ད་ལོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྣོད་བཅུད་ཁོར་ཡུག་ལྟ་སྐུལ་གྱི་གཙོ་གནད་ནི“ཆུ”ཡིན་པ།
2019.03.15 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 47

 རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2018ལོར་སྤེལ་བའི་མཁའ་རླུང་གི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་དང་ཞིབ་བཤེར་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད། ད་ལོར་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་ལེགས་པོ་སྤེལ་བར་ལྟ་སྐུལ་གྱི་གཙོ་གནད་ཕྱོགས་གང་ལ་ཤུགས་སྣོན་བྱེད་དགོས་ཞེ་ན། གསར་འགོད་པས་ཚེས་10ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ནས་ཤེས་པ་ནི་ཆུ་ཡིན་པ་རེད།

“ད་ལོར་ལྟ་སྐུལ་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་ནི་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་དང་ཞིབ་བཤེར་ཡིན་ལ་དེ་ནི་ཁྲིམས་ལྟར་དྭངས་ཤིང་གཙང་བའི་ཆུ་སྲུང་སྐྱོབ་ཀྱི་འཐབ་འཛིང་ལེགས་པོ་སྤེལ་རྒྱུ་དེ་ཡིན”ཞེས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཨུ་ཡོན་ཏོའུ་ཧྲུའུ་ཧྭ་ཡིས་ཉིན་དེའི་གསར་འགོད་པའི་ཚོགས་འདུའི་ཐོག་དེ་ལྟར་བཤད་བྱུང་།

ཁོང་གིས་བཤད་རྒྱུར། འཐུང་ཆུའི་བདེ་འཇགས་འགན་སྲུང་ལམ་ལུགས་ལག་བསྟར་བྱས་ཚུལ་དང་། ཆུ་སྦགས་བཙོག་འགོག་བཅོས་ཀྱི་ཚད་གཞི་དང་། འཆར་འགོད། ལྟ་སྐུལ་དོ་དམ་གྱི་ལམ་ལུགས་བཅས་ལག་བསྟར་བྱས་ཚུལ། དེ་བཞིན་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་མཚེའུ། གཙོ་གནད་ས་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་ཐབས། བཅའ་ཁྲིམས་འགན་འཁྲིའི་དོན་འཁྱོལ་གནས་ཚུལ་བཅས་ལ་ཞིབ་བཤེར་བྱ་རྒྱུ་ཡིན་ཟེར།

ཁོང་གིས་ངོ་སྤྲོད་གནང་བར་བལྟས་ན།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ཟླ་4པ་ནས་6པའི་བར་ཁྲིམས་འཛིན་ཞིབ་བཤེར་བྱ་རྒྱུ་དང་། ཟླ་8པར་ཁྲིམས་འཛིན་ཞིབ་བཤེར་གྱི་སྙན་ཞུར་ཉན་པ་དང་ཆབས་ཅིག་ཆེད་དོན་འདྲི་རྩད་བྱེད་རྩིས་ཡོད་པ་རེད།

ཁོང་གིས། ད་ལོར་དཔྱད་ཞིབ་རྐྱེན་སྲོལ་འཚོལ་ཞིབ་དང་ལག་བསྟར་བྱེད་པའི་དུས་མཙུངས་སུ་མཁའ་རླུང་གི་སྦགས་བཙོག་འགོག་བཅོས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་སྟངས་ཡག་པོ་མུ་མཐུད་དུ་སྤྱད་ནས་རིམ་ལྔའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་། འབྲེལ་ཡོད་ཀྱི་རིགས་གཅིག་མཁས་ཅན། གཞི་རིམ་གྱི་ཁྲིམས་འཛིན་མི་སྣ། ཁེ་ལས་ཀྱི་འཐུས་མི་བཅས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཕྱོགས་ཡོངས་དང་། ཡང་དག གཏིང་ཟབ་བཅས་ཀྱི་སྒོ་ནས་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་རྒྱུ་ཡིན་ཞེས་  དེ་ལྟར་བཤད་བྱུང་།

