འབྲོག་པ་མང་ཚོགས་ཀྱིས་ལོ་ངོ་བཅུའི་རིང་གི་མཚོ་བྱང་གི་སྐྱེ་ཁམས་འཕོ་འགྱུར་གྱི་རྣམ་པར་བདེན་དཔང་བྱས།
2019.03.28 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 37

 “ སྔོན་ཆད། ཟླ2 པ་དང་ཟླ3 པར་ས་འདིའི་ནོར་ལུག་གི་ཤ་ཤེད་ཞན་ལ། རྩྭ་སའི་ནང་རྩྭ་མེད་པ་དང་། ཁོར་ཡུག་ཀུན་ཏུ་རླུང་འཚུབ་ལྡང་ཞིང་ཐལ་རྡུལ་དྲག་པོས་གཡོགས་ངེས། ལྟོས་དང་། ད་ལྟ་རྩྭ་ས་ཇི་འདྲའི་བཟང་པ་ལ། ནོར་ལུག་དག་ལ་ཡང་ཇི་འདྲའི་ཤ་ཤེད་རྒྱས་ཡོད་ཨང་ ” ཞེས་ཚེ་བྷོས་དེ་ལྟར་བཤད་།

ཟླ་གསུམ་པའི་ཚེས་24ཉིན། གསར་འགོད་པ་མཚོ་སྔོན་པོའི་བྱང་ངོགས་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཐོན། ཧྭ་དཱ་རྩྭ་ཐང་དང་། མཚོ་འཁྱིལ་ཞང་ཉིན་ཞྭ་ཡུལ་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོས་གསར་འགོད་པར་བཤད་རྒྱུར་། “ རྩྭ་ཐང་འདི་ནི་ང་རང་སྐྱེས་ས་དང་ང་རང་འཚོ་ས་ཡིན། ད་ལྟ་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་ཏེ་སྐྱེ་ཁམས་སླར་གསོ་བྱས་ཡོད། རྩྭ་ཐང་དང་མཚོ་སྔོན་པོའི་མཐའ་འཁོར་ཡོད་ཚད་སྔོ་ཞིང་ལྗང་། མིའི་སེམས་ཁམས་ལ་ཡང་ཚོར་བ་སྐྱིད་པོ་ཞིག་སྦྱིན་འོང་། ”

མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་གནས་གལ་ཆེན་ཞིག་ཡིན། དེས་ནུབ་རྒྱུད་ཀྱི་བྱེ་འགྱུར་ཤར་ཕྱོགས་སུ་རྒྱ་བསྐྱེད་པ་སྔོན་འགོག་བྱེད་ཐུབ་པ་དང་།  ས་ཁོངས་ནང་ཁུལ་གྱི་གནམ་གཤིས་སྙོམས་སྒྲིག་བྱེད་པར་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པས། སྐྱེ་ཁམས་ཁོར་ཡུག་གི་ཁྱད་ཆོས་དང་དེའི་འགྱུར་ལྡོག་གིས་ཚད་ངེས་ཅན་ཞིག་གི་ཐོག་ནས་མདོ་དབུས་མཐོ་སྒང་སྤྱིའི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་གི་རྣམ་པ་མཚོན་གྱི་ཡོད་པ་མ་ཟད། ཚྭ་འདམ་གཞོང་ས་དང་། གཙང་གསུམ་འབྱུང་ཡུལ། མདོ་ལ་རི་རྒྱུད་སོགས་ཀྱི་ས་ཁུལ་ཚང་མར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད།

ཚེ་བྷོས་ཕྱིར་དྲན་བྱས་ནས་བཤད་རྒྱུར། 2008ལོའི་ཡར་སྔོན་དུ། ཧྭ་དཱ་རྩྭ་ཐང་དུ་ལྕགས་ར་འཐེན་མེད་པས། དགུན་ཁར་ཧྭ་དཱ་ཐང་གི་འབྲོག་པས་ནོར་ལུག་གང་སར་བཀྲམས་ཏེ་འཚོ་སྐྱོང་བྱེད་ཀྱི་ཡོད་ལ། བྱེ་རྡུལ་འཚུབ་ཏེ་མིའི་མིག་ཡང་འབྱེད་དཀའ།

