ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་སྐུལ་སློང་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་བསྒྱུར་ལོ་གསུམ་མྱུར་སྤེལ་འགུལ་སྐྱོད་ཀྱི་མཇུག་བསྡུ་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་སྐུལ་སློང་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲང་ཡོང་ལིས་ཀྱིས་གཏམ་བཤད།
ཝང་ཅན་ཅུན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས2017ལོ་དང2018ལོར་བསྟུད་མར་ལོ་གཉིས་ལ་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་བྱ་འགུལ་སྤེལ་ནས། ཞིང་ཆེན་གོང་འོག་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་བྱེད་པའི་བརྩོན་སེམས་དང་གསར་སྐྲུན་རང་བཞིན་ཆེར་སྐྱེད་པ་དང་། སྐྱེ་ཁམས་སྔོན་དུ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་ལ། མཛེས་སྡུག་མཚོ་སྔོན་གྱི་མཚན་སྙན་སྔར་ལས་ཇེ་གྲགས་སུ་བཏང་བ་མ་ཟད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཟེར།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁོངས་ལྗང་བསྒྱུར་གྱི་ལོ་གསུམ་མྱུར་སྤེལ་འགུལ་སྐྱོད་ཀྱི་མཇུག་བསྡུ་བྱ་བ་བཟང་བོར་བསྒྲུབ་པ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་དགོས། རྒྱལ་ཁོངས་ལྗང་བསྒྱུར་བྱེད་རྒྱུ་ནི། སྐྱེ་ཁམས་དཔལ་ཡོན་གྱི་ནང་དོན་གཙོ་བོ་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་མཐོ་ཚད་ནས། གནས་ལྔ་གཞི་གཅིག་གི་སྤྱི་ཁོག་གི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ། རྒྱལ་ཁོངས་ལྗང་བསྒྱུར་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་འགན་འཁྲི་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལྕགས་རི་བརྟན་པོ་འཛུགས་པ་དང་། མཚོ་སྔོན་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་ས་ཆ་རུ་འགྱུར་བར་བྱེད་དགོས་ཟེར།
ལིག་ཉིང་གིས་བསྟན་དོན། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་བྱ་འགུལ་སྤེལ་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་ཡོད་པ་དང་། རྒྱལ་ཁབ་ཀྱི་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་འོས་འགན་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ནང་དོན་གཙོ་བོ་ཡང་ཡིན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་རེ་བ་ལྟར། ལས་འགན་ཡོངས་འགྲུབ་བྱས་པ་དང་གྲུབ་འབྲས་མངོན་གསལ་བླངས། ད་ལོ་ནི་རྒྱལ་ཁོངས་ལྗང་བསྒྱུར་ལོ་གསུམ་མྱུར་སྤེལ་བྱ་འགུལ་གྱི་མཇུག་བསྡུ་བའི་ལོ་ཡིན་པས། རྒྱལ་ཁོངས་ལྗང་བསྒྱུར་གྱི་དཀའ་ཁག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྔར་མེད་ཀྱི་སྤྲོ་སེམས་ལ་བརྟེན་ནས་རྒྱལ་ཁོངས་ལྗང་བསྒྱུར་བྱེད་པ་དང་ཁྱིམ་གཞི་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཟེར།
ཀྲང་ཡོང་ལིས་ཀྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ལོ་གསུམ་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མིང་ཐོག་ནས་ཆུ་ཚད་མཐོ་བའི་གྲོས་ཚོགས་བསྡུས་ནས། རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་བཀོད་སྒྲིག་བྱས་པ་དེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་མཚོན་ཡོད། མཚོ་སྔོན་གྱི་ནགས་རྩྭ་སྔོ་ཁེབས་དང་བརླན་སའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུ་དེ། མཚོ་སྔོན་གྱི་རྒྱུན་མཐུད་འཕེལ་རྒྱས་དང་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འབྲེལ་བ་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཡང་འབྲེལ་བ་ཡོད། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་ངེས་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་ལྷོད་མེད་སྒོས་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་གི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ་བ་དང་། མཁར་གྲོང་ལྗང་བསྒྱུར་གྱི་གཞི་གཅིག་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