ཏོའུ་ཧྲུའུ་ཧྭ་ཡིས་བཤད་རྒྱུར། ལྟ་སྐུལ་ལས་དོན་དེ་ད་དུང་ཁྲིམས་འཛུགས་ལས་དོན་དང་ཟུང་འབྲེལ་བྱེད་རྒྱུ་ཡིན་པ་དང་།   འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད། ད་ཐེངས་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ཁྲིམས་འཛིན་དང་ཞིབ་བཤེར་བརྒྱུད་ནས་གཅིག་བསྡུས་ངང་འབྲི་ཆུ་རྒྱུག་ཁུལ་གྱི་གནད་དོན་བསྡུ་རུབ་བྱེད་རྒྱུ་དང་བསམ་འཆར་ལ་ཉན་ནས་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་དང་ལྟ་སྐུལ་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཡིན་ཟེར།

མཚོ་སྔོན་འཐུས་ཚབ་ཚོགས་པས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་རིམ་གསུམ་པའི་བྱ་བར་འཆར་འགོད་དང་བཀོད་སྒྲིག་གནང་དགོས་པའི་བསམ་ཚུལ་བཏོན།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་རིམ་གསུམ་པའི་བྱ་བར་འཆར་འགོད་དང་བཀོད་སྒྲིག་གནང་དགོས་པའི་བསམ་ཚུལ་བཏོན།

བསམ་ཚུལ་ནང་དབྱེ་ཞིབ་བྱས་པ་ལྟར་ན། 2005ལོར་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་རིམ་དང་པོའི་བཟོ་བཀོད་དངོས་འབེབས་བྱས་ཤིང་།  ལོ་ངོ13རིང་གི་རྒྱུན་འཁྱོངས་ལྷོད་མེད་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྱུར་བའི་རྣམ་པར་ཐོག་མའི་བཀག་འགོག་ཐེབས་ཏེ་སྐྱེ་ཁམས་འཛུགས་སྐྲུན་བཟོ་བཀོད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱི་ལེགས་བཅོས་བྱུང་ཡོད། ཡིན་ནའང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་གཞི་རྒྱ་ཆེ་ཞིང་ཁོར་ཡུག་རྙོག་འཛིང་ཡིན་པ། གནམ་གཤིས་མི་ལེགས་པ་བཅས་ཀྱིས་ས་དེར་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་རྒྱུ་ནི་དུས་ཡུན་རིང་ཞིང་རྙོག་འཛིང་ལྡན་ལ། མ་ལག་ཅན་གྱི་བྱ་བ་ཞིག་ཏུ་ཆགས་ཡོད་པས། མིག་སྔར་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཁྲོད་ད་དུང་གནད་དོན་དང་དཀའ་ཁག་གང་མང་གནས་ཡོད།

སྔར་ལས་ལྷག་པར་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྔ་མོ་ནས《གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་རྣམ་པ་གསར་འཛུགས་བྱེད་པའི་སྐོར་གྱི་ཞིབ་འཇུག》དང《གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་འབེན་མ་ལག་ཞིབ་འཇུག》། 《གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་རིམ་གསུམ་པའི་བཟོ་བཀོད་འཆར་འགོད་ཀྱི་འགན་འཁྲི་གཙོ་བོ་དང་བྱེད་ཐབས་གལ་ཆེན་ཞིབ་འཇུག》།《གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བའི་སྒྲིག་སྲོལ་ལམ་ལུགས་ཞིབ་འཇུག》བཅས་དུས་སྐབས་སྔོན་མའི་ཞིབ་འཇུག་གི་བྱ་བ་སྣ་བཞི་སྒྲུབ་ཞིང་། རྗེས་མར་དེ་སྔོན་གྱི་ཞིབ་འཇུག་གི་གྲུབ་འབྲས་ལ་གཞིགས་ནས་འཆར་འགོད་དང་སྒྲིག་བཀོད་བྱ་རྩིས་ཡོད་པ་རེད།

