རྒྱུན་སྤྱི་ལེ90ལྷག་ཡོད་པས། ལྗང་མདོག་གི་སྐྱེ་ཁམས་ཁོར་ཡུག་བསྐྲུན་རྒྱུ་ནི་ཧ་ཅང་གལ་ཆེ་ཟེར། ཉེ་བའི་ལོ་ཤས་ཀྱི་ཚུན་དུ། ཞུང་ཧྭ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ནན་ནན་ཏིག་ཏིག་བཞི་ ”ཡི་བླང་བྱ་གལ་ཆེན་ལྟར། གཏིང་ཟབ་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། ཤུགས་ཆེན་པོས་རྨ་ཆུ་འགྲམ་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བཟོ་བཀོད་ལ་སྐུལ་འདེད་བྱེད་པ། “ལྗང་མདོག་གི་འགག་སེལ་དང་། ལྗང་མདོག་གི་རོང་ས། ལྗང་མདོག་གི་གྲོང་ཁུལ”འཛུགས་སྐྲུན་ཐད་ཕན་འབྲས་མི་དམན་པ་ཐོབ་ཡོད། སྤྱིར་བཤད་ན་ང་ཚོས་སྐྱེ་ཁམས་བཅོས་སྐྱོང་དང་རྒྱལ་ཁོངས་ལྗང་སྒྱུར་བྱ་བའི་ཐད་གྲུབ་འབྲས་མི་དམན་པ་བླངས་ཡོད་ནའང་། ཕྱོགས་ཡོངས་ནས་བལྟས་ན། རྨ་ཆུ་འགྲམ་གཉིས་ནི་སྔར་བཞིན་ནགས་ཚལ་དབེན་ཞིང་ལྗང་མདོག་གི་རྩི་ཤིང་ཉུང་བ་དང་། སྐྱེ་ཁམས་ཉམས་ཞན་ཡིན་པའི་ས་ཁུལ་རེད།
ཧན་ཝུན་ལིན་གྱིས་བཤད་རྒྱུར། རྨ་ཆུ་འགྲམ་གཉིས་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་རྒྱལ་ཁོངས་ལྗང་བསྒྱུར་བྱེད་རྒྱུ་ནི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི“རྒྱལ་ཁོངས་ལྗང་སྒྱུར་མཐོར་འདེགས་སུ་གཏོང་བའི་ལོ་གསུམ་འགུལ་སྐྱོད”འཆར་གཞིའི་ནང་ཚུད་ཡོད་ལ། རྨ་ཆུ་འགྲམ་གཉིས་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་གཞི་རྒྱ་ཅན་གྱི་ལྗང་སྒྱུར་བཟོ་བཀོད་ལག་ལེན་དོན་འཁྱོལ་བྱས་ཏེ་རྨ་ཆུ་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱ་དགོས། མུ་མཐུད་དུ་ནགས་སྐྲུན་ལྗང་སྒྱུར་གྱི་བཟོ་བཀོད་མ་དངུལ་གཏོང་ཚད་ཆེ་རུ་གཏོང་རྒྱུ་དང་། ནགས་ཚལ་དང་སིལ་ཏོག་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཟུང་དུ་འབྲེལ་བ། སིལ་ཏོག་སྤུས་ལེགས་ཅན་གྱི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། ཁྱད་ཐོན་སྤུས་ལེགས་ཀྱི་ཐོན་ལས་ཚོགས་དང་ཐོན་ལས་རྒྱུད་ཞིག་ཏུ་གཏོང་དགོས། རྨ་ཆུ་འགྲམ་གཉིས་ཀྱི་བཞུར་རྒྱུན་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་དང་། ལྷག་པར་དུ་རྨ་ཆུའི་འགྲམ་རྒྱུད་བཅོས་སྐྱོང་དང་། ས་ཆུ་སྲུང་སྐྱོབ། སྐྱེ་ཁམས་ཉམས་གསོ་དང་བཅོས་སྐྱོང་བཅས་ཕྱོགས་སོ་སོར་རྣམ་གྲངས་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྨ་ཆུ་འགྲམ་གཉིས་དང་ས་ཁུལ་གྱི་དཔལ་འབྱོར་མཐུན་སྦྱོར་ངང་གོང་སྤེལ་དུ་གཏོང་བར་སྐུལ་འདེད་བཅས་བྱས་ནས་དྭངས་གཙང་གི་ཆུ་མོ་ཤར་ཕྱོགས་སུ་བཞུར་ཐུབ་པར་ཁག་ཐེག་བྱ་དགོས་ཟེར།
