མཐོ་སྒང་གི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ།
2019.03.26 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 63

 རྩྭ་ཐང་གི་ས་བཅུད་ཤོར་བ་དང་ས་ནག་བྱེ་ཐང་དུ་འགྱུར་བའི་རྒྱུ་རྐྱེན།

སའི་གོ་ལའི་ངོས་སུ་སྔོ་ལྗང་གི་རྩི་ཏོག་གིས་ཁེབས་པའི་ཞིང་ཁམས་དེ་ནི་རྩྭ་ཐང་གི་ཁོར་ཡུག་ཡིན་པ་དང་། རྩྭ་ཐང་གིས་ཧ་ལམ་སའི་གོ་ལའི་སྐམ་སའི་རྒྱ་ཁྱོན་གྱི་ལྔ་ཆའི་གཅིག་ཙམ་ཟིན་ཡོད། རྩྭ་ཐང་དུ་སྔོ་རྩྭ་ལས་གཞན་ད་དུང་རི་སྐྱེས་མེ་ཏོག་དང་རྩི་ཤིང་མང་པོ་སྐྱེས་ཡོད།  རྩྭ་ཐང་གི་རྩི་ཤིང་མང་ཆེ་བ་ནི་ལོ་མང་སྐྱེ་བའི་རྩྭ་རིགས་རྩི་ཤིང་ཡིན།

རང་རེའི་རྒྱལ་ཁབ་ཀྱི་རྩྭ་སར་མཚོན་ན་འཛམ་གླིང་སྟེང་ཨང་གསུམ་པར་གྲགས་ཡོད་པ་དང་།  1980 ལོར་རྒྱལ་ཡོངས་ཀྱི་རྩྭ་སའི་ཐོན་ཁུངས་བརྟག་དཔྱད་བྱས་པ་ལྟར་ན།  རང་རྒྱལ་གྱི་རྩྭ་སའི་རྒྱ་ཁྱོན་ལ་ཧ་ལམ་སྤྱི་ཆིང་དུང་ཕྱུར 4 ཡོད་ལ། ཕལ་ཆེར་རྒྱལ་ཁབ་ཀྱི་སྐམ་སའི་མངའ་ཁོངས་ཀྱི 40% ཡན་ཆད་བཟུང་ཡོད ། རང་རྒྱལ་གྱི་རྩྭ་ས་ལ་ཁག་ཆེན་པོ་གསུམ་དུ་བགོས་ཡོད་དེ །    བྱང་གི་དྲོད་ཁུལ་རྩྭ་ཐང་དང་། མདོ་དབུས་མཐོ་སྒང་གི་འཁྱག་ཁུལ་རྩྭ་ཐང་། ལྷོ་ཡི་ཚ་ཁུལ་དང་ཚ་འབྲིང་ས་ཁུལ་རྩྭ་ཐང་བཅས་གསུམ་ཡོད། དེའི་ནང་མདོ་དབུས་མཐོ་སྒང་གི་འཁྱག་ཁུལ་རྩྭ་ཐང་ཞེས་པ་ནི་རང་རྒྱལ་གྱི་ནུབ་ལྷོ་ས་ཁུལ་གྱི་མཚོ་སྔོན་དང་། བོད་ལྗོངས། ཀན་སུའུ་ནུབ་ལྷོ། སི་ཁྲོན། ཡུན་ནན་གྱི་ནུབ་བྱང་ས་ཁུལ་བཅས་ལ་ས་ཁམས་རིག་པའི་ཐོག་མདོ་དབུས་མཐོ་སྒང་དུ་འབོད་པ་ཡིན།

རྩྭ་ཐང་གི་ཁོར་ཡུག་ནི་མིའི་རིགས་ཀྱི་ཕྱུགས་ལས་ཀྱི་རྟེན་གཞི་ཡིན་པ་དང་།  དེས་མིའི་རིགས་ལ་འཛད་མཐའ་མེད་པའི་ཕྱུགས་ལས་ཐོན་རྫས་མང་པོ་མཁོ་སྤྲོད་བྱེད་བཞིན་ཡོད་པས་སའི་གོ་ལའི་ཁོར་ཡུག་དང་དེའི་སྟེང་གི་སྐྱེ་དངོས་ཡོངས་ལ་ཕན་ནུས་གལ་ཆེན་འདོན་བཞིན་ཡོད་པ་ཡིན །

