ལིའུ་ཉིང་གིས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར།  ལྗང་མདོག་གི་འཕེལ་རྒྱས་ལ་བརྟེན་ནས་དམངས་འཚོའི་ཁེ་ཕན་ཇེ་མང་དུ་གཏོང་བ་དང་། སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་གཟོ་བར་བརྟེན་ནས་མཚོ་སྔོན་གྱི་འགན་འཁྲི་མངོན་དགོས།
2019.03.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

 ཟླ3པའི་ཚེས8ཉིན། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གིས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་རྣམ་པ་འཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱེད་པའི་སྐོར་ནས་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།

གསར་འགོད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས“མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་ལ། ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད”ཅེས་གསུངས་ཏེ། མཚོ་སྔོན་གྱིས་ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་མྱོང་། ཁྱེད་ཀྱིས་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་དུ་ཆོས་ཉིད་དང་བསྟུན་པའི་འཕེལ་རྒྱས་ནི་ཆེས་བཟང་བའི་འཕེལ་རྒྱས་ཡིན་པར་བཤད་པའང་གོ་མྱོང་བས། ཁྱེད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པར་བཟུང་བའི་ལྟ་ཚུལ་དང་མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ཀྱི་བསམ་ཚུལ་དེ་ངོ་སྤྲོད་ཅིག་བྱས་ན་ཆོག་གམ་ཞེས་དྲིས་པ་ན།

ལིའུ་ཉིང་གིས་གསར་འགོད་པར་བཤད་རྒྱུར། ཐོག་མར་གསར་འགྱུར་སྨྱན་བྱད་ཁག་གི་གྲོགས་པོ་ཚོས་མཚོ་སྔོན་ལ་ཐུགས་ཁུར་དང་དོ་སྣང་བྱས་པར་བཀའ་དྲིན་ཆེ་ཞུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་གྱིས་བསྟན་པ་ལྟར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་ངེས་ཤུགས་ལ་ཤུགས་སྣོན་བྱེད་པ་རྒྱུན་སྲུང་བྱས་ཏེ། སྐྱེ་ཁམས་དམིགས་བསལ་དུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཁ་ཕྱོགས་ཡིན་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་སྙེག་བྱེད་དགོས། ཙུང་ལི་ལི་ཁི་ཆང་གིས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་དུ་བཏོན་པ་ལྟར། ལྗང་མདོག་འཕེལ་རྒྱས་ནི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན། དེ་དག་གིས་ང་ཚོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་པོ་བསྟན་ཡོད་ལ་བླང་བྱའང་བཏོན་ཡོད། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་གྲངས་ཆེ་རྒྱུ་མེད་ནའང་། ལྗང་མདོག་གི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་སྤྱི་གྲངས་ཀྱི་ཟིན་ཚད་ངེས་ཅན་ཞིག་ལ་སླེབས་ཡོད། མིག་སྔར་ལྗང་མདོག་ནུས་ཁོངས་དང་ལྗང་མདོག་ཐོན་ལས། ལྗང་མདོག་འཛད་སྤྱོད། ལྗང་མདོག་ཞིང་ཕྱུགས་ལས་བཅས་སྒྲོམ་གཞིར་གྱུར་པའི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད་ལ། དཔལ་འབྱོར་གྱི་འཕར་ཚད་ཀྱང་རྒྱུ་ཆའི་སྒུལ་ཕྱོགས་ནས་རྒྱུ་ཆ་དང་ཕན་འབྲས་གཉིས་ཀའི་སྒུལ་ཕྱོགས། ཕན་འབྲས་དང་གསར་གཏོད་མཉམ་འབྲེལ་གྱིས་ཤུགས་འདོན་པའི་ཕྱོགས་སུ་བསྒྱུར་བ་བཅས་མངོན་འགྱུར་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་ནི་འཕེལ་རྒྱས་ལྟ་བའི་གཏིང་ཟབ་པའི་གསར་བརྗེ་ཐེངས་ཤིག་ཡིན། ལྗང་མདོག་འཕེལ་རྒྱས་ཀྱི་བསམ་བློས་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་ནི་རིན་ཐང་གི་ཁ་ཕྱོགས་དང་། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་ནི་རྩ་དོན་གཙོ་བོ། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ནི་ཕྱོགས་སྟོན་དུ་བྱས་ཡོད། དཔལ་འབྱོར་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་ཁྲོད་ནས་སྲུང་སྐྱོབ་དང་སྲུང་སྐྱོབ་ཀྱི་ཁྲོད་ནས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ་ཞིག་ཡིན་དགོས། དོན་དངོས་གང་མང་ལས་ར་སྤྲོད་བྱས་ཡོད་པ་ལྟར། སྐྱེ་ཁམས་དར་ན་དཔལ་ཡོན་དར་བ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་ཤོས་དེ་ནི་ཆེས་ཀུན་ཕན་གྱི་དམངས་འཚོའི་ཁེ་ཕན་ཞིག་ཡིན།

