རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱས་ནས་མཛེས་སྡུག་མཚོ་སྔོན་གྱི་བརྩེ་བ་མངོན་པར་བྱེད།
2019.04.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 135

 སྐྱེ་ཁམས་ཀྱི་གལ་ཆེན་རང་བཞིན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྔོན་ཚུད་རང་བཞིན། བཅོས་སྐྱོང་གི་སྣེ་ཁྲིད་རང་བཞིན་བཅས་འབུར་དུ་ཐོན་པར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གནད་འགག་གི་བྱེད་ཐབས་དེར་དམ་པོར་དམིགས་པ་དང་། ཀྲུང་གོའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་ལྟ་སྲུང་པ་ལེགས་པོ་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བྱེད་པ། རྒྱུན་ཆད་མེད་པར་སྐྱེ་ཁམས་ཀྱི་དམངས་ཚིས་བདེ་སྐྱིད་འཕར་སྣོན་བྱས་ནས། མཛེས་སྡུག་གི་ཀྲུང་གོར་བཀྲག་མདངས་གསར་བ་བསྣན་དགོས་ཞེས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གི་སྐད་ཆ་དེར་དོན་སྙིང་གལ་ཆེན་ལྡན་ཞིང་།  རྒྱལ་གཅེས་དང་དམངས་ལ་བཅངས་བའི་བརྩེ་བ་མཚོན་པར་བྱས་ཡོད་པས། དངོས་གནས་སྐུལ་ལྕག་ཐེབས་པ་ཞིག་རེད།

འདས་པའི་ལོ་གཅིག་གི་ནང་། མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་དང་། བཞི་ཅན་ལྔའི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས་ཤིང་། ཤུགས་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་བཏང་ཏེ། “སྐྱེ་ཁམས”ཞེས་པའི་ཡིག་འབྲུ་དེ་གཉིས་མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་ཁ་དོག་རྣམ་པར་བཀྲ་བའི་དེབ་ཐེར་གསར་བ་ཞིག་བཀོད།

མུ་མཐུད་དུ་འབད་བརྩོན་བྱས་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ན། ངེས་པར་དུ་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གནད་འགག་གི་བྱེད་ཐབས་འདི་དམ་འཛིན་བྱས་ཏེ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་གཏིང་ཟབ་ཏུ་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བྱེད་པ། རྒྱུན་ཆད་མེད་པར་སྐྱེ་ཁམས་ཀྱི་དམངས་ཚིས་བདེ་སྐྱིད་ཀུན་གྱིས་ལོངས་སུ་སྤྱོད་པ། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང་མཛེས་སྡུག་མཚོ་སྔོན་གྱི་བརྩེ་བའི་ཐུན་མོང་མ་ཡིན་པའི་ཡིད་དབང་འགུག་ཤུགས་གང་ལེགས་སྒོས་མཚོན་དགོས་པར་མ་ཟད། ད་དུང་ལྷིང་འཇགས་དང་འཆམ་མཐུན། མཛེས་སྡུག་ཀྱང་ཡོངས་སུ་མངོན་དགོས།

ཁོར་ཡུག་ནི་དམངས་ཚིས་ཡིན་པ་དང་རི་སྔོ་ཆུ་དྭངས་ནི་བདེ་སྐྱིད་ཡིན། ཐང་བན་ཧྥིན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གོ་གནས་དང་པོར་བཞག་ནས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་གནད་འགག་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འཕོ་འགྱུར་བྱུང་བ་དང་། བསམ་བློའི་ངོས་ཟིན་སྔར་ལས་གཏིང་ཟབ་དང་འབག་བཙོག་བཅོས་སྐྱོང་བྱེད་ཤུགས་སྔར་ལས་ཆེ་བ། ལམ་ལུགས་འགྲེམ་སྤེལ་སྔར་ལས་ཞིབ་རྒྱས་ཡིན་པ། ཁྲིམས་འཛིན་ལྟ་ཞིབ་སྔར་ལས་གཟན་ནན་ཡིན་པ། ཁོར་ཡུག་ལེགས་བཅོས་གྱི་མྱུར་ཚད་སྔར་ལས་མགྱོགས་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཏེ་མཛེས་སྡུག་མཚོ་སྔོན་གྱི་ཤོག་སླེ་གསར་བ་ཕྱེས།