དང་པོ།      མདོ་དབུས་མཐོ་སྒང་གི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག

མདོ་དབུས་མཐོ་སྒང་གི་རྩྭ་ཐང་ལ་སྤང་ངོས་ཀྱི་རྩྭ་ས་དང་རྩྭ་ཐང་གི་རྩྭ་ས། རི་སྒང་གི་རྩྭ་ས། ན་འདམ་གྱི་རྩྭ་ས། ཐང་རྒོད་ཀྱི་རྩྭ་ས། ནགས་ཚལ་གྱི་རྩྭ་ས་བཅས་རིགས་འགའ་ཡོད །    རྩྭ་ཐང་མང་ཆེ་བར་སྐྱེ་སྟོབས་ལྡན་ཞིང་འཚོ་བཅུད་ཆེ་བས་སྒོ་ཕྱུགས་རྟ་ནོར་ལུག་གསུམ་སོགས་འཚོ་སྐྱོང་བྱེད་པར་འཚམ་པ་དང་རི་སྐྱེས་སྲོག་ཆགས་མང་པོས་ཅི་འདོད་སྒོས་ལོངས་སྤྱོད་ཆོག་ལ་དེ་དག་གི་རང་རྒྱུད་སྤེལ་སའི་གནས་ཕུན་སུམ་ཚོགས་པ་ཞིག་ཡིན །

སྤྱིར་མདོ་དབུས་མཐོ་སྒང་ནི་རྒྱ་མཚོའི་ངོས་ལས་ཆེས་མཐོ་བ་སྟེ་ཆ་སྙོམས་ཀྱིས་མུས3500—5000 ཡོད་པ་དང་། ས་གཞིའི་རྒྱ་ཁྱོན་ཆེས་ཆེ་བ།    མཐོ་སྒང་གི་ཆགས་ཚུལ་ཆེས་གསར་བ་ཞིག་ཡིན་པ་བཅས་ཁྱད་ཆོས་ཆེན་པོ་གསུམ་ལྡན་ཞིང་། དེའི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་མཚོན་ན་ཆར་ཆུ་ཉུང་ཞིང་སྐམ་ཤས་ཅུང་ཆེ་བ །  རྩྭ་རིགས་རྩི་ཤིང་མང་བ ། རྐྱང་དང་གཙོད་སོགས་རྒྱུག་རྩལ་ལྡན་པའི་རི་དྭགས་མང་བ། ནགས་ཚལ་དང་བསྡུར་ན་རྩི་ཤིང་དང་སྲོག་ཆགས་ཀྱི་རིགས་ཉུང་སྟེ །ལྷག་པར་དུ་ཤིང་སྡོང་མཐོན་པོ་དང་ཆུ་སྐྱེས་སྲོག་ཆགས །  སྐམ་ཆུ་གཉིས་གནས་ཀྱི་སྲོག་ཆགས་སོགས་ཅུང་དཀོན་པ་ཞིག་ཡིན །

