མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་འོད་ཟེར་ཞང་གི་གནས་མདོ་སྡེ་བ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུ་གླིང་ཁུལ་གྱི་ལྟེ་བར་ཆགས་ཡོད་ལ། ཕྱུགས་ལས་གཙོ་བོ་གཉེར་བཞིན་པའི་སྡེ་བ་ཞིག་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་སྐབས་སུ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་གཞི་རིམ་ལས་བྱེད་པ་དང་། སྐྱེ་ཁམས་ལྟ་སྲུང་པ་དང་བརྙན་ལམ་ཁ་བརྡ་བརྒྱུད་དེ“སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྐྱེ་ཁམས་བྱ་དགའི་ཁ་གསབ་སྟེར་བ་དང་སྐྱེ་ཁམས་ལྟ་སྲུང་པའི་མི་སྣ་བཀོད་སྒྲིག རི་དྭགས་གསའ་སོགས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་མཛད་པར་མ་ཟད། གཙང་གསུམ་འབྱུང་ཡུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ནད་མེད་ཚེ་རིང་དང་འཚོ་བར་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས།” བཀྲ་ཤིས་དོན་འགྲུབ་ཀྱིས་དུས་ད་ལྟའང་སྐབས་དེར་སྦྱི་ཁྱབ་ཧྲུའུ་ཅི་དང་བརྙན་ལམ་ཁ་བརྡ་བྱེད་པའི་རྣམ་པ་གསལ་བོར་དྲན་ཀྱིན་འདུག་ལ། སེམས་སུ་སྔར་བཞིན་སྤྲོ་སྣང་དང་བཀའ་དྲིན་གྱིས་ཁེངས་འདུག
གནའ་ནས་ད་བར། གནས་མདོ་སྡེ་བའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ཁྱད་སྟོབས་དང་རང་བྱུང་ཐོན་ཁུངས་ཀྱིས་མི་མང་པོ་ལ་ཡིད་སྨོན་འཆོར་དུ་བཅུག སྔོན་ཆད་ས་ཁུལ་མཐའ་འཁོབ་ཡིན་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ། ཆ་འཕྲིན་བརྡ་མི་འཕྲོད་པ་མ་ཟད་ཐོན་སྐྱེད་བྱེད་སྟངས་སྣ་རྐྱང་ཡིན་པ་སོགས་ཀྱི་རྐྱེན་གྱིས་གནས་མདོ་སྡེ་བའི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཡོངས་ཁྱབ་ཏུ་ཞན་ལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེས་དབུལ་བའི་སྡེ་བ་དེ་ཡིན།
ས་འདིའི་མང་ཚོགས་ཀྱིས་སྔར་ནས་རང་བྱུང་ཁམས་ལ་གུས་བཀུར་དང་རང་བྱུང་ཁམས་ལ་དད་མོས། རང་བྱུང་ཁམས་ལ་བརྩི་མཐོང་བྱེད་པ་སོགས་ཀྱི་གདོད་མའི་རང་བྱུང་གི་ལྟ་བ་སྟེ"སྐྱེ་ཁམས་ལ་སྲུང་སྐྱོབ་དང་། སྲོག་ཆགས་ལ་གཅེས་སྐྱོང”བྱེད་པའི་འདུ་ཤེས་དེ་མེས་པོ་དག་གི་རིང་ནས་བརྒྱུད་ཡོང་བ་ཞིག་རེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་བཙུགས་པ་ནས་བཟུང་། གནས་མདོ་སྡེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་དང་བརྩོན་སེམས་སྔར་ལས་ཇེ་ཆེར་སོང་ལ། ཁོར་ཡུག་བཅོས་སྐྱོང་དང་སྲོག་ཆགས་སྲུང་སྐྱོབ། རི་བོར་བསྐོར་སྲུང་བྱེད་པ་སོགས་རིམ་གྱིས་མང་ཚོགས་ཀྱི་རང་འགུལ་སྒྲིག་འཛུགས་དང་རང་མོས་ཚབ་ཞུགས་ཀྱི་དམངས་ཁྲོད་བྱ་འགུལ་དུ་གྱུར་ཡོད།
ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱིས་ཞིང་སྡེ་འཛུགས་སྐྲུན་ལ་མ་དངུལ་འབོར་ཆེན་བཏང་སྟེ“མཛེས་སྡུག་གི་ཞིང་སྡེ”འཛུགས་སྐྲུན་གྱི་ལས་གཞི་བསྟུད་མར་ལག་བསྟར་བྱས་ཤིང་། གནས་མདོ་སྡེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་བསྐྲུན་ཇེ་ལེགས་ཇེ་རྒྱས་དང་། གནས་མདོ་སྡེ་བ་དེ་འོད་གསར་ཞང་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་རང་བཞིན་གྱི་ལས་རྐང་ཚོད་ལྟའི་སྡེ་བའི་ཁོངས་སུ་བཞག་ལ། སྡེ་བའི་ཁྱིམ་ཚང་དབུལ་བོ་དག་ཀྱང་སྐྱེ་ཁམས་ལྟ་སྲུང་པའི་དཔུང་སྡེའི་གྲས་སུ་བཞག་པས། ཡོང་སྒོ་འཕར་སྣོན་བྱུང་བ་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་ལའང་སྲུང་སྐྱོབ་བྱས།
“སྐྱེ་ཁམས་ལྟ་སྲུང་གི་གླ་ཕོགས་ལས་གཞན། ཁྱིམ་དུ་ད་དུང་རྩྭ་སའི་ཁ་གསབ་བྱ་དགའ་དང་། ཕྱུགས་བཀག་རྩྭ་སའི་ཁ་གསབ། རང་བྱུང་ནགས་ཚལ་སྲུང་སྐྱོབ་རྣམ་གྲངས་སོགས་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཀྱང་ཡོད།” འབྲོག་པ་གཡུང་ཐར་ནི་སྡེ་བའི་སྐྱེ་ཁམས་ལྟ ་སྲུང་པ་དང་། ལྟ་ཞིབ་ཚད་ལེན་པ་ཞིག་ཡིན་པས། སྐྱེ་ཁམས་ལྟ་སྲུང་བྱ་བར་ཡིད་ཆེས་དང་སྤྲོ་སྣང་གིས་ཁེངས་ཡོད།
རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ས་ཚིགས་འཛུགས་སྐྲུན་བྱས་པའི་ཚུན་ལ། གནས་མདོ་སྡེ་བས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཙོར་འཛིན་པ་དང་། “རྒྱལ་ནང་དུ་མིང་གྲགས་ཆེ་བའི་སྐྱེ་ཁམས་ཡུལ་སྐོར་ཉམས་ཞིབ་ལྟེ་གནས”འཛུགས་སྐྲུན་བྱེད་པར་དམིགས་ཏེ། མུ་མཐུད་དུ་དབུལ་སྐྱོར་ཐབས་ལམ་རྒྱ་བསྐྱེད་པ་དང་། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་།
གནས་མདོ་སྡེ་བས་ཞང་ཏང་ཨུ་དང་སྲིད་གཞུང་ལ་རོགས་སྐྱོར་བྱས་ནས“ཀྲུང་ཧྭའི་ཆུ་མཛོད་རྒྱལ་སྤྱིའི་རྐང་ཐང་འགྲན་སྡུར་ཆེན་མོའི་རྫ་སྟོད་འགྲན་ཁུལ” དང་ “རྫ་ཆུ་དང་མེ་ཀུང་གཙང་པོ་དུས་སུ་བཅད་པའི་གསར་བཏོད་ཇུས་འགོད་འགྲན་སྡུར་ཆེན་མོ།” "རྫ་ཆུའི་འབྱུང་ཡུལ་འོང་ཟེར་ཞང་གྲོག་རོང་ཆེན་མོ་རྒྱལ་སྤྱིའི་ཆུར་བསྐྱོད།" “རྒྱ་སྤྱིའི་རང་བྱུང་ལྟ་ཞིབ་དུས་ཆེན”སོགས་ཀྱི་བྱ་འགུལ་སྤེལ་ཏེ། ལྗང་མདོག་གི་ལྟ་བ་བརྒྱུད་སྒྲོག་བྱེད་པ་དང་ལྷན་དུ་ཡུལ་སྐོར་དཔལ་འབྱོར་ཡང་འཕེལ་རྒྱས་སུ་བཏང་།
སྡེ་བས་ཡུལ་སྐོར་ཡོང་སྒོ་དེ་སྡེ་དམངས་དང་ལྷག་ཏུ་གནད་ཕིགས་དབུལ་སྐྱོར་བྱ་ཡུལ་གྱིས་རྒན་གསོའི་མ་དངུལ་སྤྲོད་པར་བཀོལ་ཏེ། མང་ཚོགས་ལ“སྐྱེ་ཁམས་ཡུལ་སྐོར”གྱི་ཕན་འབྲས་མྱང་དུ་བཅུག
དེང་སྐབས་གནས་མདོ་སྡེ་བས་དྭངས་གཙང་གི་རི་ཆུ་ལ་སྲུང་སྐྱོབ་བྱས་ཏེ། ཐོན་ལས་འཕེལ་ཞིང་ཡོང་སྒོ་འཕར་བ། མང་ཚོགས་ཀྱིས་ཀྱང་“རི་གཙང་ཆུ་དྭངས”ཞེས་པར་ངེས་ཤེས་སྐྱེས་ཏེ“གསེར་རི་དངུལ་རི”ཡི་འདུ་ཤེས་ཆགས་ཡོད།
ལོ་ཙཱ་བ། དངོས་སྦྱོང་སློབ་མ། ཆོས་རྒྱས་སྒྲོལ་མ།