དུས་རབས་གསར་བར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་རྩ་དོན་གལ་ཆེན།
2019.03.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 48

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་བསྟན་དོན། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་རོལ་སྟངས་ལེགས་པོ་ཆགས་པར་བྱས་ཏེ། ང་ཚོའི་རླབས་ཆེན་གྱི་མེས་རྒྱལ་དེ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་། མི་དམངས་མང་ཚོགས་མཁའ་དབྱིངས་སྔར་ལས་སྔོ་ཞིང་བསངས་པ་དང་། རི་བོ་སྔར་ལས་སྔོ་ཞིང་ལྗང་བ། ཆུ་མོ་སྔར་ལས་དྭངས་ཞིང་གཙང་བའི་ཁོར་ཡུག་ཏུ་འཚོ་བ་རོལ་ཏུ་འཇུག་དགོས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་དྲུག་བཏོན་པ་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་དང་། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རིན་ཡིན་པ་རྒྱུན་འཁྱོངས། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཀུན་ཕན་གྱི་དམངས་ཚིས་བདེ་སྐྱིད་ཡིན་པ་རྒྱུན་འཁྱོངས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་ནི་ཐུན་མོང་གི་བདེ་སྡུག་ཚོགས་པ་ ཡིན་པ་རྒྱུན་འཁྱོངས། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་གཟབ་ནན་གྱི་ཁྲིམས་སྐྱོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་རྒྱུན་འཁྱོངས། གོ་ལ་ཧྲིལ་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཇུས་གཞི་མཉམ་འགོད་རྒྱུན་འཁྱོངས་བཅས་བྱེད་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་ནན་ཏན་གིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་དངོས་འབེབས་བྱས་ནས། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་དགོས།

གཅིག མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་པ།

སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་མིའི་རིགས་ཀྱི་དཔལ་ཡོན་གནས་སྟངས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་དང་དངོས་པོའི་རྨང་གཞི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་དར་ན་དཔལ་ཡོན་དར། སྐྱེ་ཁམས་རྒུད་ན་དཔལ་ཡོན་རྒུད། དེ་ནི་དཔལ་ཡོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཆོས་ཉིད་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ཡིན་ལ།  དེ་བས་ཀྱང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་གདེང་ཚོད་ཟབ་མོ་གནང་བ་མཚོན་པར་བྱས་ཡོད། སྐྱེ་ཁམས་དཔལ་ཡོན་གྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཡོང་བ་གཙོར་འཛིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས། མི་གྲངས་དང་རང་བྱུང་ཁམས་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་ཚད་གཞིར་བརྩི་བ། ཐོན་ཁུངས་འཁོར་བསྐྱོད་དང་སླར་སྐྱེས་བེད་སྤྱོད་བྱེད་ཐབས་སུ་བརྩི་བ། སྐྱེ་ཁམས་རིག་པའི་ཆོས་ཉིད་ཀྱིས་མི་རྣམས་ཀྱི་དཔལ་འབྱོར་བྱ་འགུལ་ལ་མཛུབ་སྟོན་བྱས་ཏེ། རྩ་བའི་ཐོག་ནས་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་དང་རང་བྱུང་ཁོར་ཡུག་ཇེ་ཞན་ཡིན་པའི་བར་གྱི་འགལ་བ་ཐག་གཅོད་བྱས་པ་དང་། བཟོ་ལས་དཔལ་ཡོན་གྱི་ཞན་ཆ་སེལ་བ་ནི་མ་འོངས་པར་མིའི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བའི་དགོས་ངེས་ཀྱི་གདམ་གསེས་ཡིན་པ་རེད།

གཉིས། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ།

བཅོས་སྒྱུར་སྒོ་འབྱེད་ཀྱི་ཚུན་ལ། རང་རྒྱལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་གྲུབ་འབྲས་ཆེན་པོ་བླངས་བ་དང་ཆབས་ཅིག་ཏུ་སྣང་ཆུང་བྱེད་མི་རུང་བའི་ཁོར་ཡུག་གི་གནད་དོན་ཀྱང་བཟོས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་མི་དང་རང་བྱུང་ཁམས་འཆམ་མཐུན་ཡོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་འཚོལ་སྙེག་བྱེད་ཀྱིན་ཡོད་ལ། ང་ཚོས་སྐྱེ་ཁམས་ཁོར་ཡུག་བློས་བཏང་ནས་གནས་སྐབས་ཙམ་གྱི་དཔལ་འབྱོར་ཁོ་ནར་གཏན་ནས་བསམ་མི་རུང་ཞེས་ནན་གྱིས་བསྟན།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བརྩི་སྲུང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བ་དེ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས། སྔར་ལས་རང་རྟོག་སྒོས་ལྗང་མདོག་འཕེལ་རྒྱས་དང་འཁོར་སྐྱོད་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས།