ནམ་མཁའ་སྔོ་ཞིང་དྭངས་ལ། ཆུ་བོ་དྭངས་ཞིང་གཙང་བ། ས་གཞི་ལྗང་ཞིང་སྣུམ་པ།   རྩྭ་ཐང་ནི་རི་སྐྱེས་སྲོག་ཆགས་དང་འདབ་ཆགས་བྱ་ཡི་རིགས་བག་ཡངས་སུ་རྒྱུ་གནས་དང་འབྲོག་པ་མང་ཚོགས་ཀྱིས་ཕྱུགས་འཚོ་སྐྱོང་བྱེད་པའི་ལྟེ་གནས་གཙོ་བོ་ཞིག་ཀྱང་ཡིན། རྩྭ་ཐང་གི་ས་བཅུད་ཤོར་བ་དང་ས་ནག་བྱེ་ཐང་དུ་སོང་ནས་རྩྭ་ཐང་ལ་གནོད་འཚེ་ཐེབས་པ་དེ་ནི་ཕྱོགས་གཅིག་ནས་དེང་སྐབས་འཛམ་གླིང་ཡོངས་ཀྱི་གནམ་གཤིས་ཇེ་དྲོ་རུ་སོང་ནས་ཐན་པ་བྱུང་བ་དང་ །    ས་འགུལ་ཆེན་པོ་བྱུང་ནས་ས་གཤིས་ལ་གནོད་པ་ཐེབས་པ། ཆུ་ལོག་ཆེ་ཆུང་གི་གནོད་པ་དང་རི་ལུང་མེ་རུ་ཤོར་བ། ད་དུང་ཨ་བྲ་དང་བྱི་ལོང་སོགས་ཀྱིས་རྩྭ་ཐང་ལ་གནོད་པ་ཆེན་པོ་བཏང་ནས་སྔོ་ལྗང་གི་རྩྭ་ཐང་མང་པོ་ཞིག་ས་ནག་དུ་གྱུར་བ་ཡིན་ཞིང་། གནོད་འཚེ་དེ་དག་ནི་མིའི་རིགས་ཀྱིས་འགོག་ཐབས་མེད་པའི་རང་བྱུང་ཁམས་ཀྱི་འགྱུར་ལྡོག་དང་གནོད་འཚེ་ལས་བྱུང་བ་ཡིན། ཕྱོགས་གཉིས་ནས་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བ་ནས་བཟུང་ཏེ་མི་རྣམས་ཀྱིས་ས་རྒོད་སློག་ནས་ཞིང་སར་བསྒྱུར་བ་དང་། ནགས་ཚལ་བཅད་ནས་འཛུགས་སྐྲུན་བྱེད་པ། གཏེར་ཁ་སློག་ནས་དཔལ་འབྱོར་གོང་དུ་སྤེལ་བ། དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་མང་པོ་གང་བྱུང་དུ་བརྐོས་ནས་ཚོང་རར་འགྲིམས་པ།   སྤང་ཤུན་བཀོག་པ །  རི་སྐྱེས་སྲོག་ཆགས་གསོད་པ།  ག་ས་གང་དུ་ཁང་པ་ཕུབ་པ་དང་བཟོ་གྲྭ་འཛུགས་པ་སོགས་རྩྭ་ཐང་ལ་གནོད་པའི་ལས་ཚད་མེད་པ་བྱས་པས་ཐན་སྐམ་དང་ཆུ་ལོག་གི་གནོད་པ་ཐེབས་པ་དང་། འདབ་ཆགས་བྱ་ཡི་གསུང་སྙན་མི་གོ་བ།   རི་དྭགས་རྩ་ཆེ་བ་མིག་གི་མཐོང་སར་མེད་པ།  ས་ཆུའི་དགེ་བཅུད་ཤོར་ནས་ཕྱུགས་རྩྭ་མི་སྐྱེ་བ་སོགས་རིམ་བཞིན་མཛེས་སྡུག་གི་རྩྭ་ཐང་དང་རི་ལུང་ཐམས་ཅད་ས་ནག་དང་བྱེ་མ་ཅན་དུ་གྱུར་བ་རེད།

མདོ་དབུས་མཐོ་སྒང་གི་ཡངས་ཤིང་མུ་མཐའ་བྲལ་བའི་རྩྭ་ཐང་ནི་བོད་མི་རིགས་ཀྱི་ཁྱིམ་གཞིའི་འཚོ་རྟེན་ཡིན་པ་དང་། རྩྭ་ས་ནི་ཕྱུགས་ལས་ལ་མཚོན་ན་ཐོན་སྐྱེད་ཀྱི་མ་མཐའི་རྒྱུ་ཆ་ཡིན་ལ་རྒྱ་ཆེ་བའི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་ཤ་མར་ཆུར་བ་དང་།  དྲི་ཞིམ་འོ་ཞོ།   བལ་འཇམ་པགས་རིགས། སིལ་ཏོག་སྨན་རྩྭ་སོགས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན། ད་དུང་རྩྭ་ཐང་གིས་བྱེ་རླུང་འགོག་པ་དང་། ས་ཆུ་སྲུང་འཛིན་བྱེད་པ། ས་གཤིས་ཇེ་ལེགས་སུ་གཏོང་བ།  མཁའ་དབུགས་གཙང་བོར་བསྒྱུར་བ།  གནམ་གཤིས་ཀྱི་དྲོད་གྲང་སྙོམ་པ་སོགས་ཕན་ནུས་གང་མང་ལྡན།