། རྒྱུན་མཐུད་ངང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལ་ཤུགས་སྣོན་པ། མཉམ་དུ་མཚོ་སྔོན་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བཟང་བོ་བྱས་ཏེ། མཚོ་སྔོན་མཛེས་སྡུག་ཀྲུང་གོའི་མིང་བྱང་གྲགས་ཅན་དུ་འགྱུར་དགོས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་མཚོ་སྔོན་གྱི་ནགས་ལས་རྩྭ་ཐང་བྱ་བར་སྔར་ལས་རྒྱབ་སྐྱོར་བྱེད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མཛེས་སྡུག་མཚོ་སྔོན་དང་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།
མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞོ་དང་ཡུས་ཚོང་ལི། ཀྲང་ཀོང་རོང་། ཝང་ཞོ་ཡོང་བཅས་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས2018ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་གནས་ཚུལ་ཁྱབ་བསྒྲགས་བྱས།
ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ་དང་རྩེ་ཁོག་རྫོང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།
གཞན་ཡང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ནགས་ཚལ་དང་རྩྭ་ཐང་དུ་མཉམ་འབྲེལ་ཁྲིམས་འཛིན་གྱི་ཆེད་དོན་བྱ་སྤྱོད་ཐོག་མར་སྤེལ།
རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཟླ་བརྒྱད་རིང་གི་དུས་ཡུན་སྤྱད་ནས་རྒྱལ་ཡོངས་སུ་ནགས་ཚལ་དང་རྩྭ་ཐང་དུ“ལྗང་མདོག་སྲུང་སྐྱོབ་2019” ཞེས་པའི་མཉམ་འབྲེལ་ཁྲིམས་འཛིན་གྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་ཞིང་། ཆེད་དོན་བྱ་སྤྱོད་ཀྱིས་2013ལོའི་ཚུན་གྱི་ཁྲིམས་དང་འགལ་ནས་ནགས་ས་དང་རྩྭ་ཐང་གསར་སྤེལ་བྱས་པ་དང་། ཁྲིམས་དང་འགལ་ནས་ནགས་ས་དང་རྩྭ་ཐང་བཟུང་སྤྱོད་བྱས་པ། ཁྲིམས་དང་འགལ་ནས་རྩྭ་ཐང་གི་རི་སྐྱེས་རྩི་ཤིང་སྔོག་འཐུ་དང་ཤིང་ནགས་གང་བྱུང་དུ་བཅད་པ་སོགས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བཤིག་བཏང་བའི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ་ཡིན་ཞིང་། ལྷག་པར་དུ་ཁྲིམས་དང་འགལ་ནས་ནགས་ས་དང་རྩྭ་ཐང་བཟུང་སྤྱོད་བྱས་ནས་སྤྲོ་ཁང་དང་། ཀོར་ཧྥུ་སྤོ་ལོའི་ཐང་། རྒྱས་སྤྲོས་ཆེ་བའི་དུར་ས་བཅས་བསྐྲུན་པ། གཏེར་ཁ་གསར་སྤེལ་བྱས་པ་སོགས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བཤིག་ཚབས་ཆེན་བཟོས་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོ་ནས་2018ལོའི་བར་རྒྱལ་ཡོངས་སུ་ནགས་ལས་ཀྱི་སྲིད་འཛིན་གྱོད་གཞི་བསྡོམས་པས་ས་ཡ་གཅིག་འབུམ་གཉིས་ཁྲི་ལྔ་ལྷག་ཙམ་ཤེས་རྟོགས་བྱུང་ནས་གྱོད་གཞི་ས་ཡ་གཅིག་འབུམ་གཉིས་ཁྲི་གསུམ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། རྩྭ་ཐང་ལ་གཏོར་བཤིག་བཏང་བའི་གྱོད་གཞི་ཁྲི་9ལྷག་ཙམ་ཞིབ་བཤེར་རྩད་གཅོད་བྱས་པ་བརྒྱུད་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་གཏོར་བཤིག་བཏང་བའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ནུས་ལྡན་ངང་བཀག་འགོག་བྱས་ཡོད་མོད། འོན་ཀྱང་རྒྱལ་ཡོངས་ཀྱི་ནགས་ཚལ་ལ་ལྟ་སྐུལ་ཞིབ་བཤེར་དང་རྩྭ་ཐང་ལ་ཁྲིམས་འཛིན་ལག་བསྟར་ལྟ་སྐུལ་བྱས་པ་བརྒྱུད་ས་ཁུལ་ཁག་གཅིག་ཏུ་ལས་གཞི་འཛུགས་སྐྲུན་བྱེད་སྐབས་ཁྲིམས་དང་འགལ་ནས་ནགས་ས་དང་རྩྭ་ཐང་བཟུང་སྤྱོད་དང་། ནགས་ཚལ་དང་རྩྭ་ཐང་ལ་གཏོར་བཤིག་བཏང་ནས་གསར་སྤེལ་བྱེད་པ། ཁྲིམས་དང་འགལ་ནས་རྩྭ་ཐང་གི་རི་སྐྱེས་རྩི་ཤིང་སྔོག་འཐུ་དང་ཤིང་ནགས་གང་བྱུང་དུ་གཅོད་པ་སོགས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་གནད་དོན་སྔར་བཞིན་ཧ་ཅང་ཚབས་ཆེ་བ་རེད། 2018ལོར་ནགས་ཚལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ལག་རྩལ་གསར་པ་བེད་སྤྱོད་དང་རྒྱལ་ཡོངས་སུ་ཁེབས་པའི་ཞིབ་བཤེར་བྱས་པ་བརྒྱུད་ལས་གཞི་འཛུགས་སྐྲུན་དང་། བྱེ་རྡོ་དང་གཏེར་ཁ་སྔོག་འདོན། སྒྲིག་ཁྲིམས་དང་འགལ་བའི་ས་ཞིང་བཅོས་སྒྲིག་རྣམ་གྲངས་སོགས་ཁྲིམས་འགལ་གྱི་ཁོངས་སྣེ་འབུམ་གཅིག་ཁྲི་དྲུག་ལྷག་ཙམ་ཤེས་རྟོགས་བྱུང་ཡོད་པ་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།