ལྗང་མདོག་ནི་མཚོ་སྔོན་གྱི་ཆེས་མཛེས་པའི་ཁ་དོག་ཡིན།
2019.03.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

 མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན། ལོ་གསུམ་གྱི་སྔོན་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་འཐབ་ཇུས་ཀྱི་མཐོ་ཚད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་འཆར་འགོད་ཆེན་པོ་བཟོས་པ་དང་མངག་བཅོལ་གང་ལེགས་གནང་།

ལོ་གསུམ་གྱི་རྗེས་སུ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་མགོ་ཐོག་མར་བརྩམས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་གཏིང་ཟབ་ཏུ་སྤེལ་བ་དང་། མདོ་ལ་རི་བོ་དང་མཚོ་སྔོན་པོ་སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཟོ་སྐྲུན་ཆེན་པོ་གཏིང་ཟབ་ཏུ་ལག་བསྟར་བྱས་ཤིང་། རི་དྭགས་གསའ་དང་གཙོད་སོགས་ཀྱི་ཁྱུ་ཚོགས་ཀྱང་མུ་མཐུད་དུ་འཕར་སྣོན་བྱུང་བ་དང་། ཨ་ཆེན་གངས་རྒྱབ་ཀྱིས་ཀྲུང་གོའི་ཆེས་ཆེ་ཞིང་གོ་ལ་ཧྲིལ་བོའི་མཚོ་ངོས་ལས་ཆེས་མཐོ་བའི་འཛམ་གླིང་ཤུལ་བཞག་གི་ཟིན་ཐོ་གསར་བ་བསྐྲུན། ཟི་ལིང་གི་ལྷོ་རི་དང་བྱང་རིར་ལྗང་མདོག་གི་གསོན་ཤུགས་རྒྱས་པ་དང་། ཙོང་ཆུ་བཅོས་སྐྱོང་བྱེད་པར་ཐོག་མའི་ཕན་འབྲས་མངོན་པ་རེད།

སྔོ་བསངས་གི་མཁའ་དབྱིངས་དང་ལྗང་མདོག་གི་ས་གཞི། དྭངས་གཙང་གི་ཆུ་མོ། མཛེས་སྡུག་གི་ཡུལ་ལྗོངས་སོགས་ནི་མཚོ་སྔོན་གྱིས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ངོས་འཛིན་གཏིང་ཟབ་མོ་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ལག་ལེན་བྱས་པའི་མཚོན་བྱེད་ཅིག་ཡིན་ཞིང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་དང་ཡོངས་སུ་མཐུན་པ་རེད།

“ལོ་བཅོ་ལྔའི་ཡར་སྔོན་དུ་ང་ཚོས་རྒྱལ་ཁབ་ཀྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་དང་དུ་བླངས་ཏེ། སྡེ་བ་ཡོངས་མཚོ་ངོས་ལས་མཐོ་ཚད་མུས་བཞི་སྟོང་བདུན་བརྒྱ་ཡོད་པའི་གདང་ལ་གྲོང་རྡལ་ནས་ད་ལྟའི་ན་གོར་མོ་གྲོང་ཁྱེར་འབྲི་ཆུ་མགོ་ཁུངས་སྡེ་བར་གནས་སྤར་བ་ཡིན།”  ལོ་ན་དྲུག་ཅུར་སོན་པའི་ཏང་ཡོན་རྒན་པ་ཀུན་དགའ་རྣམ་རྒྱལ་གྱིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། “ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ང་ཚོའི་སྡེ་བར་ཕེབས་སྐབས། ངས་རང་གི་མིག་འབྲས་སྲུང་སྐྱོབ་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་སྙན་ཞུ་ཕུལ་བ་ཡིན།” སྤྱི་ཁྱབ་ཧྲུའུ་ཅིས་དོན་དེར་གསན་རྗེས་སུ་ཐུགས་སྤྲོ་བའི་ངང་ཁྱོད་ཀྱིས་བཤད་པ་ཤིན་ཏུ་བཟང་ཞེས་ང་ལ་བསྟོད་བསྔགས་གནང་བྱུང་།