གསུམ། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་ཀུན་ཕན་གྱི་དམངས་ཚིས་བདེ་སྐྱིད་ཡིན་པ།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་སྐྱོང་སྲིད་འཛིན་གྱི་ལག་ལེན་ཁྲོད། མི་དམངས་ཀྱི་བདེ་སྐྱིད་འཕར་སྣོན་དང་མི་དམངས་ཀྱི་དགོས་མཁོ་དངོས་སྐོང་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ནས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་བྱས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་སྔར་ལས་མང་པོ་བསྐྲུན་ཏེ་མི་དམངས་ཀྱི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་དགོས་ལ། སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་པོ་འདོན་སྤྲོད་བྱས་ནས་མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འབྱུང་བའི་སྐྱེ་ཁམས་ཁོར་ཡུག་ལེགས་པོའི་དགོས་མཁོའང་སྐོང་དགོས། དཔལ་འབྱོར་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འབྱུང་བ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱིས་མཁའ་དབུགས་སྔར་ལས་གཙང་ཞིང་ཆུ་མོ་སྔར་ལས་དྭངས་བ། ཁོར་ཡུག་སྔར་ལས་མཛེས་པ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་པོར་བཅངས་བའི་རེ་སྨོན་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་འགན་འཁྲིའི་དམིགས་ཡུལ་གྱི་ཆབ་སྲིད་གནད་དོན་གལ་ཆེན་ཞིག་ཡིན་ལ། དམངས་ཚིས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་གནད་དོན་ཆེན་པོ་ཞིག་ཀྱང་ཡིན། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་དྲང་བཞག་གི་སྤྱི་པའི་ཐོན་རྫས་ཤིག་ཡིན་ལ། ཆེས་ཀུན་ཕན་གྱི་དམངས་ཚིས་བདེ་སྐྱིད་ཀྱང་ཡིན།

བཅོས་སྒྱུར་སྒོ་འབྱེད་ཀྱི་ཚུན་ལ། ང་ཚོས་དཔལ་འབྱོར་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་བླངས་བའི་དུས་མཚུངས་སུ། ད་དུང་ཐག་གཅོད་དགོས་པའི་སྐྱེ་ཁམས་ཀྱི་གནད་དོན་ཀྱང་གནས་ཡོད། ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མཐོན་པོ་གནང་སྟེ། འདུ་ཤེས་འཆར་འགོད་དང་གཅིག་གྱུར་བཀོད་སྒྲིག  བྱ་སྤྱོད་བྱེ་བྲག ལམ་ལུགས་ཇུས་འགོད་སོགས་ཀྱི་ཐད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་པ་དང་། ཁོར་ཡུག་བཅོས་སྐྱོང་དང་ལེགས་བཅོས་བྱེད་པའི་ཁྲོད་ནས་སྤྱི་དམངས་ཀྱི་སྐྱེ་ཁམས་དགོས་མཁོ་བསྐངས་ཏེ། སྤྱི་དམངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་བདེ་སྐྱིད་ཀྱི་ཚོར་བ་དང་ཡིད་ཚིམ་ཚད། ཁོངས་གཏོགས་ཀྱི་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་གྱུར་ཞིང་། དོན་ངོ་མའི་ཐོག་ནས་སྤྱི་ཚོགས་རིང་ལུགས་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བར་བསྐྱོད་དེ། མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་པོ་བསྐྲུན་པའི་བརྗིད་ཉམས་ཆེ་བའི་དམ་བཅའ་ལག་ལེན་བྱེད་ཀྱིན་ཡོད།

བཞི། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་ནི་བདེ་སྡུག་ཐུན་མོང་ཚོགས་པ་ཡིན་པ།