ད་ལོའི་ཟླ2པའི་ཚེས1ཉིན། 《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིང་བཀོད་པའི་རྩོམ་ཡིག《རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་བ》ཞེས་པ་ཞིག་སྤེལ་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཐད་སྔར་ལས་མཐོ་བའི་བླང་བྱ་བཏོན་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་ན་ངེས་པར་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་མཐོར་འདེགས་གཏོང་དགོས།

མཛེས་སྡུག་མཚོ་སྔོན་གྱི་མཛེས་ལྗོངས་ལྟ་ན་སྡུག་ཅིང་། ལྗང་མདོག་འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་ལས་ཡངས། ང་ཚོས་ནན་ནན་ཏིག་ཏིག་གིས “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། ཐོན་ལས་གྲུབ་ཚུལ་དང་བར་སྟོང་གྲུབ་ཚུལ། ནུས་ཁོངས་གྲུབ་ཚུལ། འཛད་སྤྱོད་གྲུབ་ཚུལ་བཅས་ཀྱི་རྣམ་པ་བསྒྱུར་བར་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་གཏོང་ངེས་ཡིན། འཁྱག་བསིལ་སྐམ་གཙང་དང་ནུས་ཁུངས་གཙང་མ་ཕུན་སུམ་ཚོགས་པའི་ནམ་ཟླ་དང་ས་གཤིས་ཀྱི་ལེགས་ཆ། སྣ་མང་རིག་གནས་འཛོམས་ཤིང་ཞིན་ཅང་དང་བོད་ལྗོངས་གཉིས་ཀར་འབྲེལ་བའི་རིག་གནས་དང་ས་བབ་ཀྱི་ལེགས་ཆ། གཙང་བོའི་མགོ་ཁུངས་སུ་གནས་ཤིང་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་དང་ཐོན་ཁུངས་ཀྱི་ལེགས་ཆ་བཅས་འདོན་སྤེལ་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་རྨང་གཞི་བྱས་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བོ་དང་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་ཅིག་འཛུགས་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུས་ཁུངས་སྐོར་གྱི“གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་བླང་བྱ་ལག་ལེན་གཏིང་ཟབ་ཏུ་བྱས་ནས།  རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་པ་དང་ནུས་ཁུངས་གཙང་མའི་མ་ལག་འཛུགས་པ།   གྲངས་ཀའི་དཔལ་འབྱོར་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་འཁོར་རྒྱུག་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དུས་མཚུངས་སུ། དམངས་ཡོངས་ལ་སྐུལ་སློང་དང་ཟབ་ཞུགས་བྱེད་དུ་བཅུག་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་སྐྱེད་འཕེལ་རྒྱས། འཚོ་བ་ལེགས་བཅོས་བཅས་ལ་དམིགས་ནས། རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་དང་། ཞིང་པའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས། “ལྗང་མདོག་ཕྲ་ཕུང་བཟོ་འགོད”སོགས་ཀྱི་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་བྱས་ཏེ། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་མངོན་འགྱུར། སྐྱེ་ཁམས་རིན་ཐང་གི་རིན་ཐང་སྲུང་འཛིན་དང་མཐོར་འདེགས་གཏོང་བ་མངོན་འགྱུར། ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་དམངས་ཚིས་ཁེ་ཕན་ཇེ་མང་དུ་གཏོང་བ་དང་། སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་གཟོ་བར་བརྟེན་ནས་མཚོ་སྔོན་གྱི་འགན་འཁྲི་མངོན་པར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།