མདོ་དབུས་མཐོ་སྒང་གི་དབུས་དཀྱིལ་དུ་གནས་པའི་མཚོ་སྔོན་གྱིས་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཀྱི་ཁྱོན་ཡོངས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་རང་བཞིན་དེ་བས་ཀྱང་གལ་ཆེ་བ་རེད། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱས་ཏེ། དྭངས་གཙང་གི་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་རྒྱུ་ནི་དུས་ནམ་ཡང་མཚོ་སྔོན་གྱི་འགན་འཁྲི་གཙོ་བོ་དང་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་པ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོབ་བྱེད་པ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བ་ཡིན་པས།  ག་དུས་དང་གནས་ཚུལ་ག་འདྲའི་འོག་ཏུ་སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་ལེགས་པོར་བསྐྱོད་དགོས་པའི་ཚོར་བ་ཟབ་མོ་སྐྱེས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག་ཏུ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་དངོས་འབེབས་བྱས་ཏེ། ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་འཚོལ་ཞིབ་དང་ལག་ལེན་ཐད་གྲུབ་འབྲས་ཆེན་པོ་བླངས་ཤིང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བར་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས།

གསར་རྐྱང་གི་འཕེལ་རྒྱས་འདུ་ཤེས་དང་བཅོས་སྒྱུར་བྱེད་ཐབས། ཁྲིམས་སྐྱོང་བྱེད་ཐབས་བཅས་ལ་བརྟེན་ནས་གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་རྒྱུ་དེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ནང་དོན་གཙོ་བོར་གྱུར་ཡོད་ལ། མཚོ་སྔོན་གྱི་མ་འོངས་བའི་འཐབ་ཇུས་ཀྱི་གདམ་ཀའང་ཡིན་པ་རེད།

འདས་པའི་ལོ་ངོ་གཅིག་ནི་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་འཕེལ་རྒྱས་ལ་དོན་སྙིང་ཆེན་པོ་ཡོད་པའི་ལོ་ཞིག་ཡིན་པ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་མཛུབ་ཁྲིད་འོག་ཏུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་གཏན་ལ་ཕབ་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་བསྡུས་ཏེ།   འབག་བཙོག་འགོག་བཅོས་ཀྱི་མཚོན་རྟགས་རང་བཞིན་གྱི་མཁྲེགས་གཏོར་འཐབ་འཛིང་ཐེངས་བརྒྱད་སྤེལ་བ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གནད་དོན་ལེགས་སྒྲིག་དག་ཐེར་ཏན་ཏིག་གིས་སྤེལ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་གཞི་གསར་བ་སྒྲིག་འཛུགས་འཁོར་སྐྱོད་བྱས་པ། སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཐད་གྲུབ་འབྲས་གསར་བ་བླངས།

ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་རྒྱུ་ནི། མཚོ་སྔོན་གྱི་འདོར་དུ་མེད་པའི་འགན་འཁྲི་ཆེན་པོ་ཡིན་པས། དེ་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་འོག་ཏུ། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བ་གསར་གཏོད་བྱས།

འབྲི་ཆུ་མགོ་ཁུངས་ཀྱི་རྫོང་དང་པོ་ཡིན་པའི་འབྲི་སྟོད་རྫོང་གི་ཟོ་སྐྱ་ཞང་རྐྱང་ཆུ་སྡེ་བའི་འབྲོག་པ་བཀྲ་ཤིས་དོན་གྲུབ་ནི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན། ཁོ་ལ་མཚོན་ནས་བཤད་ན། འདི་ནི་ཐོབ་ཐང་གསར་བ་ཞིག་ཡིན་ཞིང་། རྩྭ་ཐང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་དེ་རང་ཉིད་ཀྱི་བླ་མེད་ཀྱི་འགན་འཁྲི་དང་འོས་འགན་ཞིག་ཏུ་བརྩིས་ཡོད།