རྩྭ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་མདོ་དབུས་མཐོ་སྒང་དང་ཐ་ན་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་དོ་མཉམ་ཡོང་བར་ཕན་པ་རྒྱ་ཆེ་ཞིང་མི་སྲོག་སྐྱེ་དངོས་ཡོངས་ཀྱི་བདེ་སྐྱིད་ཀྱི་རེ་བ་ཉག་ཅིག་ཡིན། དེར་བརྟེན། གཅིག་ནས་ཨ་བྲ་དང་བྱི་ལོང་སོགས་ཀྱིས་རྩྭ་ཐང་ལ་གནོད་པ་ཚབས་ཆེན་གཏོང་བར་སྔོན་འགོག་བྱེད་རྒྱུ་ནི་རྩྭ་ས་སྲུང་སྐྱོབ་བྱེད་པའི་གནད་འགག་ཞིག་ཡིན། གཉིས་ནས་མི་རྣམས་ཀྱིས་ས་རྒོད་མི་སློག་པ་དང་། རྨོ་ཞིང་བསྐྱུར་ནས་རྩྭ་འདེབས་པ། ཕྱུགས་ཟོག་གི་གྲངས་ཀ་ཇེ་ཉུང་དུ་བཏང་ནས་རྩྭ་ཐང་གི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་བཅས་ནི་རྩྭ་ས་སྲུང་སྐྱོབ་བྱེད་པའི་ཐབས་བཀོད་གལ་ཆེན་ཞིག་ཡིན།  གསུམ་ནས་རྩྭ་སའི་ནང་ས་རྐོ་རྡོ་སློག་དང་གཅོད་འབྲེག་འབལ་གསུམ་སོགས་མི་བྱེད་པ་དང་། ལྷག་པར་དུ་དཔལ་འབྱོར་གྱི་རིན་ཐང་ཉུང་ཉུང་ཙམ་གྱི་ཆེད་དུ་ས་རྒོད་སློག་པ་དང་ །  སྨན་རྩྭ་རྐོ་བ། སྤང་ཤུན་བཀོག་པ།   ཕྱུགས་ཟོག་འཚོ་གྲངས་མང་བ །   རི་ལུང་གི་གཏེར་ཁ་སྔོག་འདོན་བྱེད་པ་སོགས་ཀྱི་ལས་ལ་ཧ་ཅང་འཛེམ་དགོས་པ་དང་ལས་དེ་དག་གཏན་ནས་མི་བྱེད་པ་དེ་ལས་ཀྱང་གལ་ཆེ་བ་ཞིག་ཡིན །

དཔེར་ན་ལོ་རེ་རེར་ང་ཚོས་དབྱར་རྩྭ་དགུན་འབུ་གང་འདོད་དུ་བརྐོས་ནས་སྤང་ཤུན་བཀོག་ན་ཕྱུགས་ལས་ཐོན་སྐྱེད་ཀྱི་རྨང་གཞིར་གནོད་སྐྱོན་ཐེབས་པར་མ་ཟད  ། རྩྭ་སའི་ས་བཅུད་ཤོར་ནས་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་ཚབས་ཆེན་འབྱུང་བཞིན་པ་དེ་ནི་སུས་ཀྱང་ཡིད་འཇོག་མི་བྱེད་པའི་གནས་སུ་གྱུར་ཡོད །

