སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་རྩྭ་ཐང་ལྗང་མདོག་ཅན་དང་འབྲོག་པ་ཕྱུག་པོར་གྱུར་བ།
2019.03.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 85

 2018ལོའི་ཟླ་བཞི་བར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད་ལག་བསྟར་དུས་དཀྱིལ་གྱི་གདེང་འཇོག་དཔྱད་ཞིབ་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་སྟེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྱུར་བའི་གནས་བབ་རིམ་བཞིན་བཀག་འགོག་བྱུང་བ་དང་། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་བཟང་དུ་གྱུར་བ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་ཉིན་བཞིན་འཐུས་ཚང་དང་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བྱུང་བ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་གྱུར་ཡོད་པ་རེད།

2014ལོར་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ལོ་རེར་མ་དངུལ་འབོར་ཆེན་བཏང་ཏེ། རྨོ་བསྐྱུར་ནགས་སྐྲུན་རྩྭ་འདེབས་དང་ས་ནག་ཐང་བཅོས་སྐྱོང་། བརླན་ས་སླར་གསོ་སོགས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་མང་པོ་ལག་བསྟར་བྱས་པས། རྩྭ་ཆུ་འཛོམས་ཤིང་མི་དང་སྲོག་ཆགས་ཕན་ཚུན་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་གཙང་གསུམ་འབྱུང་ཡུལ་དེ་ཡང་བསྐྱར་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོང་།

ཉེ་བའི་ལོ་འདི་འགར། རླུང་གཡུག་ཚད་ཇེ་ཉུང་དང་ཆར་འབབ་ཚད་ཇེ་མང་ཡིན་པས། མཚོ་སྔོ་རེངས་དང་མཚོ་སྐྱ་རེངས་ཀྱི་ཆུ་གནས་ཇེ་མཐོར་སོང་ཞིང་། ཕ་ཡུལ་གྱི་རྩྭ་ཐང་སྔར་ལས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་གྱུར་ཡོད་ཅེས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཞང་གི་འབྲོག་པ་རྒྱ་མཚོ་བཀྲ་དབང་གིས་དེ་ལྟར་བཤད་བྱུང་།

རྒྱ་མཚོ་བཀྲ་དབང་ནི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན་ལ། ཉིན་རྒྱུན་གྱི་འགན་འཁྲི་ནི་རྩྭ་སར་སྐོར་སྲུང་བྱེད་རྒྱུ་དེ་རེད། རྒྱ་མཚོ་བཀྲ་དབང་གིས་བཤད་རྒྱུར། ན་ནིང་ནས་རྩྭ་སར་སྐོར་སྲུང་བྱས་པའི་ཚུན་ལ། ཁོས་ཕ་ཡུལ་གྱི་རྩྭ་སའི་སྐྱེ་ཁམས་རིམ་བཞིན་སླར་གསོ་བྱུང་བ་མཐོང་ལ། རྩྭ་སྐྱེས་ཚད་ཀྱང་སྔོན་ཆད་དང་གཅིག་འདྲ་རེད་ཟེར།

རྒྱ་མཚོ་བཀྲ་དབང་དང་འདྲ་བར་མཚོ་སྐྱ་རེངས་ཉེ་འགྲམ་དུ་འཚོ་བ་རོལ་བའི་འབྲོག་པ་རིག་འཛིན་ལའང་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་ནི། ཕ་ཡུལ་གྱི་སྐྱེ་ཁམས་སླར་གསོ་བྱུང་ནས་མཚོ་ཆུ་རྒྱས་ཤིང་རྩྭ་ས་བརླན་སར་གྱུར་བ་དེ་རེད།

མ་ཀོས་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུ་མགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་ཡིན་ལ། ཁོས་རྨ་སྟོད་རྫོང་དུ་བྱ་བ་སྒྲུབ་ནས་ལོ་མང་པོ་ཞིག་འགོར་ཡོད། སྐྱེ་ཁམས་ཁོར་ཡུག་གི་གནས་བབ་སྐོར་གླེང་སྐབས། ཁོའི་གདོང་ལ་སྤྲོ་དགས་ཁེངས་ཡོད། མ་ཀོས་ཀྱིས་བཤད་རྒྱུར། ད་ལྟ་རྨ་ཆུའི་མགོ་ཁུངས་སུ་མཚེའུ་ཆེ་ཆུང་གི་གྲངས་ཀ་སྟོང་ལྔ་ལྷག་ལས་བརྒལ་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་སོང་རྗེས། ཁྲུང་ཁྲུང་མགོ་ཁྲ་སོགས་ཀྱི་གྲངས་ཀ་འཕར་སྣོན་བྱུང་བ་དེ་ནི། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཇེ་བཟང་དུ་འགྲོ་བའི་མཚོན་རྟགས་ཤིག་ཡིན་པ་རེད་ཟེར།