བཀྲ་ཤིས་དོན་གྲུབ་དང་འདྲ་བའི་མི་མང་པོ་ཞིག་གིས་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མའི་ཐུན་མོང་གི་འགན་འཁྲི་གཅིག་ཏུ་བསྡུས་ཡོད། འགན་འཁྲི་དེའི་ཆེད་དུ་མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ལྗང་མདོག་འཕེལ་རྒྱས་ཁག་ཐེག་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟར་གཅིག་གྱུར་སྐུལ་འདེད་བྱས་ཤིང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་གཏན་ལ་ཕབ།  རིམ་པ་ལྔའི་ཆུ་དཔོན་དང་མཚོ་དཔོན་མ་ལག་ཁྱོན་ཡོངས་ནས་བཙུགས་པ་དང་། སྐྱེ་ཁམས་ཀྱི་དམར་ཐིག་གཏན་འཁེལ་ཇུས་གཞིར་རྒྱལ་ཁབ་ལག་རྩལ་གྱིས་དཔྱད་ཞིབ་བྱས་པ།  རྫོང་རིམ་པའི་ས་ཞིང་བེད་སྤྱོད་འཆར་འགོད་ལེགས་སྒྲིག་བྱ་བ་ཁྱོན་ཀུན་ནས་ཡོངས་འགྲུབ་བྱས་པ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཏེར་ལས་དབང་ཆ་ཚང་མ་མེད་པར་བཟོས།

འགན་འཁྲི་དེའི་ཆེད་དུ་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཀྱི་བཟོ་སྐྲུན་གཙོ་བོ་དག་ལ་ནན་ནན་ཏིག་ཏིག་གིས་སྐུལ་སྤེལ་བྱས་པ་དང་།  མཚོ་སྔོན་པོའི་འདབ་ཆགས་གླིང་ཕྲན་དང་བྱེ་གླིང་། གཉན་པོ་གཡུ་རྩེ་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་ལས་གཉེར་བྱེད་མཚམས་བཞག་པ། ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་ཁུལ་དུ“ཁྲིམས་འགལ་ངང་འགྲོ་རྒྱུ་བཀག་སྡོམ”བྱས་པ། མཚོ་སྔོན་པོའི་ཉ་རིགས་ཐོན་ཁུངས་འཕར་སྣོན་བྱུང་བ། རི་དྭགས་གཙོད་སོགས་ཀྱི་གྲངས་ཀ་ཆ་སྙོམས་ཀྱིས་ལྡབ་གཉིས་ཡན་འཕར་སྣོན་བྱུང་། རི་དྭགས་རྐྱང་དང་གསའ། ཤ་སྐྱ་སོགས་ཀྱི་གྲངས་ཀའང་སླར་གསོ་དང་འཕར་སྣོན་འབྱུང་བཞིན་ཡོད།

འགན་འཁྲི་དེའི་ཆེད་དུ་མཚོ་སྔོན་ཞིང་ཆེན་གྱིས་ནགས་སྐྲུན་སྤྱི་ཆིང་འབུམ་གཉིས་ཁྲི་བདུན་བྱས་པ་དང་། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་བདུན་ལྷག་ཏུ་བསླེབས།  ཆུ་དང་། བརླན་ས། ནགས་ཚལ་དང་སྤང་བཅས་ཡོད་པའི་སྔོ་ལྗང་བར་སྟོང་གིས་བསྡུར་གྲངས་ཟིན་ཚད70%ལྷག་ཙམ་ཟིན་ཡོད་པ་རེད།  རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་གྱི་འཆར་འགོད་ལ་ཆོག་མཆན་ཐོབ།