དགེ་འདུན་རྒྱ་མཚོ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཞང་དཀར་རྩེ་སྡེ་བའི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན།  ཁོ་ཚང་ལ་རྩྭ་ས་སྤྱི་ཆིང་སྟོང་གཅིག་སུམ་བརྒྱ་སོ་གསུམ་དང་ཕྱུགས་ཟོག་བཞི་བཅུ་ལྷག་ཡོད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཉིན་བཞིན་ཇེ་དྲག་ཏུ་གྱུར་བ་དང་བསྟུན་ནས། དགེ་འདུན་རྒྱ་མཚོས་རང་འགུལ་སྒོས་ཕྱུགས་ཟོག་བཙོང་ནས་ཁྱིམ་མི་གང་བོ་རྫོང་མཁར་དུ་གནས་སྤར། དགེ་འདུན་རྒྱ་མཚོས་བཤད་རྒྱུར། གནས་འདི་ནི་རྒྱལ་ཁབ་ཀྱི་སྤྱི་གླིང་ཡིན་པར་མ་ཟད་ངའི་ཁྱིམ་གཞིས་ཀྱང་ཡིན་པས། ཁྱིམ་གཞིས་འདི་སྲུང་སྐྱོབ་ལེགས་པོ་བྱས་ནས་རྒྱལ་ཁབ་ལ་དྲིན་བཟོ་རྒྱུ་ཡིན་ཟེར།

མིག་སྔའི་བར་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སྐྱེ་ཁམས་སྤྱི་ཕན་ལས་རྐང་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་བཙུགས་ཏེ། ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་དམིགས་འབེན་མངོན་འགྱུར་བྱས་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་འཕར་སྣོན་བྱུང་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཁྱབ་གཟེངས་བསྟོད་ཐོབ། ཐེན་ཅིན་ལེང་གིས་བཤད་རྒྱུར། སྔོན་ཆད་ཀྱི་སྡེ་ཁག་མང་པོས་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་བསྒྱུར་བ་དང་། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐོར་ཡིན་པའི་གནད་དོན་ཡོངས་སུ་ཐག་གཅོད་བྱས་ཤིང་། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་བར་གྱི་འབྲེལ་བ་མཐུན་སྦྱོར་བྱས་ཏེ། མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཆེན་པོ་བླངས་བར་མ་ཟད། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཚོལ་ཞིབ་བྱེད་པའི་ཐབས་ལམ་ཅིག་བཏོད་པ་རེད།

2018ལོའི་ལོ་མགོར།  པེ་ཅིན་ནས་ཡོང་བའི་རི་སྐྱེས་སྲོག་ཆགས་རྟོག་ཞིབ་ཚན་ཆུང་གིས་གཙང་གསུམ་འབྱུང་ཡུལ་ནས་དུས་ཡུན་ཟླ་གཅིག་གི་རིང་རི་སྐྱེས་སྲོག་ཆགས་སྲམ་འགུལ་སྐྱོད་ཀྱི་ཐེངས་གྲངས་བཞི་བཅུ་ལྷག་ཙམ་ཟིན་ཐོར་བཀོད་པ་དེས། གཙང་གསུམ་འབྱུང་ཡུལ་དུ་རི་སྐྱེས་སྲོག་ཆགས་སྲམ་ཀྱི་ཁྱུ་ཚོགས་གནས་ཡོད་པ་མཚོན། སྲམ་གྱི་ཁྱུ་ཚོགས་སླར་གསོ་བྱུང་བར་མ་ཟད། མཚོ་སྔོན་པོའི་ཉྭ་རིགས་ཐོན་ཁུངས་ཀྱང2002ལོ་ལས་ལྡབ་སོ་བཞི་འཕར་སྣོན་བྱུང་བ་དང་། རི་དྭགས་གཙོད་དང་དགོ་ཡི་གྲངས་ཀའང་ཆ་སྙོམས་ཀྱིས་སྲུང་སྐྱོབ་མ་བྱས་སྔོན་གྱི་དུས་མགོའི་ལྡབ་གཉིས་ཡན་དང་། རི་དྭགས་རྐྱང་དང་གསའ། ཤ་སྐྱ་སོགས་འཇིགས་ཉེན་ཆེ་བའི་སྲོག་ཆགས་ཀྱི་གྲངས་ཀ་སླར་གསོ་དང་འཕར་སྣོན་འབྱུང་བཞིན་ཡོད།

