མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དངོས་སུ་བཙུགས་པ།
2019.03.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 33

 2018ལོའི་ཟླ11པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དངོས་སུ་བཙུགས་ནས་སྒོ་བྱང་བཀལ། དེ་ནི་མཚོ་སྔོན་ཞིང་ཆེན་ལས་ཁུངས་བཅོས་བསྒྱུར་ཁྲོད་ཐོག་མར་སྒོ་བྱང་བཀལ་བའི་ཞིང་ཆེན་སྲིད་གཞུང་གི་གྲུབ་ཆའི་སྡེ་ཁག་ཅིག་ཡིན་པ་དང་། དེས་རང་གི་སྒྲིག་གཞི་བཅོས་བསྒྱུར་དངོས་སུ་དོན་འཁྱོལ་ལག་བསྟར་བྱས་པ་མཚོན་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ལིའུ་ཉིང་མཛད་སྒོར་ཞུགས་ཏེ་སྒོ་བྱང་གི་ཡོལ་བ་ཕྱེས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་ཤིས་ཚིག་ཕུལ་ཞིང་། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲེན་གྱིས་མཛད་སྒོར་མགོ་འཛིན་བྱས།

ཝང་ཡུས་པའོ་ཡིས་ཤིས་ཚིག་ནང་བཤད་རྒྱུར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་གཏན་དུ་འཕེལ་རྒྱས་འབྱུང་བར་འབྲེལ་ཡོད། སྐྱེ་ཁམས་ཁོར་ཡུག་སྡེ་ཁག་སྒྲིག་འཛུགས་བྱས་པ་དེ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འབྱུང་བའི་ཁྱོན་ཡོངས་ལ་དམིགས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་པ་ཧུར་ཐག་གིས་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཁྲོད་བཟུང་བའི་གོ་གནས་དང་བྱེད་ནུས་ལ་ངོས་ཟིན་ཟབ་མོ་ཡོང་བར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་གཟོ་བའི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱེད་པ། ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྐྱེ་ཁམས་ཁོར་ཡུག་ལེགས་པོའི་དགོས་མཁོ་མུ་མཐུད་དུ་བསྐང་དགོས། ཏང་གི་མགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གོ་གནས་ཨང་དང་པོར་འཇོག་པ། མགོ་ཁྲིད་ཚན་ཆུང་གི་གཅིག་སྒྲིལ་སྟོབས་ཤུགས་དང་འཐབ་ཇུས་སྟོབས་ཤུགས་ལ་མུ་མཐུད་དུ་ཤུགས་སྣོན་པ། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། མཚོ་སྔོན་གསར་པའི་སྙིང་སྟོབས་དར་སྤེལ་ཆེ་རུ་གཏོང་བ། རྣམ་པ་གསར་པ་དང་། བྱ་སྤྱོད་གསར་པར་བརྟེན་ནས་འགྲན་སློང་གསར་པ་བསུ་བ་དང་། གནད་དོན་གསར་པ་ཐག་བཅད་དེ། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་དུ་ཧུར་ཐག་སྒོས་བགྲོད་དགོས།

རྒྱུས་ལོན་པ་ལྟར་ན། གསར་དུ་སྒྲིག་འཛུགས་བྱས་པའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་སྔོན་གྱི་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི་ལས་འགན་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གནམ་གཤིས་འགྱུར་ལྡོག་དང་བཙོག་འབུད་ཉུང་གཏོང་ལ་ཁ་གཏད་འཇལ་བའི་འགན་འཁྲི། སྔོན་གྱི་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་གྱིས་ས་འོག་ཆུ་ཡི་སྦགས་བཙོག་ལ་ལྟ་སྐུལ་འགོག་བཅོས་བྱེད་པའི་འགན་འཁྲི། སྔོན་གྱི་ཞིང་ཆེན་ཆུ་བེད་ཐིན་གྱིས་ཆུའི་བྱེད་ནུས་དབྱེ་འབྱེད་སྒྲིག་ཁོངས་དང་། བཙོག་གཏོང་འགག་སྒོ་གསར་འཛུགས་དོ་དམ་བྱེད་པ་དང་བཞུར་རྒྱུན་གྱི་ཆུའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི། སྔོན་གྱི་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ཞིང་ལས་ཀྱི་ངོས་ཁོངས་སྦགས་བཙོག་འགོག་བཅོས་ཀྱི་འགན་འཁྲི་བཅས་སྡེབ་བསྒྲིགས་བྱས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་མི་འགྱང་བར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གྲོང་རྡལ་གྱི་སྦགས་བཙོག་སྣ་ཚོགས་ཕྱིར་གཏོང་བར་ལྟ་སྐུལ་དང་སྲིད་འཛིན་ཁྲིམས་འཛིན་འགན་འཁྲི་བཅས་གཅིག་གྱུར་གྱིས་ལག་བསྟར་བྱ་རྒྱུ་རེད།