མཚོ་སྐྱ་རེངས་ཀྱི་འགྲམ་ནས་གསར་འགོད་པས་མཐོང་བ་ནི། སྔོན་ཆད་ཀྱི་ལོ་འགའ་དང་བསྡུར་ན། ས་ནག་ཐང་ཇེ་ཉུང་དང་ནོར་ལུག་ཇེ་ཉུང་དུ་སོང་ཡོད་པ་དང་། རྩྭ་སའི་སྤང་ཤུན་སླར་གསོ་བྱུང་བའི་རྣམ་པ་བཟང་པོ་མངོན་ཡོད།  རྒྱ་མཚོ་བཀྲ་དབང་གིས་གསར་འགོད་པར་བཤད་རྒྱུར། མིག་སྔར་དགུན་དཔྱིད་ཀྱི་དུས་ཚིགས་ཡིན་ནའང་། བྱེ་རླུང་གཡུག་པའི་ནམ་ཟླ་ཉུང་ཞིང་། སྔོད་ཆད་ལྟར་རྨ་ཆུའི་བཞུར་རྒྱུན་ཆད་པའི་སྣང་ཚུལ་མི་འབྱུང་ལ། དགའ་འོས་པ་ཞིག་ནི་མཚོ་སྐྱ་རེངས་ལོ་རེར་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་།   མཐོང་དཀོན་པའི་རི་དྭགས་རྐྱང་ཡང་བསྐྱར་མཚོ་སྐྱ་རེངས་ཉེ་འགྲམ་དུ་ཐོན་ཡོད་པ་རེད་ཟེར།

མིག་སྔར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་སོ་སོར་འགྱུར་ལྡོག་ཆེན་པོ་བྱུང་ཏེ། ཆུ་ཁོངས་དང་བརླན་སའི་གཞི་ཁྱོན་འཕར་སྣོན་བྱུང་ནས་བརླན་སའི་ཁོར་ཡུག་ཇེ་བཟང་དུ་གྱུར་ཡོད། ནགས་ཚལ་དང་རྩྭ་ས་ཇེ་ཉུང་དུ་འགྲོ་ཚད་རིམ་བཞིན་བཀག་འགོག་བྱུང་བ་དང་།  རྩྭ་སའི་སྔོ་ཁེབས་ཀྱི་ཚད་འཕར་སྣོན་བྱུང་བ་དང་བྱེ་མ་ཅན་དུ་འགྱུར་ཚད་མངོན་གསལ་སྒོས་བཀག་འགོག་བྱུང་། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་དང་གྲངས་ཀ་འཕར་སྣོན་བྱུང་ཞིང་། རི་སྐྱེས་སྲོག་ཆགས་འགུལ་སྐྱོད་ཀྱི་བར་སྟོང་ནུས་ཡོད་སྒོས་ལེགས་བཅོས་བྱས་ཡོད་ཅེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཅུས་ཀྲང་ལིས་ཞོ་ནན་གྱིས་དེ་ལྟར་བཤད་བྱུང་།

དབྱངས་ཅན་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྩྭ་ཐང་གི་འབྲོག་མོ་ཞིག་ཡིན། 2018ལོར་དབྱངས་ཅན་རྩེ་ཁོག་རྫོང་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་རོང་འབྲོག་པའི་ཚན་རྩལ་གསོ་སྦྱོང་ཁྲོད་ཞུགས་ནས། བོད་ལྭའི་འཚེམ་བཟོའི་ལག་རྩལ་ལ་སློབ་སྦྱོང་བྱས། གསོ་སྦྱོང་དགེ་རྒན་གྱི་མཛུབ་ཁྲིད་འོག དབྱངས་ཅན་གྱིས་ལག་རྩལ་དེ་ལ་བྱང་ཆུད་པར་གྱུར། བོད་ལྭ་བཟོ་བ་བརྒྱུད་ནས་ཁོ་མོའི་ཡོང་སྒོའང་བརྟན་འཇགས་ངང་འཕར་སྣོན་བྱུང་།