ནགས་བསྐྲུན་སྤྱི་ཆིང་འབུམ་གཉིས་ཁྲི་བདུན་ཡོངས་འགྲུས་བྱས་ཏེ། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་བདུན་དང་ཚེག་ཉིས་དྲུག་ལ་བསླེབས། ཆུ་ངོས་དང་བརླན་ས། ནགས་ཚལ། རྩྭ་ས་བཅས་ཀྱི་ལྗང་མདོག་བར་སྟོང་གི་ཟིན་ཚད་བརྒྱ་ཆའི་བདུན་ཅུ་ལས་བརྒལ། སོལ་རླངས་ཀྱི་ཁྲོ་ཐབ་ཆུང་བ་ཏུན་བདུན་བརྒྱ་གྱ་དགུ་མེད་པར་བཟོས་པ་དང་། གྲོང་ཁྱེར་གཙོ་བོའི་ཁོར་ཡུག་གི་མཁའ་དབུགས་དྭངས་གཙང་གི་ཚད་བརྒྱ་ཆའི་གྱ་གསུམ་ལྷག་ཏུ་བསླེབས། ཙོང་ཆུའི་སྤུས་ཚད་ཀྱང་ཚད་གཞིར་བསླེབས། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་གྱི་འཆར་འགོད་ལ་ཆོག་མཆན་ཐོབ། སྐྱེ་ཁམས་ཀྱི་གྲུབ་འབྲས་རེ་རེ་ཡིས་གསོན་ཉམས་ལྡན་པའི་དྲི་གཞི་རེ་རེ་བཏོན་པ་དང་། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་ཀྱིས་ལྗང་མདོག་གི་ཁྱད་མཚར་རེ་རེ་བསྐྲུན་བཞིན་ཡོད་པས། མཚོ་སྔོན་སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བའི་སྟེང་གོམ་པ་སྤོས་ཡོད།