ང་ཚོའི་མེས་པོ་རྣམས་ནི་བསྐལ་བ་ཡ་ཐོག་ནས་བཟུང་མདོ་དབུས་མཐོ་སྒང་དུ་འཚོ་བ་རོལ་ཞིང་གཞི་ཆགས་པ་དང་། སྔོ་ལྗང་གི་རྩྭ་ཐང་ནི་བོད་མིའི་སྒོ་ཟོག་རྟ་ནོར་ལུག་གསུམ་གྱི་འཚོ་གནས་དང་ཤ་མར་ཐུད་གསུམ་གྱི་འབྱུང་གནས་ཡིན་པས། སྤང་ཐང་དང་ནེའུ་གསིང་གང་བྱུང་དུ་གཅོད་འབྲེག་འབལ་གསུམ་དང་མེར་སྒྲོན་པ་དང་བསྲེག་པའི་ལས་མི་བྱེད་པར་རྩྭ་ཐང་གི་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱེད་པའི་གོམས་སྲོལ་ཡག་པོ་ཞིག་བོད་རིགས་མང་ཚོགས་ཀྱི་རྒྱུད་ལ་གྲུབ་ཡོད།  བོད་མི་ཀུན་གྱིས་བོད་ཁམས་ནི་གངས་རི་དཀར་པོའི་མུ་ཁྱུད་ཀྱིས་ཀུན་ནས་སྐོར་ཞིང་། ག་ས་གང་དུ་རྟ་ནོར་ལུག་གསུམ་གྱིས་ཁྱབ་ཡོད་པར་མ་ཟད། མཛེས་པའི་རྩྭ་ཐང་དང་དྲི་བསུང་འཐུལ་བའི་མེ་ཏོག་གི་ཚོམ་བུ་རེ་རེ་ནི་ཕྱོགས་སོ་སོ་ནས་མཐོང་རྒྱུ་ཡོད་ལ། ལྷག་པར་དུ་ཡུལ་དེ་ན་འཚོ་བའི་བོད་མི་རྣམས་ནི་ངང་རྒྱུད་རིང་ལ་བྱམས་དང་སྙིང་རྗེ་ཆེ་བ། གཏོང་ཕོད་ཆེ་ཞིང་འདོད་ཆུང་ཆོག་ཤེས་ཅན་གྱི་གཤིས་རྒྱུད་ལ་བརྟེན་ནས་ཁོ་ར་ཁོར་ཡུག་གི་སྣོད་བཅུད་ལ་བཀུར་ཞིང་བསྟོད་པའི་འདུ་ཤེས་རྣམ་དག་གིས་ཁེངས་ཡོད།   དེ་བཞིན་དུ་མི་སུ་ཞིག་ཡིན་ནའང་སའི་གོ་ལའི་རྩྭ་ཐང་གི་ཁོར་ཡུག་ལ་བཙོག་བཟོ་མི་བྱེད་པར་ཡ་རབས་ཀྱི་སྤྱོད་ལམ་དང་ཀུན་ཕན་གྱི་འདུ་ཤེས་བཟང་པོ་ཞིག་རང་རྒྱུད་ལ་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན།

སྐྱེ་ཁམས་རིག་པ་སྲུང་སྐྱོབ་ཀྱི་ལྟ་བ་ནི་རིག་གནས་དང་རང་བྱུང་ཁམས་གཉིས་ཕན་ཚུན་མཐུན་སྦྱོར་བྱེད་ནུས་འདོན་པ་དེ་ཡིན། རིག་གནས་གང་ཞིག་ཡིན་རུང་རང་བྱུང་དང་མཐུན་པ་ཡིན་ན་འཕེལ་རྒྱས་སུ་འགྲོ་ཐུབ་པ་དང་། རིག་གནས་གང་ཞིག་ཡིན་རུང་རང་བྱུང་ཁམས་ཀྱི་འཕེལ་རྒྱས་དང་མ་མཐུན་ན་རང་ཤུགས་ཀྱིས་ཉམས་རྒུད་དུ་འགྲོ་བ་དང་མེད་པར་ཆགས་འགྲོ། རིག་གནས་དང་དཔལ་འབྱོར་གཉིས་དོ་མཉམ་བྱུང་ན་ནུས་པ་གལ་ཆེན་འདོན་ཐུབ་པ་རེད། རིག་གནས་ཟེར་བ་ནི་མི་རིགས་ཤིག་གིས་རང་གི་མཐའ་སྐོར་གྱི་རང་བྱུང་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་མཐུན་གནས་བྱེད་པའི་རིགས་ལམ་གཏན་ཆགས་ཅན་ཞིག་རེད། རིག་གནས་ཀྱི་ནང་དུ་ཤེས་པ་སྣ་ཚོགས་ཤིག་ཡོད་པ་རེད། དེ་ཞིབ་ཏུ་བཤད་ན། མི་རིགས་དེའི་འཇིག་རྟེན་ལྟ་ཚུལ་དང་། ཐོན་སྐྱེད་འཚོ་བའི་བྱེད་སྟངས། སྤྱི་ཚོགས་རྩ་འཛུགས། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་འདྲིས་སོགས་འདུས་ཡོད།