ཨུ་ཡོན་རིན་ཆེན་རྒྱལ་གྱིས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བའི་ཇུས་འགོད་ལག་བསྟར་བྱེད་དགོས་པའི་གྲོས་གཞི་བཏོན།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་པ་དང་བསྟུན་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་མཉམ་གནས་བྱེད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་མ་ལག་གཅིག་བསྡུས་བཅོས་སྐྱོང་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་རྒྱུ་དེ་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བའི་བླང་བྱ་གསར་བ་རུ་གྱུར་ཡོད། དེར་དམིགས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་སྲིད་གྲོས་ཨུ་ཡོན་རིན་ཆེན་རྒྱལ་གྱིས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོད་ལག་བསྟར་བྱེད་དགོས་པའི་གྲོས་གཞི་བཏོན།
གྲོས་གཞི་ཁྲོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གནད་དོན་ལ་མཐོང་ཆེན་གནང་བཞིན་ཡོད་དེ། 2012ལོའི་ཟླ12པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས《མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང(2012-2020ལོ)》འགྲེམ་སྤེལ་བྱས། འཆར་འགོད་དེ་ལག་བསྟར་བྱས་པའི་ལོ5ཡི་རིང་ལ། རྣམ་གྲངས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཙོག་སྒྱུར་གྱི་འཕེལ་ཕྱོགས་ཐོག་མར་བཀག་སྡོམ་བྱེད་ཐུབ་པ་བྱུང་ལ། སྐྱེ་ཁམས་བྱེད་ནུས་རིམ་བཞིན་སླར་གསོ་བྱུང་སྟེ། མདོ་ལ་རི་བོའི་འཁྱགས་རོམ་དང་ཆུ་མགོའི་སྐྱེ་ཁམས་གསོ་འཁྱོངས་བཅས་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་ཀྱི་ཕན་ནུས་ཐོན། འོན་ཀྱང་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བའི་འཕེལ་ཕྱོགས་ལ་བཀག་འགོག་རགས་ཙམ་བྱས་པ་ལས། གཞི་རྩའི་ཐོག་ལེགས་བསྒྱུར་བྱུང་མེད་པས། སྐྱེ་ཁམས་སྲུང་སྐྱོབ་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བར་མདོ་ལ་རི་བོ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྒྱུན་མཐུད་ངང་ལག་བསྟར་བྱེད་དགོས་པའི་གྲོས་གཞི་བཏོན།
སྐྱེ་ཁམས་མ་ལག་སླར་གསོ་དང་ཉམས་གསོ་བྱ་རྒྱུ་ནི་ཡུན་རིང་བའི་གོ་རིམ་ཞིག་ཡིན་པའི་རྐྱེན་གྱིས། མི་རབས་ནས་མི་རབས་བར་བརྒྱུད་དེ། འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་ཚད་མེད་ཀྱིས་རྒྱུད་འཛིན་དང་སྲུང་སྐྱོབ་བྱས་ན་ད་གཟོད་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཐུབ་པ་དང་། བུ་རབས་ཚ་རྒྱུད་རྣམས་ལའང་དྭངས་གཙང་གི་ཁོར་ཡུག་ཅིག་བསྐྲུན་ཐུབ། དེ་བས། རིན་ཆེན་རྒྱལ་གྱིས་གྲོས་གཞི་བཏོན་པ་ལྟར་ན། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱིས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་དུས་སྐབས་གཉིས་པའི་འཆར་འགོད་འཛུགས་སྐྲུན་བྱེད་པར་དུས་རིམ་སྔ་མའི་ཞིབ་འཇུག་དང་འཆར་འགོད་ལ་མཛུབ་སྟོན་གནང་བ་དང་། སྔོན་ཆད་ལྟར་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ། སྔར་ལས་ལྷག་པར་མདོ་ལ་རི་བོ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཆུ་ཚད་ཇེ་མཐོར་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བ་འབྲེལ་མཐུད་ཡོང་བ་མངོན་འགྱུར་བྱེད་དགོས་ཟེར།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།