འགན་འཁྲི་དེའི་ཆེད་དུ་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱིས་གཞི་ཁྱོན་ཆེན་པོའི་རྒྱལ་ཁོངས་ལྗང་བསྒྱུར་ལ་སྐུལ་སྤེལ་བྱེད་པའི་ཡུལ་དངོས་ཚོགས་འདུའི་སྒྲུབ་འགན་དང་ལེན་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་པ་གཙོ་བོ་ཞུགས་པའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་བསྡུས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་མངག་བཅོལ་སེམས་ལ་དམ་པོར་བཅངས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་རྦད་ཆོད་སྒོས་དང་དུ་ལེན་པ། འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་མཐའ་གཅིག་ཏུ་སྤེལ་ནས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་བར་བྱས་རྗེས་གསར་བ་འཇོག་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག་དང་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཏུ། མཐའ་ཡས་པའི་མཐོ་སྒང་འདིར་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་། རིགས་སོ་སོའི་མང་ཚོགས་ཀྱི་ལྗང་མདོག་གི་ཐོབ་ཚོར་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད།

“ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་ལེགས་བསྒྱུར་བྱས་པ་ལས། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱུང་བར་མ་ཟད། ས་ཞིང་གི་ཐོན་སྐྱེད་ཕན་འབྲས་ཀྱང་མཐོར་འདེགས་བྱུང་།  2018ལོར་མཉམ་ལས་ཁང་གི་འབྲོག་པ་ཁྱིམ་ཚང་བཞི་བཅུར་ཁེ་སྤོགས་མང་པོ་ཐོབ་པར་མ་ཟད་ད་དུང་ལུ་གུ་དང་བེའུ་སོགས་ཕྱུགས་རིགས་ཆུང་བའང་བྱིན་པ་ཡིན”ཞེས་ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ། ཞིན་ཧེ་རྫོང་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་པ་ཡིས་གསར་འགོད་པར་དེ་ལྟར་བཤད་བྱུང་།

ཉེ་བའི་ལོ་འདི་འགའི་ལག་ལེན་ལས་ང་ཚོས་གསལ་བོར་མཐོང་བ་ནི། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཁྲོད་ནས་ཐོབ་པ་ནི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་བ་དང་ཐོབ་སྣང་ཙམ་ཇེ་མཐོར་སོང་བ་ཁོ་ན་མིན་པར། དོན་དངོས་ཀྱི་ཕན་ནུས་ཀྱང་བསྐྲུན་ཡོད་པ་དེ་ཡིན་ཞིང་། སྔོ་ལྗང་གི་རི་ཆུ་ནི་རང་བྱུང་གི་འབྱོར་བ་དང་སྐྱེ་ཁམས་ཀྱི་འབྱོར་བ་ཡིན་ལ། སྤྱི་ཚོགས་ཀྱི་འབྱོར་བ་དང་དཔལ་འབྱོར་གྱི་འབྱོར་བའང་ཡིན་པ་རེད།

དེར་བརྟེན། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་རིག་གནས་ཡུལ་སྐོར་ལས་རིགས། ནུས་ཁུངས་གསར་བ་བཅས་གཙོ་བོ་ཡིན་པའི་ལྗང་མདོག་ཐོན་ལས་ཡི་སྒྲོམ་གཞི་གཏན་ལ་ཕབ་པ་དང་། མདོ་དབུས་མཐོ་སྒང་གི་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འབྱུང་བའི་འདེགས་སྐྱོར་བཟང་བོ་བསྐྲུན། ལྔ་བཞི་འཐབ་ཇུས་ཀྱི་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་གྱིས་ཁྱད་སྟོབས་ཐོན་ཁུངས་འདོན་སྤེལ་བྱས་ནས་ཁྱད་སྟོབས་ཐོན་ལས་གསར་སྤེལ་བྱས་པ་དང་། རང་རྟོགས་སྒོས་ལྗང་མདོག་འཕེལ་རྒྱས་དང་འཁོར་སྐྱོད་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་ལ་སྐུལ་འདེད་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་བློས་བཏང་ཏེ་གནས་སྐབས་ཙམ་གྱི་དཔལ་འབྱོར་འཕར་ཚད་ཁོ་ནར་སྙེགས་མི་སྲིད།