དེར་བརྟེན། འཐུས་མི་ཚོགས་པས་འཆར་འགོད་སྒྲིག་བཀོད་བྱེད་པའི་བྱ་བའི་གོ་རིམ་ཁྲོད། རྒྱལ་ཁབ་ཀྱིས་ཕྱོགས་གཅིག་ནས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དུས་རིམ་གཉིས་པ་དང་དུས་རིམ་གསུམ་པའི་འཆར་འགོད་ལ་འབྲེལ་མཐུད་བྱེད་པར་སྐུལ་འདེད་བྱ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་གཙོ་བོར་བཟུང་སྟེ། རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་ཡིན་པ་དང་། རིགས་མི་འདྲ་བའི་རང་བྱུང་སྤྱི་གླིང་སོ་སོ་ཁ་གསབ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་མ་ལག་གཞུང་ལུགས་དང་ལག་ལེན་ཕྱོགས་ཀྱི་མཛུབ་སྟོན་གསར་འཛུགས་བྱེད་པར་ཤུགས་སྣོན་དགོས་པའི་བསམ་ཚུལ་བཏོན་པ་རེད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རིན་ཆེན་རྒྱལ་གྱིས་མགྱོགས་མྱུར་ངང“ཕྱུགས་སྐྱུར་བརླན་སྐྱོང”གི་སྐྱེ་ཁམས་ཁ་གསབ་ཀྱི་རྒྱུན་ཕན་ལམ་སྲོལ་འཛུགས་དགོས་པའི་གྲོས་གཞི་བཏོན།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་པོའི་མཚོ་ངོས་རྒྱ་ཁྱོན་དང་བརླན་སའི་རྒྱ་ཁྱོན་ཇེ་ཆེར་སོང་ནས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་ཡོད། ཡིན་ནའང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་པར་ཚད་ལྡན་གྱི་ཚད་གཞི་འཇལ་བྱེད་ཅིག་དང་། དེ་བསྟུན་གྱི་ཁ་གསབ་དང་བྱ་དགའི་མ་ལག་ཅིག་ཀྱང་མེད། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལ་བྱས་རྗེས་བཞག་པའི་ས་གནས་ཀྱི་མང་ཚོགས་ལ་འོས་འཚམ་གྱི་ཁ་གསབ་རོགས་དངུལ་གཏེར་དགོས།

གྲོས་གཞིའི་ཁྲོད་བཤད་རྒྱུར། མིག་སྔའི་བར་དུ། མཚོ་སྔོན་པོའི་མཚོ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུབ་བཞི་མ4516.23ཡོད་ཅིང་། ན་ནིང་གི་དུས་མཉམ་ལས་སྤྱི་ལེ་གྲུ་བཞི་མ80.54ཡར་འཕར་བ་དང་། ལོ་སྔོན་མ་དག་གི་དུས་མཉམ་གྱི་ཆ་སྙོམས་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ174.27ཡར་འཕར་ཡོད། དེ་ནི་ལོ་ངོ18རིང་གི་འཕར་ཚད་ཆེས་ཆེ་བ་ཡིན། མཚོ་སྔོན་པོའི་རྒྱ་ཁྱོན་བསྟུད་མར་ཇེ་ཆེར་སོང་བ་དང་བརླན་སའི་གཞི་རྒྱ་མུ་མཐུད་ནས་ཇེ་ཆེར་སོང་བ་དེས་མཚོ་སྔོན་པོའི་སྤྱིའི་སྐྱེ་ཁམས་ནུས་པ་དང་སྐྱེ་ཁམས་དགེ་མཚན་མངོན་གསལ་གྱི་ཇེ་ལེགས་སུ་སོང་བ་དང་། མཚོ་སྔོན་པོ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད། བརླན་ས་དང་མཚོ་ངོས་ཀྱི་རྒྱ་ཁྱོན་ཇེ་ཆེར་སོང་བའི་རྐྱེན་གྱིས་སྐྱེ་ཁམས་ཁོར་ཡུག་བསྟུད་མར་ཇེ་ལེགས་སུ་འགྲོ་བཞིན་ཡོད་མོད། ཡིན་ནའང་ས་གནས་ཀྱི་རྩྭ་སའི་རྒྱ་ཁྱོན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས་ཤུགས་རྐྱེན་དེ་རིགས་ནི་ཡུན་རིང་དང་རྒྱུན་མཐུད་ཀྱི་ཤུགས་རྐྱེན་ཞིག་རེད།