དེ་བཞིན་སྤྱི་ཚོགས་དང་ཁོར་ཡུག མི་དང་རང་བྱུང་ཁམས་མཐུན་སྦྱོར་བྱེད་པ། མི་དང་སྐྱེ་དངོས་རྩི་ཤིང་མཐུན་སྦྱོར་བྱེད་པ། མི་དང་རི་སྐྱེས་སྲོག་ཆགས་མཐུན་སྦྱོར་མཉམ་གནས་དོ་མཉམ་ཞིག་ཡིན་པའི་རིག་གཞུང་གལ་ཆེན་ཞིག་ཡིན་དགོས། གལ་ཏེ་དོ་མ་མཉམ་ན་འཛམ་བུ་གླིང་ལ་ས་འགུལ་ཐེབས་པ་དང་། ཆུ་ལོག་རྒྱུག་པ་སོགས་རང་བྱུང་གི་གནོད་འཚེ་ཆེན་པོ་ཐེབས་སྲིད།

ད་ལྟ་འཛམ་གླིང་ལ་ཐེབས་པའི་སྤྱི་ཚོགས་ཀྱི་གནད་དོན་ཆེན་པོ་ལྔ་ལ་ཕྲད་པ་སྟེ། དང་པོ་འབྲུ་རིགས་ཀྱི་གནད་དོན། འབྲུ་རིགས་ཀྱིས་འདང་བཞིན་མེད་པ། དཔེར་ན་ཧྥེ་གླིང་ན་མི་ནག་ལ་ཟས་བཅུད་ཀྱིས་འདང་བཞིན་མེད་པ་ལྟ་བུ།  གཉིས་པ་ཐོན་ཁུངས་ཀྱི་གནད་དོན། དེང་སང་ཐོན་ཁུངས་ཡོངས་རྫོགས་འཛད་སྤྱོད་བྱས་ནས་ཚར་བཞིན་པའི་གནད་དོན་དང་། ནང་སྒོས་སུ་མི་རྣམས་ཀྱིས་ཚད་བརྒལ་སྒོས་འཛད་སྤྱོད་བྱེད་བཞིན་པ་དང་། གྲོན་ཆུང་མི་བྱེད་པའི་འཛད་སྤྱོད་དེ་བོད་ཀྱི་རིག་གནས་ནང་ནས་འདོད་ཆུང་ཆོག་ཤེས་ཟེར་བ་དེ་གལ་ཆེ་བ་རེད་བསམ།   དེང་སང་དཔལ་འབྱོར་གྱི་སྟེང་ནས་བརྒྱགས་སོང་བས་འཕྲོ་བརླགས་ཏུ་གཏོང་བཞིན་ཡོད་པས། འདོད་ཆུང་ཆོག་ཤེས་བསྟེན་རྒྱུ་དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་སྟེང་དུ་ཧ་ཅང་བཀོལ་ན་འཚམ་པའི་ལྟ་བ་ཞིག་རེད། གསུམ་པ་ནུས་ཤུགས་ཐོན་ཁུངས་ཀྱི་གནད་དོན། རྡོ་སྣུམ་ལ་སོགས་པའི་ནུས་ཤུགས་ཀྱི་ཐོན་ཁུངས་དེ་ས་འོག་ནས་བཏོན་ཏེ་ཟད་བཞིན་པ་དང་། ང་ཚོ་བོད་ཁུལ་ལ་མཚོན་ན་མཐོ་སྒང་གི་དུས་ཚིགས་བཞི་པོར་ཉི་འོད་ཀྱིས་དྲོ་བས་ཉི་མའི་ནུས་ཤུགས་ལ་བརྟེན་ནས་གློག་ཤུགས་འདོན་སྤྲོད་བྱེད་པ་དང་། ཉི་མའི་ནུས་ཤུགས་སྔོག་འདོན་ལ་བརྟེན་ནས་རླངས་འཁོར་དང་འཕྲུལ་རྟ་སོགས་ལ་ཉི་མའི་གློག་ཤུགས་བཀོལ་ནས་རྡོ་སྣུམ་ལྡུག་མི་དགོས་པར་ཉི་མའི་ནུས་ཤུགས་ལ་བརྟེན་པར་བྱེད་ན་བཟང་། བཞི་པ་ཁོར་ཡུག་ལ་ཐད་ཀར་འབྲེལ་བ་ཡོད་པ་ཐམས་ཅད་ནི་སྐྱེ་ཁམས་རིགས་པས་སེལ་དགོས་པ་དང་སྐྱེ་ཁམས་རིག་པས་དག་སེལ་བྱ་དགོས་པར་སྙམ།