སྒོ་བྱང་འགེལ་བའི་མཛད་སྒོ་མཇུག་སྒྲིལ་རྗེས། ལིའུ་ཉིང་གིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་འབྲེལ་ཡོད་ཁྲུའུ་ཡི་ལས་བྱེད་མི་སྣར་འཚམས་འདྲི་བྱས་ཤིང་། ཚང་མས་ནན་ཏན་སྒོས་མཐུན་སྦྱོར་བྱ་བ་ལེགས་པོར་བསྒྲུབ་པ་དང་། བྱ་བའི་འབྲེལ་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་རྒྱུན་འཁྱོངས་བྱེད་པ།“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར། མགོ་རྩོམ་ས་གསར་པར་རྐང་འཛུགས་པ་དང་། འགན་འཁྲི་གསར་པའི་འཁུར་སེམས་ཇེ་དྲག་ཏུ་གཏོང་བ། བྱས་རྗེས་གསར་བ་མངོན་པར་བྱས་ཏེ། མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཆེན་མོ་ལེགས་པོར་བསྒྲུབ་པར་སྐུལ་མ་བཏང་། །

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ཞིང་སྡེ་གཙང་སྦྲའི་འགུལ་སྐྱོད་ལག་བསྟར་བྱས། ཞིང་ཆེན་ཏང་ཨུའི་ཞིང་ལས་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག19ཡིས་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ཞིང་སྡེ་གཙང་སྦྲའི་འགུལ་སྐྱོད་ཇུས་གཞི》པར་བསྐྲུན་འགྲེམ་སྤེལ་བྱས་པ་དང་། ཞིང་པ་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པ་དང་ཆེས་མངོན་སུམ་ཡིན་པ། ཆེས་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པའི་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་གཙང་སྦྲའི་གནད་དོན་ལ་དམིགས་ནས། ཞིང་པ་མང་ཚོགས་ཀྱི“རང་གི་དོན་དག་རང་གིས་བསྒྲུབ”པའི་རང་རྟོགས་ལ་སྐུལ་སློང་བྱས་ཤིང་། མང་ཚོགས་ཀྱི་ཉེ་འཁོར་གྱི་དོན་ཆུང་ནས་མགོ་བརྩམས་ཏེ། རྒྱུན་ཆད་མེད་པར་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་དྲག་ཏུ་བཏང་།

《ཇུས་གཞི》ལས་བསྟན་དོན། 2019ལོ་ནས་བཟུང་། ལོ་ངོ་གཅིག་རིང་གི་དུས་ཚོད་བེད་སྤྱད་དེ། གཅིག་བསྡུས་བཅོས་སྐྱོང་བྱེད་པ་བརྒྱུད་ནས། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཕལ་ཆེ་བར་སྡེ་བའི་ནང་དུ་གད་སྙིགས་རང་དགར་མི་སྤུངས་པ་དང་མི་གཡུག་པ་མངོན་འགྱུར་བྱ་དགོས་ལ། བཙོག་ཆུ་གང་བྱུང་དུ་འཕོ་པ་དང་ཕྱིར་ཕུད་པའི་སྣང་ཚུལ་མངོན་གསལ་གྱིས་ཇེ་ཉུང་དུ་གཏོང་བ།   ཁང་པའི་མདུན་རྒྱབ་དང་ཞིང་སྡེའི་ཁོར་ཡུག་གཙང་ཞིང་གྲལ་དག་པ་བཅས་ཡོང་བ་བྱེད་རྒྱུ་རེད། ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་སྙིགས་རོ་དང་སྒོ་ཕྱུགས་ཀྱི་ལུད་རྫོབ་ཕལ་ཆེར་གནོད་མེད་ཅན་གྱི་ཐག་གཅོད་བྱེད་པ་དང་ཡང་ན་ཐོན་ཁུངས་ཅན་དུ་བསྒྱུར་ནས་བཀོལ་སྤྱོད་བྱེད་རྒྱུ་རེད། སྡེ་སྲོལ་དམངས་ཆིངས་བཟང་པོ་ཡོངས་ཁྱབ་ཏུ་གྲུབ་ཀྱང་། ཡུན་རིང་གི་གཙང་སྦྲའི་ནང་རྐྱེན་རིམ་གྱིས་བཙུགས་ནས། སྡེ་དམངས་ཀྱི་གཙང་སྦྲའི་འཕྲོད་བསྟེན་དཔལ་ཡོན་གྱི་འདུ་ཤེས་ཡོངས་ཁྱབ་ཀྱིས་ཇེ་མཐོར་གཏོང་བ་བཅས་ཀྱིས། སྐྱེ་ཁམས་ཁོར་ཡུག་ལ་འཚམ་པའི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱས་ཏེ། ཞིང་པ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་རྒྱུ་རེད།