2017ལོའི་ཟླ7ཚེས19ཉིན། ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་སོ་བདུན་པའི་སྟེང《རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་འཛུགས་པའི་སྤྱིའི་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཏེ། རི་ཆུ་ནགས་ཞིང་དང་མཚེའུ་ཡི་རྨང་གཞིའི་སྟེང་། རྩྭ་ཐང་ཡང་དེའི་ཁྲོད་དུ་བཀོད་ནས། སྔར་ལས་ཆ་ཚང་ཞིང་མ་ལག་ལྡན་པའི་ཐུན་མོང་ཚོགས་པ་སྟེ་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་བདེ་སྡུག་ཐུན་མོང་ཚོགས་པ་གྲུབ་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་དགོས་པ་ནན་གྱིས་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁོར་ཡུག་བཅོས་སྐྱོང་ནི་མ་ལག་བཟོ་སྐྲུན་ཅིག་ཡིན་པས། ངེས་པར་དུ་དམངས་ཚིས་དོན་དངོས་ཆེན་པོ་ཞིག་ཏུ་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་དགོས། མ་ལག་བཟོ་སྐྲུན་གྱི་བསམ་ཕྱོགས་ལྟར་དུ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་དངོས་འབེབས་བྱེད་པ་དོན་ཐོག་ཏུ་འཁྱོལ་བ་དང་།  ནུས་ཁུངས་ཐོན་ཁུངས་དངོས་གནས་འགན་སྲུང་ལེགས་པོ་བྱས་ཏེ། ཁོར་ཡུག་གི་འབག་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལེགས་པོ་བྱས་ནས། མི་དམངས་མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་བཟང་བོ་བསྐྲུན་དགོས། དཔལ་འབྱོར་དང་ལག་རྩལ། སྲིད་འཛིན་སོགས་བྱེད་ཐབས་སྣ་མང་ཕྱོགས་བསྡུས་བཀོལ་སྤྱོད་བྱས་ཏེ། རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་། སླར་གསོ་བཅས་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་སོགས་སྐྱེ་ཁམས་ཐོན་ཁུངས་ཕྱོགས་བསྡུས་སྲུང་སྐྱོབ་དང་སླར་གསོ་བྱས་ཏེ། རྒྱུན་ཆད་མེད་པར་བདེ་སྡུག་ཐུན་མོང་ཚོགས་པའི་མཉམ་ལས་ནུས་པ་དང་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས་ལ། ད་རུང་མི་དང་རང་བྱུང་ཁམས་ཀྱི་བདེ་སྡུག་ཐུན་མོང་ཚོགས་པས་ཕན་ཚུན་བརྟེན་གནས་དང་མེད་དུ་མི་རུང་བའི་མཉམ་གནས་མཉམ་དར་གྱི་འབྲེལ་བ་བཙུགས་པར་ངོས་ཟིན་གང་ལེགས་བྱེད་དགོས།

ལྔ། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་གཟབ་ནན་གྱི་ཁྲིམས་སྐྱོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་གཟབ་ནན་གྱི་ཁྲིམས་སྐྱོང་ལག་བསྟར་བྱས་ན། ད་གཟོད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་ཐུབ། ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་དམིགས་ནས་ཆེད་དུ་བཀོད་སྒྲིག་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་ལག་བསྟར་དང་། ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས་པའི་གྲོས་གཞི་བཏོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་ཇུས་འགོད་དང་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་རང་བྱུང་སྐྱེ་ཁམས་ལྟ་སྐུལ་དོ་དམ་རྐྱེན་སྲོལ་འཛུགས་པ། སྐྱེ་ཁམས་ཁོར་ཡུག་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བདག་པོའི་འགན་འཁྲི་གཅིག་གྱུར་གྱིས་སྤྱོད་པ་དང་། རྒྱལ་ཁོངས་བར་སྟོང་བཀོལ་སྤྱོད་རྩིས་སྤྲོད་དོ་དམ་དང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་འགན་འཁྲི་གཅིག་གྱུར་གྱིས་སྤྱོད་པ། མཁར་གྲོང་གི་འབག་བཙོག་སྣ་ཚོགས་ཕྱིར་འབུད་དང་སྲིད་འཛིན་ཁྲིམས་འཛིན་འགན་འཁྲི་གཅིག་གྱུར་གྱིས་སྤྱོད་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོབ་པ་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གོམ་པ་བརྟན་པོ་སྤོས། ཡིན་ནའང་སྣང་ཆུང་བྱེད་མི་རུང་བ་ཞིག་ནི། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་སྔར་བཞིན་གནད་དོན་ཁ་ཤས་གནས་ཡོད། ལམ་ལུགས་གསར་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ལམ་ལུགས་མཁོ་སྤྲོད་ལ་ཤུགས་སྣོན་བྱེད་པ། ལམ་ལུགས་ཆ་ཚང་འཐུས་ཚང་དུ་གཏོང་བ། ལམ་ལུགས་ལག་བསྟར་ཇེ་དྲག་ཏུ་བཏང་ནས། ལམ་ལུགས་དེ་གཅུན་འདོམས་དྲག་པོ་དང་གནོན་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ཏེ། སྐྱེ་ཁམས་ཁྲིམས་སྐྱོང་འདུ་ཤེས་མིའི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་བྱེད་པའི་དར་སྲོལ་བཟང་པོ་བསྐྲུན་ཏེ། ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས།