སྐབས་དེར་ངས་རྩྭ་ས་མུའུ་སྟོང་གཉིས་དགུ་བརྒྱ་ཡི་སྟེང་དུ་ལུག་སྟོང་གཅིག་ཉིས་བརྒྱ་ ལྷག་ཙམ་འཚོ་སྐྱོང་བྱས་ཡོད། ཁངས་ཆགས་དང་དྲག་རླུང་ལ་འཕྲད་དུས་ནོར་ལུག་མང་པོ་འཆི་ཞིང་། རྒྱུན་དུ་རྒན་པ་ཚོས་གནས་ཚུལ་འདི་ལ་སྐྱོ་བའི་དབུགས་རིང་འབྱིན། རྩྭ་ཐང་ནི་འབྲོག་པའི་འཚོ་བའི་རྐང་འཛུགས་ས་ཡིན་པས། གནམ་རྒན་མས་ང་ཚོའི་འབྲོག་པ་རྣམས་ལ་འཚོ་བ་སྐྱིད་པོ་ཞིག་རོལ་ཏུ་མ་བཅུག ” ཅེས་ཚེ་བྷོས་དེ་ལྟར་བཤད།

ཉེ་བའི་ལོ་བཅུའི་རིང་། གནམ་གཤིས་ཇེ་དྲོར་ཕྱིན་པ་དང་མིའི་རིགས་ཀྱི་འགུལ་སྤྱོད་ཀྱི་ཤུགས་རྐྱེན་འོག མཚོ་སྔོན་པོ་ཇེ་ཆུང་དུ་སོང་ཞིང་རྩྭ་ས་ཇེ་ཞན་དུ་སོང་བ་དང་། ས་ཞིང་བྱེ་འགྱུར་དང་སྐྱེ་དངོས་སྣ་མང་ཅན་གྱི་རང་བཞིན་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མང་པོ་བྱུང་ཡོད། 2008ལོར། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་པ་ནས་བཟུང་།  རྩྭ་ས་དང་བསྟུན་ནས་ཕྱུགས་གྲངས་གཏན་འཁེལ་བྱེད་པ་དང་། རྩྭ་ཕྱུགས་དོ་མཉམ་རྣམ་པའི་གཅིག་སྡུད་ཅན་གྱི་བདག་གཉེར་བྱེད་ཐབས་དེ་རྩྭ་ས་དང་ཕྱུགས་ར་ནས་དར་འགོ་ཚུགས།

“ སྔོན་ཆད་ལུ་གུ་མི་བཙོང་ལ། ལུ་གུ་ལོ་གཉིས་ཙམ་ལ་སླེབས་དུས་གཞི་ནས་གསོ་ཁ་ནས་ཕྱིར་གཏོང་བ་དང་། ཕྱུགས་འཚོ་སྐྱོང་གི་ཚད་མང་དྲགས་པས་རྩྭ་རའི་གནོན་ཤུགས་ཇེ་ཆེ་དང་རྩྭ་ས་ཞན་འགྱུར་ཚབས་ཆེ་རུ་སོང་། ” ཚེ་བྷོས་མུ་མཐུད་དུ་བཤད་རྒྱུར། གནད་དོན་དེ་ཐག་གཅོད་བྱེད་ཆེད། སྡེ་བས་ཐུན་མོང་གིས་གྲོས་མོལ་བྱས་ཏེ་མོ་ཕྱུགས་མིན་པའི་ཕྱུགས་ཟོག་འབོར་ཆེན་ཕྱིར་བཙོངས་པ་དང་། ལུ་གུར་སྔ་མོ་ནས་མ་མོ་དང་ཁ་བཀར་ཏེ། ཟླ2 ཀྱི་རྗེས་སུ་གཟན་ཆས་བྱིན་ནས་གསོ་བ། ཟླ6 འགོར་རྗེས་གསོ་ར་ནས་ཕྱིར་གཏོང་བཞིན་ཡོད། 2012 ལོ་ནས་བཟུང་རྩྭ་ར་བསྐོར་བས་ཕྱུགས་ཟོག་འཚོ་སྐྱོང་དང་རྩྭ་ཕྱུགས་དོ་མཉམ་གྱི་གནས་བབ་ཇེ་ལེགས་སུ་སོང་།