《ཇུས་གཞི》ལས།  རྫོང་རིམ་པས་གཙོ་འཛིན་དང་ཕྱོགས་མང་པོ་མཉམ་ཞུགས་བྱེད་པ་དང་། སྡེ་བ་སྡེ་ཚན་བྱེད་པ་དང་ཞིང་པ་གྲུབ་ཆ་གཙོ་བོར་འཇོག་པ། ཡུལ་བབ་དང་བསྟུན་ཞིང་རིགས་བགོས་ནས་ལག་ཏུ་བསྟར་བ། སྔོན་དུ་སླ་བ་དང་རྗེས་སུ་དཀའ་བའི་སྒོ་ནས་རིམ་གྱིས་གོང་འཕེལ་གཏོང་བ། སློབ་གསོའི་སྣེ་ཁྲིད་དང་ཡུལ་སྲོལ་བཅོས་བསྒྱུར་བྱེད་པ་བཅས་རྩ་དོན་དུ་འཛིན་དགོས་པའི་བླང་བྱ་བཏོན།  གཙོ་བོ་ཞིང་སྡེའི“གཙང་སྦྲ་གསུམ་དང་བཅོས་བསྒྱུར་གཅིག རྙོག་ཟིང་དྲུག་བཅོས་སྐྱོང་བྱེད་པའི”བྱ་བ་ལེགས་པར་བསྒྲུབ་རྒྱུ་ཡིན་པ་སྟེ། ཞིང་སྡེའི་འཚོ་བའི་གད་སྙིགས་གཙང་སྦྲ་བྱེད་པ་དང་། སྡེ་བའི་ནང་གི་གྲོག་ཤུར་གཙང་སྦྲ་བྱེད་པ། སྒོ་ཕྱུགས་གསོ་སྤེལ་སོགས་ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་གད་སྙིགས་གཙང་སྦྲ་བྱེད་པ་དང་། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཀྱིན་པའི་གོམས་སྲོལ་ངན་པ་བསྒྱུར་བ། ཞིང་སྡེའི“རྙོག་ཟིང་དྲུག”ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པ་བཅས་རེད།

གཞན་ཡང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དེང་རབས་ཞིང་ནགས་ཕྱུགས་ལས་དང་ཆུའི་ཐོན་ལས་གོང་དུ་སྤེལ་བའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་པེ་ཅིན་དུ་བསྒྲུབས།

ཉེ་ཆར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ལས་ཞིང་སྡེ་པུའུ་ལས་བྱེད་དོ་དམ་སློབ་གླིང་གིས་འགན་སྒྲུབ་བྱས་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དེང་རབས་ཞིང་ནགས་ཕྱུགས་དང་ཆུའི་ཐོན་ལས་གོང་དུ་སྤེལ་བའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་དེ་ཞིང་ལས་ཞིང་སྡེ་པུའུ་ལས་བྱེད་དོ་དམ་སློབ་གླིང་གིས་བསྒྲུབས་པ་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་། ཁུལ་དང་རྫོང་གི་ཏང་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་བསྡོམས་པས་མི40སློབ་སྦྱོང་ལ་ཞུགས་ཡོད།