2018ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་རྩ་ལག་མཉམ་བཅོས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་བསྡུས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་དང་། འབག་བཙོག་འགོག་བཅོས་མཁྲེགས་གཏོར་འཐབ་འཛིང་ལེགས་པོར་སྤེལ་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་མ་ལག་མགྱོགས་མྱུར་ངང་བཙུགས། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྐུལ་སྤེལ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་གཏན་ལ་ཕབ། ཀྲུང་གོའི་ཚན་རིག་གླིང་དང་མཉམ་འབྲེལ་སྒོས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་བཙུགས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་ལྔ་བཟོ་སྒྲིག་ལག་བསྟར་བྱས་ཏེ། སྐྱེ་ཁམས་ལྟ་སྲུང་པར་ཁྱིམ་ཚང་གཅིག་དང་ལས་རྐང་གཅིག་མངོན་འགྱུར་བྱས། རིམ་པ་ལྔའི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་པ་དང་། སྐྱེ་ཁམས་དམར་ཐིག་གིས་དབྱེ་མཚམས་གཅོད་པའི་ཇུས་གཞིར་རྒྱལ་ཁབ་ཀྱི་ལག་རྩལ་དཔྱད་ཞིབ་བྱས་ཤིང་། རྫོང་རིམ་པའི་ས་ཞིང་བེད་སྤྱོད་འཆར་འགོད་ལེགས་སྒྲིག་བྱ་བ་ཁྱོན་ཀུན་ནས་ཡོངས་འགྲུབ་བྱས་པ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་གཏེར་ལས་བདག་དབང་ཡོངས་སུ་མེད་པར་བཟོས། ནན་ནན་ཏིག་ཏིག་གིས་གལ་ཆེའི་སྐྱེ་ཁམས་བཟོ་སྐྲུན་སྣ་ཚོགས་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེན་པོའི་རྒྱལ་ཁོངས་ལྗང་བསྒྱུར་ལ་སྐུལ་སྤེལ་བྱེད་པའི་ཡུལ་དངོས་ཚོགས་འདུ་འགན་སྒྲུབ་བྱས་ཤིང་། ཙོང་ཆུའི་བཞུར་རྒྱུན་གྱི་གཞི་ཁྱོན་ཅན་གྱི་འཛུགས་སྐྲུན་ཚོད་ལྟ་སྤེལ་མགོ་བརྩམས།

ལོ་གཅིག་གི་རིང་ལ། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། སྤོབས་པ་ཆེན་པོས་ཚོད་ལྟ་དང་ཤུགས་ཆེན་པོས་བཅོས་སྒྱུར་བྱས་ཏེ། མཚོ་སྔོན་མི་དམངས་ཀྱིས་དགེ་མཚན་སྟོང་གིས་ཕྱུག་པའི་ཡུལ་ཁམས་གསར་བ་ཞིག་ཤུགས་ཀྱིས་བཏོད་པས། མུ་མཐའ་བྲལ་བའི་མཐོ་སྒང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། རིགས་སོ་སོའི་མང་ཚོགས་ཀྱི་ལྗང་མདོག་གི་ཐོབ་སྣང་དེ་མངོན་གསལ་སྒོས་ཇེ་མཐོར་སོང་།

དུས་ཡུན་རིང་བོའི་ཚུན་ལ། མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ཏེ། འབད་བརྩོན་སྒོས་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་མཐུན་པའི་རྒྱུན་མཐུད་འཕེལ་རྒྱས་དང་། དཔལ་འབྱོར་གྱི་ཆོས་ཉིད་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤྱི་ཚོགས་ཀྱི་ཆོས་ཉིད་དང་མཐུན་པའི་འཆམ་མཐུན་དྲང་བདེན་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཤིང་། སྐྱེ་ཁམས་སྔོན་མ་བྱེད་པའི་འདུ་ཤེས་བརྟན་པོར་བཙུགས་ནས། ཤུགས་ཆེན་པོས་ལྗང་མདོག་ཐོན་ལས་གོང་དུ་སྤེལ་བ་དང་། ལྗང་མདོག་ནུས་ཁུངས་དང་ལྗང་མདོག་ཐོན་ལས། ལྷད་མེད་འཛད་སྤྱོད། ལྗང་མདོག་ཞིང་ཕྱུགས་ལས་བཅས་སྒྲོམ་གཞི་ཡིན་པའི་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་འཕེལ་རྒྱས་སུ་བཏང་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་གསར་བ་གསར་གཏོད་བྱེད་པར་དངོས་པོའི་རྨང་གཞི་བཏང་།