ད་ལྟ། རྨ་ཆུའི་མགོ་ཁུངས་དང་ཡང་ན་འབྲི་ཆུའི་གཞུང་ས་གང་ཡིན་རུང་། གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་ཀྱིས་ལག་རྩལ་བསླབ་པ་བརྒྱུད་ནས།  མི་མང་པོ་ཞིག་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་མགོ་བརྩམས། ལིས་ཞོ་ནན་གྱིས་བཤད་རྒྱུར། མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་སྲིད་ཇུས་ལ་རྣམ་གྲངས་བཅུ་ལྷག་ཡོད་པར་དམིགས་ནས།  སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ནས་བཟོས་པའི་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཁེ་ཕན་གྱི་གྱོང་གུན་ཁ་གསབ་བྱེད་པར་ཁག་ཐེག་ཅི་ཐུབ་བྱས། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱེད་སྐབས། ཡང་བསྐྱར་མ་དངུལ་སྒོར་དུང་ཕྱུར་དགུ་བཏང་ཏེ། ལྗང་མདོག་འཕར་སྣོན་དང་ཡོང་སྒོ་ཇེ་མང་དུ་གཏོང་བའི་དུས་མཚུངས་སུ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་སྲིད་ཇུས་ཀྱིས་འབྲོག་པ་མང་ཚོགས་ལ་ཁེ་ཕན་དངོས་ཐོབ་པར་བྱེད་པ་དང་། ས་གནས་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པའི་བརྩོན་སེམས་སྐུལ་སྤེལ་བྱས་ཏེ། རྩྭ་ས་དང་མི་འཆམ་མཐུན་མཉམ་གནས་ཀྱི་འཁོར་སྐྱོད་འཕེལ་རྒྱས་ཀྱི་ཐབས་ལམ་བཟང་པོ་གྲུབ་པར་བྱེད་རྒྱུ་རེད།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་ཆས་བཟོ་སྐྲུན་འཛུགས་སྐྲུན་གྱི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གྱུར་བ་དང་བསྟུན་ནས། གཙང་གསུམ་འབྱུང་ཡུལ་དུ་འཚོ་བ་རོལ་བའི་འབྲོག་པ་མང་ཚོགས་རྣམས་ཁོད་ཡངས་ཞིང་ནང་གསལ་བའི་སྡོད་ཁང་གསར་བའི་ནང་སྡོད་ཐུབ་པ་བྱུང་བ་མ་ཟད། ད་དུང་ཡོང་སྒོའང་བརྟན་འཇགས་ཡིན་པ་རེད། ད་ལྟ་གཙང་གསུམ་འབྱུང་ཡུལ་གྱི་རྗེས་མཐུད་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ནས་འབྲོག་པ་མང་ཚོགས་ལ་བདེ་སྡོད་ལས་བརྩོན་དང་ཡོང་སྤར་ཕྱུག་འགྱུར་གྱི་བདེ་སྐྱིད་ཀྱི་ལམ་བུ་གསར་གཏོད་བྱས་ཡོད་པས། གནས་འདིར་མཛེས་སྡུག་གི་རེ་བ་གསར་བ་དང་གསོན་ཤུགས་ཀྱིས་ཁེངས་ཡོད།

སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་བྱུང་བ་དང་བསྟུན་ནས། སྔོན་ཆད་མཐོང་དཀོན་པའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཡང་བསྐྱར་གཙང་གསུམ་འབྱུང་ཡུལ་དུ་ཐོན་པ་རེད། དེའི་ནང་རི་དྭགས་གསའ་དང་ཤ་སྐྱ། གཙོད་སོགས་གཙོ་བོ་ཡིན་པའི་མདོ་དབུས་མཐོ་སྒང་ན་ཁོ་ནར་ཡོད་པའི་རི་སྐྱེས་སྲོག་ཆགས་ཡོད་པར་མ་ཟད། ད་དུང་ཆུ་སྲམ་དང་སྤྱང་ཀི་ནག་པོ།   གཟིག་ཁྲ་སོགས་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་ཀྱང་ཡོད།