2018 ལོའི་ལོ་མཇུག་ཏུ། རྐང་ཚ་རྫོང་གིས་བྱེ་འགྱུར་ཅན་གྱི་ཉམས་ཞན་དུ་སོང་བའི་རྩྭ་ས་སྤྱི་ཆིང་ཁྲི་གཅིག་སྟོང་དགུ་བཅོས་སྐྱོང་བྱས།

“ ང་ཚོས་བུ་ཧཱ་ཆུ་བོ་དང་། སྐྱིད་སྨོན་ཆུ། འོམ་ཆུ་སོགས་ཀྱི་ཆུ་ལམ་གཙང་བཅོས་བྱས་ཤིང་། འོམ་ཆུའི་བརླན་ས་སྲུང་སྐྱོབ་སྤྱི་གླིང་བཙུགས་པ་དང་། གསེར་ཉ་གྱེན་བགྲོད་ཀྱི་ཆུ་ལམ7འཛུགས་སྐྲུན་བྱས་པ་མ་ཟད། དགོ་བའི་འཚོ་གནས་ས་ཁུལ་དུ་ཆུ་འདྲེན་ཡུར་ལམ་བསྐྲུན་ཏེ། སྔར་ལས་ནུས་པ་ལྡན་པའི་སྒོ་ནས་མཚོ་སྔོན་པོའི་རྒྱུད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་རྒྱུན་འཁྱོངས་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱས་པ་ཡིན”ཞེས་རྐང་ཚ་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཆུ་བེད་ཅུས་ཆུ་བེད་ལས་དོན་ས་ཚིགས་ཀྱི་མགོ་གཙོ་གཞོན་པ་སྟོང་ཆོས་ཀྱིས་དེ་ལྟར་བཤད་བྱུང་།

2008 ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཕྱུགས་རིགས་འཚོ་སྐྱོང་བྱེད་ཚད་ཇེ་ཉུང་དུ་གཏོང་བ་དང་། རྨོ་བསྐྱུར་ནགས་གསོ་རྩྭ་འདེབས་བྱེད་པ། ཕྱུགས་བཀག་རྩྭ་གསོ། སྤང་ཤུན་སླར་གསོ། བཞུར་རྒྱུན་བཅོས་སྐྱོང་། བརླན་སའི་སྐྱེ་ཁམས་ཁ་གསབ། ནགས་ཚལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་བཅོས་སྐྱོང་བྱེད་ཐབས་སྤྱད་དེ་ལོ་ངོ10 ལྷག་ཙམ་རིང་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད། མཚོ་སྔོན་པོ་དང་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད།

གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། མཚོ་སྔོན་པོའི་བྱ་རིགས་ཁྲོད་དུས་རབས་སྔོན་མའི་ལོ་རབས་90བར་ཡོད་པའི་བྱ་རིགས་བརྒྱ་དང་གྱ་དགུ་དེ་ད་ལྟ་བྱ་རིགས་ཉིས་བརྒྱ་དང་ཉེར་ལྔར་འཕར་ཡོད་པས། སྔོན་ཆད་དང་བསྡུར་ན་བྱ་རིགས་གསར་པ་སྣ36འཕར་སྣོན་བྱུང་ཡོད།  མཚོ་སྔོན་པོའི་ཆུ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་ལྔ་བརྒྱ་བཅུ་དྲུག་ལྷག་ཡོད་པ་དང་། 2017ལོའི་དུས་མཚུངས་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ80.54ཡིས་ཇེ་ཆེར་ཕྱིན་འདུག་པས། འདི་ནི་ལོ་ངོ18རིང་གི་ཚད་ཆེས་མཐོ་བ་ཡིན། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་དེ2002 ལོར་ཏུན་སྟོང་གཉིས་ལྔ་བརྒྱ་གོ་གཉིས་ཡོད་པ་དེ། མིག་སྔར་ཏུན་ཁྲི་བརྒྱད་དང་སྟོང་བརྒྱད་ལ་ཡར་འཕར་ཡོད་པས། ཐོག་མའི་སྲུང་སྐྱོབ་བྱེད་སྐབས་དང་བསྡུར་ན་ལྡབ34འཕར་ཡོད་པ་རེད། དུས་མཚུངས་སུ2018ལོའི་ཟླ7པར་དགོ་བར་ལྟ་ཞིབ་ཚད་ལེན་བྱེད་པའི་བརྒྱུད་རིམ་ཁྲོད། དགོ་བའི་གྲངས་ཀ་སྟོང་གཉིས་དང་བདུན་བརྒྱ་གོ་གསུམ་ལ་སླེབས་ཡོད་པས། ལོ་རྒྱུས་སྟེང་གི་གྲངས་ཚད་ཆེས་མཐོ་ཤོས་ཡིན་པ་རེད། །