དྲུག གོ་ལ་ཧྲིལ་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཉམ་དུ་ཇུས་འགོད་བྱེད་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་དཔལ་འབྱོར་འཛམ་གླིང་ཅན་དང་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་གྱུར་བ་ལས་མིའི་རིགས་ཡོངས་ཀྱི་བདེ་སྡུག་ནམ་ཡང་དམ་པོར་འབྲེལ་ཡོད། ས་ཁུལ་གང་ཞིག་ཡིན་རུང་དེའི་སྐྱེ་ཁམས་གནད་དོན་ལ་འཛམ་གླིང་ཡོངས་ཀྱིས་མཐོང་ཆེན་བྱེད་འོས་ལ། རྒྱལ་ཁབ་དང་ས་ཁུལ་གང་ཞིག་ཡིན་རུང་ཉིན་རེ་བཞིན་ཚབས་ཆེན་དུ་འགྲོ་བའི་སྐྱེ་ཁམས་གནད་དོན་དེ་ཁེར་རྐྱང་དུ་ཐག་གཅོད་བྱེད་པའི་སྟོབས་ཤུགས་མེད་པས། ཁོར་ཡུག་བཅོས་སྐྱོང་གི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ནི་མིའི་རིགས་ཀྱིས་མ་འོངས་པའི་ཁོར་ཡུག་གནད་དོན་ལ་དམིགས་པའི་དགོས་ངེས་ཀྱི་གདམ་གསེས་ཡིན་པ་རེད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏོད་གཅོག་པ་དང་། ཁོར་ཡུག་འབག་བཙོག་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ན། ངེས་པར་དུ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་རང་ཉིད་འཕེལ་རྒྱས་སུ་གཏོང་བའི་དུས་མཉམ་དུ་རྒྱལ་ཁབ་གཞན་པའི་ཁེ་ཕན་ལ་བསམ་བློ་བཏང་སྟེ།  མི་རིགས་མཉམ་དུ་འཚོ་སྡོད་བྱེད་པའི་མཛེས་སྡུག་གི་ཁྱིམ་གཞིས་མཉམ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ན་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་དགོས། ནུས་ཁུངས་ཐོན་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པ་ནི།  འཛམ་གླིང་ཡོངས་ཀྱི་མདུན་དུ་གནས་པའི་ཐུན་མོང་གི་འགྲན་རྩོད་ཅིག་ཡིན། ཀྲུང་གོས་མུ་མཐུད་དུ་སྒྲུབ་དགོས་པའི་རྒྱལ་སྤྱིའི་འོས་འགན་ཕྲག་ཏུ་བླངས་ཏེ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། གྲུབ་འབྲས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ།  སྐྱེ་ཁམས་ལེགས་པའི་སའི་གོ་ལའི་མཛེས་སྡུག་གི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱིས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ནས། རྒྱལ་ནང་གི་ཁོར་ཡུག་གནད་དོན་ཐག་གཅོད་པའི་དུས་མཚུངས་སུ། གོ་ལ་ཧྲིལ་བོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཁྲོད་ཟབ་ཞུགས་བྱས་ཏེ། ཧུར་ཐག་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ལ་ཁྲིད་སྟོན་བྱས་ནས། འཛམ་གླིང་རང་བཞིན་གྱི་སྐྱེ་ཁམས་ཉམས་ཉེན་ཐག་གཅོད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་བཏོན་པ་དང་། གོ་ལ་ཧྲིལ་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཟབ་ཞུགས་བྱེད་མཁན་དང་བྱས་རྗེས་འཇོག་མཁན། ཁྲིད་སྟོན་བྱེད་མཁན་དུ་གྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། དོན་ངོ་མའི་ཐོག་ནས་ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་དང་གོ་ལ་ཧྲིལ་བོའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།