རྨ་སྟོད་རྫོང་གིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་ལ་སྐུལ་འདེད་བཏང་བ།
2019.04.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་རང་འགུལ་ངང་རྒྱུན་རྣམ་གསར་པར་འཕྲོད་སྦྱོར་ཡོང་དུ་འཇུག་པ་དང་། ཧུར་ཐག་སྒོས་འགྱུར་ལྡོག་གསར་པར་གདོང་གཏོད་པ། གནད་དོན་ཕྱོགས་སྟོན་རྒྱུན་འཁྱོངས་དང་། དམིགས་ཚད་ལས་འགན་ལ་དམ་དུ་དམིགས་ཏེ། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དང་། ཆུ(མཚེའུ)བདག་ལམ་ལུགས་འཛུགས་སྐྲུན། ཁོར་སྲུང་ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་སོགས་བྱ་བའི་བྱེད་ཐབས་ལ་སྐུལ་འདེད་བཏང་བ་བརྒྱུད། སྐྱེ་ཁམས་དམར་ཐིག་ནན་སྲུང་དང་། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་།

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་རྨ་སྟོད་རྫོང་གིས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྨ་ཆུའི་མགོ་ཁུངས་གླིང་ཁུལ་ཀྱི་སྐྱེ་ཁམས་མྱོང་རོལ་དམིགས་བསལ་བརྒྱུད་གཉེར་ཚོད་ལྟ་ཧུར་ཐག་སྒོས་འཚོལ་ཞིབ་བྱས་པ་དང་། རྒྱལ་དབང་རང་བྱུང་ཐོན་ཁུངས་མ་རྩའི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་ནན་ཏན་གྱིས་བསྒྲུབས་ཏེ། ཞིང་ཆེན་ཡོངས་ཀྱི་ས་ཞིང་བརྟག་དཔྱད་ཆེན་མོ་ཐེངས་གསུམ་པ་དང་། སྦགས་བཙོག་གི་མགོ་ཁུངས་ལ་ཁྱབ་བཤེར་ཐེངས་གཉིས་པ་བྱེད་པར་སྐུལ་འདེད་བྱས་ནས། གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་རྒྱལ་ཁབ་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་རྫོང་ཁོངས་སྐྱེ་ཁམས་ཁོར་ཡུག་སྤུས་ཀ་དཔྱད་འཇོག་གཞི་གྲངས་ཕབ་འཇུག་དང་རྩིས་བཤེར་སོགས་ཀྱི་བྱ་བ་བསྒྲུབས་པ་དང་། དེ་མིན་ཚན་རིག་དང་མཐུན་པའི་སྒོ་ནས2019ལོའི་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གཙང་གསུམ་འབྱུང་ཡུལ་བཟོ་འགོད་དུས་རིམ་གཉིས་པ་དང་། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། རྨང་གཞིའི་སྒྲིག་བཀོད། དོ་དམ་ནུས་པ་འཛུགས་སྐྲུན་སོགས་ཀྱི་ལས་གཞི་ཇུས་འགོད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གླིང་ཁུལ་ལས་གཞིའི་གསོག་མཛོད་འཐུས་ཚང་ཞིག་བསྐྲུན།

དུས་མཚུངས་སུ། རྫོང་ཡོངས་སུ་ཆེད་དོན་ཚོགས་འདུ་བསྡུས་ཏེ། ཁྱོན་ཡོངས་ནས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལན་སྤྲོད་བསམ་འཆར་དག་ཐེར་ལེགས་བཅོས་ཀྱི་བྱ་བ་བཀོད་སྒྲིག་བྱས། མིག་སྔའི་བར་དུ། “སྐྱེ་ཁམས་ཐོན་ཁུངས་གཏོར་བརླག་གཏོང་མཁན་གྱི་ཁྲིམས་འགལ་ཉེས་ཅན་ལ་རྡུང་རྡེག་གཏོང་བ་དང་། འཆམ་མཐུན་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་མཉམ་དུ་བསྐྲུན་པའི”བརྗོད་དོན་ཆེད་དམིགས་བྱ་འགུལ་རྩ་འཛུགས་བྱས་ཏེ་སྤེལ་ཞིང་། ཁྱོན་བསྡོམས་རིགས་མི་གཅིག་པའི་ཁྲིམས་འགལ་གྱོད་དོན་ཉེར་གཅིག་རྩད་ཆོད་པ་དང་། དངུལ་ཆད་སྒོར་གྲངས་འབུམ་བཞི་དང་ཁྲི་གཅིག་སྟོང་གསུམ་དྲུག་བརྒྱ་ལ་སླེབས་ཡོད།

དེའི་རྨང་གཞིའི་ཐོག རྨ་སྟོད་རྫོང་གིས་རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་སྤྱིའི་ཆུ་བདག་མ་ལག་བཙུགས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཆུ(མཚེའུ)བདག་དམ་ལམ་ལུགས་གཏིང་ཟབ་དང་འཐུས་ཚང་དུ་བཏང་ཞིང་། ཞང་དང་གྲོང་རྡལ་རིམ་པའི་ཆུ(མཚེའུ)བདག་ལམ་ལུགས་བསྒྲགས་བྱང་ཞེ་གཉིས་སྒྲིག་འཛུགས་བྱས་པ་དང་། ཆུ་བེད་ཐིན་གྱི《རྨ་ཆུའི་མགོ་ཁུངས་ཀྱི་ཆུ་གློག་ས་ཚིགས་ཆུ་མཛོད་འཁོར་སྐྱོད་དོ་དམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར》གྱི་བླང་བྱ་ལྟར། དུས་ཐོག་ཏུ་ཆུ་རགས་ལྟ་ཞིབ་ཚད་ལེན་ཚན་ཆུང་བཙུགས་པ་དང་། མི་སྣ་ཆེད་དུ་བཀོད་སྒྲིག་བྱས་ཏེ་རགས་ཕུང་དང་། ཆུ་འདྲེན་དོང་། ཆུ་ལོག་བཞུར་ལམ་སོགས་གཙོ་གནད་བཟོ་འགོད་ལ་དུས་ཚོད་ཉེར་བཞིའི་རིང་མཚམས་མི་ཆད་པར་སྐོར་གཟིགས་ལྟ་ཞིབ་དང་ལྟ་ཞིབ་ཚད་ལེན་ནན་མོ་བྱས་ཏེ། རྨ་ཆུའི་མགོ་ཁུངས་ཀྱི་ཆུ་ལོག་ས་ཚིགས་རགས་ཆེན་བདེ་བླག་ངང་ཆུ་བྲུབ་པའི་དུས་ལས་བརྒལ་བར་ཁག་ཐེག་བྱས།


རྩོམ་སྒྲིག་པ། ཤ་བོ་རིན་མཚོ།