ལོ་ངོ་མང་པོའི་ཡར་སྔོན་དུ་ཕྱུགས་ལས་ཆེས་ལེགས་པའི་མཚོ་བྱང་རྩྭ་ཐང་དུ་མི་དང་རྩྭ་ས། ཕྱུགས་ཟོག་བཅས་བར་གྱི་འགལ་བ་རྣོ་ངར་ཅན་དུ་གྱུར་ཏེ། དུས་སྐབས་ཤིག་གི་རིང་ལ་ཚད་ལས་བརྒལ་བའི་ཕྱུགས་ཟོག་འཚོས་སྟབས་རྩྭ་ས་ཇེ་ཞན་དུ་གྱུར་ནས་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགྲན་རྩོད་ཆེན་པོ་གཉིས་དང་འཕྲད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་པ་དང་། མང་ཚོགས་ཀྱི་ཡོང་སྒོ་འཕར་ནས་ཕྱུག་པོར་ཇི་ལྟར་འགྱུར་བར་བྱ་དགོས་ཟེར་ན། འཚོལ་ཞིབ་ལ་མཚམས་བཞག་མ་མྱོང་བའི་མཚོ་བྱང་མི་དམངས་ཀྱིས་ཆོད་སེམས་བརྟན་པོས་དཀའ་ངལ་ཁྱད་དུ་བསད་ཅིང་། ལྷོད་པ་མེད་པར་གསར་གཏོད་ཀྱི་སྤོབས་པ་མ་ཞུམ་པས། མཇུག་མཐར་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུ་དེ་ལམ་ཐིག་གཙོ་བོ་དང་། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་རྐྱེན་སྲོལ་གསར་གཏོད་བྱ་རྒྱུ་དེ་གཙོ་གནད་དུ་བཟུང་ནས། ཕྱུགས་ལས་ཕན་འབྲས་དང་འབྲོག་དམངས་ཡོང་སྒོ་འཕར་རྒྱུའི་དམིགས་ཡུལ་མངོན་འགྱུར་བྱུང་བར་མ་ཟད་ས་ཁོངས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་རིགས་སྒྱུར་རིམ་སྤར་གྱི་ལམ་བུ་གསར་བ་མངོན་འགྱུར་བྱུང་།

ཀུན་གྱིས་མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ས་བཟང་ཞིང་། རྩྭ་ཆུ་གཉིས་འཛོམས་ཡིན་ལ་ནོར་ལུག་ལ་ཤ་ཤེད་རྒྱས་ཡོད་ཅེས་གླེང་། དེ་ཡང་དོན་དངོས་ཡིན་ཏེ། མདོ་ལ་རིང་མོའི་འདབས་རོལ་གྱི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ། སོས་དལ་བག་ཕེབས་ངང་རྒྱ་ཆེ་བའི་ས་ཁོངས་དང་མཚར་སྡུག་ལྡན་པའི་མཛེས་ལྗོངས་ལ་ལོངས་སྤྱོད་བྱ་ཐུབ་ཅིང་། རྩྭ་ཐང་གི་འགྱུར་ལྡོག་རེ་རེ་ཉམས་སུ་མྱོང་ཆོག་པའི་འགྱུར་ལྡོག་དེས་མཚོ་བྱང་དུ་མི་རྣམས་ལ་དགའ་སྤྲོ་ཟམ་མི་ཆད་པ་སྟེར་ཐུབ།