2018ལོའི་ལོ་མཇུག་གི་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གསར་བའི་སྒྲིག་ཆས་སྒྲིག་སྦྱོར་གྱི་ཚད་སྟོང་ཝ་བྱེ་བ་གཅིག་ས་ཡ་གཉིས་ལས་བརྒལ་ཏེ། 2018ལོར་ནུས་ཁུངས་གཙང་མའི་གློག་འདོན་ཚད་བརྒྱ་ཆའི་ལྔ་བཅུ་ལྷག་འཕར་སྣོན་བྱུང་།

སྐྱེ་ཁམས་ཀྱི་ཁྱད་སྟོབས་དང་སྔོ་ལྗང་རི་ཆུའི་ཐོན་ཁུངས་གི་ལེགས་ཆར་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་སྐྱེ་ཁམས་གནས་སྐོར་ལས་རིགས་གོང་དུ་སྤེལ་བ་དང་། སྐྱེ་ཁམས་གནས་སྐོར་ལས་རིགས་དེ་ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལས་རིགས་གཙོ་བོར་གྱུར། ས་ཁུལ་མི་ཉུང་བ་ཞིག་གིས་ད་དུང་གནས་སྐོར་དབུལ་སྐྱོར་ཐོན་ལས་ཀྱི་ཐབས་ལམ་བཏོད་དེ། མི་དམངས་མང་ཚོགས་སྐྱེ་ཁམས་ལ་བརྟེན་ནས་ཕྱུགས་བསྒྱུར་གྱི་ལམ་དུ་བསྐྱོད་མགོ་བརྩམས།

མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་དུ་སྤྱི་ཕན་ནགས་ཚལ་དང་རང་བྱུང་ནགས་ཚལ། བརླན་ས་ལྟ་སྲུང་པའི་སྤྱི་ཕན་ལས་རྐང་བཙུགས་ཏེ། མི་ཁྲི་བརྒྱད་སྟོང་བརྒྱད་ལ་ལས་རྐང་བཀོད་སྒྲིག་བྱས་པ་དང་། སྐྱེ་ཁམས་ལྟ་སྲུང་དང་རྨོ་སྐྱུར་ནགས་སྐྲུན་གྱི་ཁ་གསབ་བརྒྱུད་ནས། ཐད་ཀར་རོང་འབྲོག་མང་ཚོགས་ལ་མ་དངུལ་སྒོར་དུང་ཕྱུར་ཞེ་དགུ་དང་བྱེ་བ་གསུམ་དངོས་འབེབས་བྱས། 2015ལོའི་ཚུན་ལ། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་ཁྲོད་སྐྱེ་ཁམས་སྤྱི་ཕན་ལྟ་སྲུང་ལས་རྐང་ཁྲི་གཅིག་སྟོང་གཉིས་སུམ་བརྒྱ་གྱ་གཅིག་བཀོད་སྒྲིག་བྱས་ཏེ། དབུལ་ཕོངས་མི་གྲངས་ཁྲི་གསུམ་ལྷག་གིས་ལོ་དེར་དབུལ་ཕོངས་ལས་ཐར་བར་སྐུལ་ཁྲིད་བྱས།

སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་ཚད་དང་སྤུས་ཚད་མཐོ་བའི་འཚོ་བའི་འདེགས་སྐྱོར། མཚོ་སྔོན་གྱི་སྙིང་སྟོབས་མཚོན་པའི་ཤུགས་འདོན་ས་བཅས་སུ་འགྱུར་བར་བྱེད་པ་དང་། མཚོ་སྔོན་གྱི་མཁའ་དབྱིངས་སྔར་ལས་སྔོ་ཞིང་བསངས་བ་དང་། རི་ཆུ་སྔར་ལས་སྔོ་ཞིང་ལྗང་བ། ཁོར་ཡུག་སྔར་ལས་གཙང་ཞིང་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གྱི་དགོངས་པའི་མཛུབ་སྟོན་འོག་ཏུ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་དཔེ་རིས་སུ་འགོད་བཞིན་ཡོད།

ལོ་ཙཱ་བ། སྒྲོལ་མ་སྐྱིད།