རིན་ཆེན་རྒྱལ་གྱིས་བཤད་རྒྱུར། འཛམ་གླིང་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་གི་རྒྱབ་ལྗོངས་འོག བརླན་སའི་གཞི་རྒྱ་ཇེ་ཆེར་འགྲོ་བཞིན་པ་ནི་མདོ་དབུས་མཐོ་སྒང་གི་མཚོ་དང་མཚེའུ། འདམ་ར་དང་བརླན་སའི་ཁྲོད་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད། དེར་བརྟེན། མདོ་དབུས་མཐོ་སྒང་གི་སྐམ་སའི་དབུས་ཁུལ་གྱི་མཚེའུ་ལ་ཆེད་དོན་བརྟག་དཔྱད་བྱས་ཏེ། གནས་ཚུལ་དངོས་ལ་རྒྱུས་ལོན་གསལ་བོ་བྱེད་དགོས་པ་མ་ཟད། གནད་དོན་འདི་རིགས“ཕྱུགས་སྐྱུར་བརླན་སྐྱོང་དང་རྨོ་སྐྱུར་བརླན་སྐྱོང”གི་སྐྱེ་ཁམས་ཁ་གསབ་མ་ལག་ཏུ་ཚུད་པར་བྱས་ཏེ། སྐྱེ་ཁམས་ཁ་གསབ་དང་རྒྱུན་མཐུད་ཀྱི་བྱ་དགའི་ལམ་ལུགས་འཛུགས་དགོས་བའི་གྲོས་གཞི་བཏོན། །

གཞན་ཡང་།  མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་གི་སྒུལ་ནུས་གསར་པ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་བཏང་།

2016ལོའི་དམངས་འཐུས་ཚོགས་ཆེན་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས“རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཤིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་གསུངས་པ་རེད།

“མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོ་བཅིངས་ནས་འཕེལ་རྒྱས་དང་སྲུང་སྐྱོབ་དབར་གྱི་འབྲེལ་བ་ཐག་གཅོད་ནན་ཏན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ལ་ཤེས་རྟོགས་ཟབ་མོ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ཏུ་བསྟར་བ་བཅས་ཀྱི་ཐོག་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཡོད། ཆོས་ཉིད་དང་མཐུན་པར་བྱེད་རྒྱུ་ནི་རང་བྱུང་གི་ཆོས་ཉིད་དང་། དཔལ་འབྱོར་གྱི་ཆོས་ཉིད། སྤྱི་ཚོགས་ཀྱི་ཆོས་ཉིད་བཅས་དང་མཐུན་པ་བྱེད་རྒྱུ་དེ་རེད། ད་ལྟ་མཚོ་སྔོན་དུ་ལྗང་མདོག་ནུས་རྒྱུ་དང་། ལྗང་མདོག་ཐོན་ལས། ལྗང་མདོག་འཛད་སྤྱོད། ལྗང་མདོག་ཞིང་ཕྱུགས་ལས་རིགས་བཅས་རྨང་གཞིར་བྱེད་པའི་ལྗང་མདོག་གི་འཕེལ་རྒྱས་གཏོང་སྟངས་ཤིག་གཞི་རྩའི་ཆ་ནས་ཆགས་ཡོད་པ་དང་། མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རགས་ཙམ་ཆགས་ཏེ་འཁོར་རྒྱུག་དཔལ་འབྱོར་ལ་ནུས་པ་ཐོན་ཚད60%ཟིན་ཡོད”ཅེས་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལིག་ཉིང་གིས་དེ་ལྟར་བཤད་བྱུང་།

ལིག་ཉིང་གིས་མུ་མཐུད་དུ་གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱིས2018ལོར་ཉིན9ལ་བསྟུད་མར་ནུས་རྒྱུ་གཙང་མ་ཡོངས་སུ་སྤྱད་དེ་གློག་མཁོ་འདོན་བྱེད་པའི་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་ལ། གློག་སྤྱད་པ་ཚང་མ་ཆུ་དང་། འོད་ནུས། རླུང་ནུས་བཅས་ཀྱི་ནུས་རྒྱུ་གཙང་མ་ཡིན་ཞིང་། ད་ལོར་ཉིན15རིང་ནུས་རྒྱུ་གཙང་མའི་གློག་འདོན་རྒྱུའི་དམིགས་ཚད་བསྒྲུབ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་བ་དང་། ཁོས་ད་རུང་“ནུས་རྒྱུ་གཙང་མའི་གློག་འདོན་གྱི་ཟིན་ཐོ་གསར་པ་གཏོད་རྒྱུ་ནི་མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཚོན་བྱེད་ཅིག་ཡིན” ཞེས་དེ་ལྟར་བརྗོད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།