ཐེངས་འདིའི་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་བསྒྲུབས་པའི་དགོངས་དོན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བཅས་ལ་སློབ་སྦྱོང་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་མོ་དང་། སྐྱེ་ཁམས་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་པའི་འཐབ་ཇུས་འཆར་གཞི་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགན་ཁུར་ལ་རྐང་བཙུགས་ཏེ། “སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོར་བཙུགས་ནས། “བཞི་ཅན་ལྔའི་འཐབ་ཇུས”ལག་བསྟར་གཏིང་ཟབ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་བྱེད་པར་གཞུང་ལུགས་ཐད་ཀྱི་གྲ་སྒྲིག་འཛོམས་པོ་ཡོད་པ་དང་། ཞིང་ནགས་ཕྱུགས་ལས་དང་ཆུའི་ཐོན་ལས་བྱ་བའི་རིགས་ལམ་རྒྱ་བསྐྱེད་དེ། ཞིང་ཆེན་ཡོངས་ཀྱི་ཞིང་ནགས་ཕྱུགས་ལས་དང་ཆུའི་ཐོན་ལས་ལྗང་མདོག་དང་། འཁོར་སྐྱོད། ཐཱན་ཉུང་། འཆམ་མཐུན་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཞིབ་འཇུག་བགྲོ་གླེང་འཛིན་གྲྭའི་སློབ་མ་རྣམས་ལ་བསླབས་རྗེས་གོ་རྟོགས་ཡོད་པ་དང་། བསླབས་རྗེས་ཐོབ་བྱ་ཡོད་པ། བསླབས་རྗེས་གྲུབ་འབྲས་ཡོད་པར་སྐུལ་མ་གཏོང་ཆེད། རྒྱལ་ཁབ་ཀྱི་ཞིང་ལས་དང་སྐྱེ་ཁམས་ཁྱབ་ཁོངས་ཀྱི་འཐབ་ཇུས་ཇུས་ཆོད་གལ་ཆེན་སློབ་སྦྱོང་དང་དྲིལ་སྒྲོག ལག་ཏུ་བསྟར་ཏེ། ཞིང་ནགས་ཕྱུགས་ལས་དང་ཆུའི་ཐོན་ལས་ཀྱི་འགན་འཁུར་ལས་བྱེད་པའི་གཞུང་ལུགས་ཆུ་ཚད་དང་ལག་ལེན་ནུས་པ་དངོས་གནས་མཐོར་འདེགས་བྱུང་བ་དང་། ཞིབ་འཇུག་བགྲོ་གླེང་འཛིན་གྲྭས་བྱེད་ཐབས་སྣ་མང་སྤྱད་ཅིང་། ཏང་གི་གཞུང་ལུགས་དང་། ཏང་གཤིས་སློབ་གསོ་རྨང་གཞི་བྱས་ཏེ། ཞིང་ལས་ཞིང་སྡེ་པུའུ་ཡི་མགོ་ཁྲིད་དང་རྒྱལ་ཡོངས་ཀྱི་མིང་གྲགས་ཆེད་མཁས་པ་གདན་དྲངས་ཏེ་ཆེད་དོན་ཟུར་ཁྲིད་བྱེད་དུ་བཅུག་པ་དང་། ཞིབ་ཀློག་མཉམ་རོལ། ཡུལ་དངོས་སློབ་ཁྲིད། ཞིབ་གྲོས་བརྗེ་རེས། གྲུབ་འབྲས་འབྲི་བ་བཅས་བྱས་ཏེ། ཞིང་ནགས་ཕྱུགས་ལས་དང་ཆུའི་ཐོན་ལས་ཀྱི་འགན་ཁུར་ལས་བྱེད་པས་ཞིང་ཆེན་གྱི་གནས་བབ་ལ་རྐང་འཛུགས་པ་དང་། རྒྱལ་ཡོངས་ལ་མིག་གིས་བལྟས་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དེང་རབས་ཞིང་ནགས་ཕྱུགས་ལས་དང་ཆུའི་ཐོན་ལས་འཕེལ་རྒྱས་ལ་བྱས་རྗེས་འཇོག་པར་སྐུལ་ཁྲིད་བྱས། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།