སྐྱེ་ཁམས་རིག་པ་མ་བྱུང་བའི་ཡར་སྔོན་དུ་སྐྱེ་ཁམས་མ་ལག་ཟེར་བའི་ཐ་སྙད་འདི་དབྱིན་ཇིའི་སྐྱེ་ཁམས་རིག་པ་བ་ཐན་སི་ལས་ནས་1935ལོར་ཐེངས་དང་པོར་བཏོན།  རྒྱལ་སྤྱིའི་སྟེང་དུ་སྐྱེ་ཁམས་མ་ལག་གི་མཚན་ཉིད་ཁ་གསལ་ཞིག་སྤྱི་འགྲོས་ཀྱི་ཚུལ་དུ་བཤད་ཡོད་དེ། སྐྱེ་ཁམས་མ་ལག་དེ་སྐྱེ་དངོས་སྐོར་ཁག་དང་ཁོར་ཡུག་ཆ་རྐྱེན་གཉིས་བསྣན་པ་ལས་གྲུབ། སྐྱེ་དངོས་སྐོར་ཁག་དེའི་འཚོ་གནས་ཁོར་ཡུག་ཏུ་གྱུར་པའི་བར་སྟོང་གི་རང་བྱུང་དངོས་གཟུགས་ལ་སྐྱེ་ཁམས་མ་ལག་ཟེར། དཔེར་བཞག་ན། རང་བྱུང་ཁམས་ཀྱི་སྐྱེ་ཁམས་མ་ལག་ནི་རིགས་མང་དཔེ་མང་ཅན་ཞིག་ཡིན་ཏེ། ཆུ་ཐིགས་པ་གཅིག མཚེའུ་ཞིག ནགས་ཚལ་གྱི་ཀློང་། ཡངས་པའི་རྩྭ་ཐང་། ཆུ་མཛོད། གྲོང་ཁྱེར་བཅས་ནི་སྐྱེ་ཁམས་མ་ལག་གཅིག་ཏུ་གྱུར་ཡོད།  འོན་ཀྱང་བོད་ཁུལ་གྱི་སྐྱེ་ཁམས་མ་ལག་ཏུ་སྐྱེ་དངོས་དང་ཁོར་ཡུག་གི་ཆ་རྐྱེན་ཡིན་ཏེ། ཡིན་ཡང་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཞིག་ཀྱང་དགོས་པ་དང་། བོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དེར་ཕྱིའི་སྣོད་ཀྱི་འཇིག་རྟེན་ཁོར་ཡུག་སྲུང་སྐྱོབ་དང་ནང་བཅུད་ཀྱི་སེམས་ཅན་ཁོར་ཡུག་སྲུང་སྐྱོབ་གཉིས་དགོས་པར་སྙམ།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།