མཚོ་བྱང་དུ། མགོ་ཁྲིད་ལས་བྱེད་པ་དང་འབྲོག་པ་མང་ཚོགས་རྣམས་དུས་ཡུན་རིང་པོའི་སྲོལ་རྒྱུན་གྱི་འཆིང་རྒྱ་ལས་སྔ་མོ་ནས་ཐར་ཏེ། “སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ལས་ལྷག་པ”དང་། རྩྭ་སའི་ཆེ་ཆུང་ལྟར་ཕྱུགས་གྲངས་གཏན་འཁེལ་བྱེད་པ། རྩྭ་ཕྱུགས་དོ་སྙོམས་ཀྱི་སྐྱེ་ཁམས་ཕྱུགས་ལས་ནི་ད་གཟོད་རྩྭ་ཐང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་དང་། རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་ཚན་རིག་གི་ཐབས་ལམ་དང་ངེས་པར་བརྒྱུད་དགོས་པའི་ལམ་བུར་གྱུར་འདུག དུས་ཡུན་རིང་བའི་འཚོལ་སྙེགས་ཁྲོད། མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་། སྐྱེ་ཁམས་དང་དཔལ་འབྱོར་ལ་རྩིས་ཞིབ་མོ་བརྒྱབ་པས་དངོས་སུ་མཐོང་ཐུབ་པའི་ཕན་འབྲས་ཐོབ།

མཚོ་བྱང་དུ། ཕྱུགས་ལས་གཉེར་སྟངས་ལ་འགྱུར་ལྡོག་བྱུང་སོང་། སྲོལ་རྒྱུན་གྱི་སྒོ་ཕྱུགས་འཚོ་སྟངས་ལ་ངལ་རྩོལ་ནུས་ཤུགས་འབོར་ཆེན་ཞིག་མཁོ་བར་མ་ཟད། རྩྭ་ཐང་ལ་གནོན་ཤུགས་ཆེན་པོ་བསྩལ། སྐྱེ་ཁམས་ཕྱུགས་ལས་ཀྱིས་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་ཆེན་པོ་འབྱུང་དུ་བཅུག

མཚོ་བྱང་དུ། སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་སོང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་སྟངས་ཀྱིས་སྲོལ་རྒྱུན་ཕྱུགས་ལས་དེ་སྐྱེ་ཁམས་ཕྱུགས་ལས་ཀྱི་ཕྱོགས་སུ་འཕོ་འགྱུར་འབྱུང་བ་མངོན་འགྱུར་དང་། མི་དང་། རྩྭ་ས། ཕྱུགས་ཟོག་ཕན་ཚུན་སྤེལ་ཟླ་བྱེད་རེས་བྱས། དེ་དང་འགྲོགས་ནས་ཐོན་པ་ནི། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་མཁན་ཇེ་མང་དུ་གྱུར་པ་དང་། རི་སྐྱེས་སྲོག་ཆགས་ཀྱང་ཇེ་མང་དུ་གྱུར་ལ། ཇེ་ཞན་དུ་གྱུར་པའི་རྩྭ་སར་ཡང་དལ་གྱིས་སྔོན་ཆད་ཀྱི་སྐྱེ་སྐྱོབས་ཀྱི་དཔལ་རྒྱས་བྱུང་། ནོར་ལུག་གི་རྒྱུད་ཀྱང་ཇེ་བཟང་དུ་ཕྱིན་པ་དང་། མཛེས་སྡུག་ལྡན་པའི་རྩྭ་ཐང་གི་མཛེས་ལྗོངས་ཀྱིས་ཡུལ་སྐོར་པ་སྔར་ལས་མང་པོ་བཀུག་པ་དང་། སྐྱེ་ཁམས་བཟང་པོས་འཛད་མཐའ་མེད་པའི་བག་ནུས་ཕྱི་ལ་མངོན།

རྩྭ་ཐང་གི་འགྱུར་ལྡོག་གསར་པར་རོལ་མྱོལ་བྱེད་བཞིན། མཚོ་བྱང་གིས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་ལ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་ཧུར་ཐག་བྱེད་པའི་བགྲོད་ལམ་སྟེང་གོམ་སྟབས་ཆེན་པོས་བསྐྱོད་བཞིན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།