2018ལོའི་ཟླ་བཅུ་གཅིག་པར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་རྨ་ཆུ་མགོ་ཁུངས་གླིང་ཁུལ་ནས་ཆེས་མཐོང་དཀོན་པའི་སྤྱང་ཀི་ནག་པོ་གཅིག་བརྙན་ཕབ་བྱས། ཀྲུང་གོ་ཚན་རིག་གླིང་སྲོག་ཆགས་ཞིབ་འཇུག་སའོ་ཡི་ཆེད་མཁས་པས་ནུབ་མཚོ་གྲོང་ཁྱེར་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་དུ་ལེན་སྐབས་བཤད་རྒྱུར། དེ་ནི་རྒྱལ་ནང་ནས་ཐོག་དང་པོར་བརྙན་ཕབ་བྱས་པའི་སྤྱང་ཀི་ནག་པོ་ཡིན་ལ།   སྤྱང་ཀི་ནག་པོ་དེ་ཀྲུང་གོའི་ས་སྟོང་དུ་གནས་ཡོད་པ་བདེན་དཔང་བྱས། གཙང་གསུམ་འབྱུང་ཡུལ་ནས་སྤྱང་ཀི་ནག་པོ་མཐོང་བར་དོན་སྙིང་གལ་ཆེན་ལྡན་ལ། ཐེངས་དེར་སྤྱང་ཀི་ནག་པོ་བརྙན་ཕབ་བྱས་པ་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་གྲུབ་འབྲས་གྱི་འགྲེམ་སྟོན་ཤིག་ཡིན་པ་རེད།

དམར་ཕྱིའི་འོད་ཐིག་བརྙན་ཕབ་འཕྲུལ་ཆས་དང་པར་ལེན་འཕྲུལ་ཆས་དེ་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱས་པ་དང་བསྟུན་ནས། སྔོན་ཆད་ཆེས་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་འགུལ་སྐྱོད་ཀྱི་རྣམ་པ་ཟིན་བྲིས་སུ་བཀོད་པ་རེད།

རི་དྭགས་གསའ་མི་རྣམས་ཀྱི་མཐོང་ལམ་དུ་ཡང་ཡང་མངོན་པ་དེས་རྒྱལ་ཁབ་ཀྱིས་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས་སྐྱེ་ཁམས་མ་ལག་ཧྲིལ་བོའི་སྲུང་སྐྱོབ་ལ་སྐུལ་འདེད་བྱས་པ་མཚོན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལོ་རེ་བཞིན་ཇེ་བཟང་དུ་གྱུར་བ་དང་། རི་དྭགས་གསའ་སོགས་ཀྱི་རིགས་དང་ཁྱུ་ཚོགས་ཀྱི་གྲངས་ཀའང་སླར་གསོ་བྱུང་བར་མ་ཟད་མུ་མཐུད་དུ་འཕར་སྣོན་བྱུང་བ་ལས། སྔོན་ཆད་མི་རྣམས་ཀྱིས་མཐོང་དཀོན་པའི་མཐོ་སྒང་དུ་གནས་པའི་རི་དྭགས་གཡུ་དཀར་ཐེངས་མང་པོར་མི་རྣམས་ཀྱི་མཐོང་ལམ་དུ་མངོན་པ་དང་། ད་དུང་མི་ཚོགས་མང་བའི་ས་ཁུལ་ཁ་ཤས་ནས་ཀྱང་མཐོང་ཐུབ་པ་རེད་ཅེས་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཐུང་ཙོ་ཡིས་དེ་ལྟར་བཤད་བྱུང་།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣས་བཤད་རྒྱུར། རི་དྭགས་གསའ་ནི་རྩྭ་སའི་སྐྱེ་ཁམས་མ་ལག་གི་ཁྲོད་ཆེས་རྩ་ཆེ་བའི་ཤ་གཟན་སྲོག་ཆགས་ཤིག་ཡིན་ཞིང་། རི་དྭགས་གསའ་ཡོད་པ་དེ་ལས་རྩྭ་སའི་མ་ལག་ནི་ཆ་ཚང་བའི་སྐྱེ་ཁམས་མ་ལག་ཅིག་ཡིན་པ་མཚོན་ཐུབ་ཟེར།

ལོ་ཙཱ་བ། སྒྲོལ་མ་སྐྱིད།