2019ལོར་མཚོ་སྔོན་ཞིང་ཆེན་གྱིས་བློ་རྩ་བརྟན་པོས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལ་སྐུལ་འདེད་དང་། ལྗང་མདོག་ཐོན་སྐྱེད་འཚོ་བར་ཡར་སྐུལ་བཏང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་མཚོ་སྔོན་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་ཀྱི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་སུ་ཁྱབ་པར་བྱས་ཤིང་། སྐྱེ་ཁམས་སྔོན་མ་བྱེད་པའི་འདུ་ཤེས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འགན་སྲུང་། དམངས་ཚིས་ལེགས་བཅོས་བཅས་ལ་སྐུལ་འདེད་བཏང་། སྔོ་བསངས་ཀྱི་མཁའ་དབྱིངས་དང་དྭངས་གཙང་གི་ཆུ་མོ། ལྗང་མདོག་གི་རི་བོ་བཅས་དུས་གཏན་དུ་མཐོ་སྒང་གི་ས་གཞི་ཆེན་པོ་འདིར་གནས་པར་བྱེད་དགོས་ན།  ང་ཚོའི་ལས་འགན་ལྕི་ཞིང་རྒྱང་ཐག་རིང་བ་རེད།

གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་གཏིང་ཟབ་ཏུ་སྤེལ་བ་དང་། སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་དང་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་གྱི་གླེང་སྟེགས་གྲ་སྒྲིག་ལེགས་པོ་བྱས་ཤིང་། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྤྱིའི་འཆར་འགོད་བཟོ་སྒྲིག་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་ཡིན་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་མ་ལག་བཙུགས་པ་དང་། ཧྲིལ་བསྡུས་ལེགས་བཅོས་དང་སྒྲིག་སྲོལ་གསར་བསྐྲུན། མ་དངུལ་འགན་སྲུང་། ཚན་རིག་དོ་དམ། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་མིག་དཔེ་བྱས།

ཚད་ཐིག་གསུམ་དང་ཞིབ་ཐོ་གཅིག་གི་དོ་དམ་རྐྱེན་སྲོལ་བཙུགས་པ་དང་། གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་ཉེན་བརྡའི་མ་ལག་འཐུས་ཚང་དུ་བཏང་བ། ནན་ནན་ཏིག་ཏིག་གིས་གལ་ཆེའི་སྐྱེ་ཁམས་བཟོ་སྐྲུན་ལ་སྐུལ་འདེད་དང་འཆར་འགོད་བྱས་ཤིང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་བདེ་སྡུག་ཐུན་མོང་ཚོགས་པ་སྲུང་སྐྱོབ་ལེགས་པོ་བྱས་པ་དང་། མུ་མཐུད་དུ་གཞི་ཁྱོན་ཆེན་པོའི་རྒྱལ་ཁོངས་ལྗང་བསྒྱུར་གྱི་མྱུར་སྐྱོད་བྱ་སྤྱོད་ལག་བསྟར་བྱས་ནས། རྒྱུན་ཆད་མེད་པར་ཞིང་ཆེན་ཡོངས་ཀྱི་སྔོ་ལྗང་བར་སྟོང་གི་ཟིན་ཚད་མཐོར་འདེགས་བཏང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ཐོན་དབང་མ་ལག་འཐུས་ཚང་དུ་བཏང་ཏེ། རང་བྱུང་ཐོན་ཁུངས་ལེགས་བསྡུས་གསར་སྤེལ་དང་བེད་སྤྱོད་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱས།

ཤུགས་ཆེན་པོས་ལྗང་མདོག་གི་རིན་ཐང་ལྟ་བ་དར་སྤེལ་བྱས་ཏེ། ཐོན་སྐྱེད་གཙང་མ་དང་བཙོག་འབུད་ཆེས་ཉུང་བའི་བསྒྱུར་བཀོད་ལ་གཅིག་གྱུར་འཆར་འགོད་བྱས་པ་དང་། ཁེ་ལས་ཀྱིས་ནུས་ཁུངས་གཙང་མ་འཛད་སྤྱོད་ལེགས་པོ་བྱེད་པར་སྐུལ་མ་བཏང་ཞིང་།  སྲ་འཛུགས་གད་སྙིགས་རིགས་བགར་ནས་བསྡུ་ལེན་དང་བསྐྱེལ་འདྲེན། ཐག་གཅོད། འཁོར་སྐྱོད་བེད་སྤྱོད་བཅས་ཀྱི་མ་ལག་ཆ་ཚང་བཙུགས་པ་དང་།  ལྗང་མདོག་ཕྲ་ཕུང་བཟོ་སྐྲུན་ལ་སྐུལ་འདེད་བཏང་ཞིང་།  སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། བསྲི་ཚགས་གྲོན་ཆུང་དང་ལྗང་མདོག་ཐཱན་ཉུང་། དཔལ་ཡོན་བདེ་ཐང་གི་ཐོན་སྐྱེད་འཚོ་བ་རོལ་སྟངས་དང་འཛད་སྤྱོད་དཔེ་དབྱིབས་ཆགས་པར་སྣེ་ཁྲིད་བྱས།

ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ངེས་པར་དུ་རང་ཉིད་ཀྱི་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱས་ཚེ། མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་ཉིན་རེ་བཞིན་མཐོར་འདེགས་དང་འཐུས་ཚང་དུ་གཏོང་ཐུབ་པར་ཟད། མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་གྱི་ལམ་བུ་སྔར་ལས་ཡངས་ཤིང་རྒྱ་ཆེ་བ་དང་།  རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང་མཛེས་སྡུག་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་ཀྱང་མངོན་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཁྱོན་ཡོངས་གཞིར་བཟུང་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་སྔ་ན་མེད་པའི་མཐོ་ཚད་ཤིག་ཏུ་བཏོན་ནས། མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཤིང་། མཚོ་སྔོན་ནི་གལ་ཆེ་བའི་སྐྱེ་ཁམས་ཀྱི་སྲུང་ཡོལ་དང་འཐབ་ཇུས་ཀྱི་རྟེན་གཞི་ཡིན་པ་ཡང་ཡང་ནན་གྱིས་བསྟན་ལ། ཆེས་ཆེ་བ་གསུམ་དང་རག་ལས་གཉིས་ཀྱི་གནས་འཁེལ་བཏོན་པས། ང་ཚོས་རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ཁྲོད་ཀྱི་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་གོ་གནས་དང་མཚོ་སྔོན་གྱི་བྱ་བ་ལེགས་པོར་སྒྲུབ་པའི་ཐུན་མིན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པར་མཐོང་རྒྱ་གསར་བ་བསྐྱེད།

མཚོ་སྔོན་གྱི་སྐྱེ་ཁམས་ཀྱིས་ཐུན་མོང་མ་ཡིན་པའི་གོ་གནས་གལ་ཆེན་བཟུང་ཡོད།  མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་འཐུས་ཚོགས་ཆེན་ཐེངས་གསུམ་པར་ཟུར་ཞུགས་བྱས་པའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཐིན་ཀྲང་ཐང་བན་ཧྥིན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལེགས་པོ་བྱེད་རྒྱུ་ནི། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་སྲུང་འཛིན་བྱེད་པའི་སྔོན་འགྲོ་ཡིན་པར་མ་ཟད། འབྲི་ཆུ་དང་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་དོ་མཉམ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱས་ཏེ། བཞུར་རྒྱུན་དབུས་རྒྱུད་དང་སྨད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་ནུས་པ་གལ་ཆེན་ལྡན་པ་རེད།

སྐྱེ་ཁམས་ནི་མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་དང་ཆེས་ཆེ་བའི་འགན་འཁྲི། ཆེས་ཆེ་བའི་སྦས་ཤུགས་བཅས་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཆེན་པོ་དེས། མཚོ་སྔོན་གྱིས་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་པར་ཁ་ཕྱོགས་གསལ་བོ་བསྟན་ལ།  གོ་སྐབས་གསར་བ་བསྐྲུན། དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་མཚོ་སྔོན་ནས་བྱེ་བྲག་ཅན་དུ་བསྒྱུར་བའི་བླང་བྱ་གསར་བའང་ཡིན་པ་རེད། མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཅུས་ཀྲང་གཞོན་པ་ཐེན་ཅིན་ལེང་གིས་མུ་མཐུད་དུ་བཤད་རྒྱུར། ང་ཚོས་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་མཐའ་འཁྱོངས་བྱེད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་འཁེལ་གཞིར་བཟུང་ནས། འཕེལ་རྒྱས་ཀྱི་ཆོས་ཉིད་བརྩི་སྲུང་དང་ཤུགས་ཆེན་པོས་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་བཟོ་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། བློ་རྩ་བརྟན་པོས་འཁོར་སྐྱོད་དང་ཐཱན་ཉུང་། ཕན་མཐོ་བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས།

བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་ཉམས་མྱོང་བཟང་པོར་ཕྱོགས་སྡོམ་བྱས་ཏེ། སྐབས་བསྟུན་མདུན་བསྐྱོད་ཀྱིས་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངོས་ཟིན་གཏིང་ཟབ་ཏུ་གཏོང་དགོས་ལ། ང་ཚོར་མྱོང་ཚོར་ཟབ་མོ་ཞིག་ཐེབས་པ་ནི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་བ་ཡིན་ཞིང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་ཚེ། ད་གཟོད་སྐྱེ་ཁམས་ཁོར་ཡུག་ལེགས་པོ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་ཚད་གསར་བ་དང་སྤུས་ཚད་མཐོ་བའི་འཚོ་བའི་འདེགས་སྐྱོར་བྱེད་ས། མཚོ་སྔོན་གསར་བའི་སྙིང་སྟོབས་ཀྱི་ཤུགས་འདོན་ས་བཅས་སུ་འགྱུར་བར་བྱེད་ཐུབ་པར་མ་ཟད། མཚོ་སྔོན་གྱི་མཁའ་དབྱིངས་སྔར་ལས་སྔོ་ཞིང་བསངས་ལ། རི་བོ་སྔར་ལས་ལྗང་ཞིང་སྣུམ་པ། ཆུ་མོ་སྔར་ལས་དྭངས་ཞིང་གཙང་བ། ཁོར་ཡུག་སྔར་ལས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་འགྱུར་བར་བྱེད་ཐུབ།

ནམ་མཁའ་སྔོ་ཞིང་རི་བོ་ལྗང་བ། ཆུ་མོ་དྭངས་བ། ཁོར་ཡུག་མཛེས་པ་བཅས་མངོན་འགྱུར་བྱེད་པའི་ལས་འགན་གཙོ་བོ་ནི་འབྱུང་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་དེ་རེད། ང་ཚོས་ངེས་པར་དུ་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་འཁྱགས་རོམ་དང་གངས་རི། རྩྭ་ཐང་། ནགས་ཚལ། བརླན་ས། མཚེའུ། ཆུ་རྒྱུན། སྐྱེ་ཁམས་སྣ་མང་རང་བཞིན་བཅས་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་དེ་ནི། རྒྱལ་ཡོངས་མི་དམངས་ཀྱིས་མཚོ་སྔོན་ལ་གནང་བའི་མངག་བཅོལ་ཆེན་པོ་ཡིན་ལ། མཚོ་སྔོན་མི་དམངས་ཀྱིས་ངེས་པར་ཕྲག་ཏུ་ལེན་དགོས་པའི་བླ་མེད་ཀྱི་འགན་འཁྲིའང་ཡིན།

མགོ་རྩོམ་ས་གསར་བ་དང་འགན་འཁྲི་གསར་བ། འཕེལ་རིམ་གསར་བ་བཅས་ནས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ།  མཛེས་སྡུག་མཚོ་སྔོན་གྱི་བརྩེ་བ་མངོན་པར་བྱེད་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་ཏུ་བརྩི་བ་དང་། ནན་ནན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གཅིག་བསྡུས་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཁྲེགས་གཏོར་འཐབ་འཛིང་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།

ལོ་ཙཱ་བ།སྒྲོལ་མ་སྐྱིད།