གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། སྐྱེ་ཁམས་སླར་གསོ་བྱུང་བའི་འཕེལ་རིམ་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་མངའ་ཁོངས་ཀྱི་རྩྭ་ཐང་དང་ནགས་ཚལ་གྱི་སྐྱེ་ཚུལ་རིམ་བཞིན་ཇེ་ལེགས་སུ་གྱུར་ནས། རྩི་ཤིང་ཁེབས་ཚད་བརྟན་བརླིང་ངང་འཕར་སྣོན་འབྱུང་བཞིན་ཡོད།
གཙང་གསུམ་འབྱུང་ཡུལ་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ཞིང་། དུས་རབས་སྔོན་མའི་ལོ་རབས70ནས་བཟུང་། གནམ་གཤིས་འགྱུར་ལྡོག་དང་དེ་བཞིན་མིས་བཟོས་རྒྱུ་རྐྱེན་གྱིས་ས་གནས་དེ་གའི་སྐྱེ་ཁམས་རིམ་བཞིན་ཇེ་ཞན་དུ་གྱུར། འདས་ཟིན་པའི་ལོ10ཡི་ནང་རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར100ལྷག་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ཐད་སྤྱད་པར་ཕན་འབྲས་མངོན་གསལ་ཐོབ་ཡོད། 2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་ས་ཚུགས་ཐོག་མ་ས་གནས་དེ་ནས་བཙུགས།
ཉེ་ལམ་ཁྱབ་བསྒྲགས་བྱས་པའི་ལྟ་ཞིབ་མཇུག་འབྲས་ལྟར་ན། 2018ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྩི་ཤིང་ཁེབས་ཚད་ལོ་སྔོན་མ་དང་བསྡུར་ན27.31%འཕར་ཡོད་པ་དང་། རྩྭ་ངོས་ཀྱི་ཆ་སྙོམས་མཐོ་ཚད་ལོ་སྔོན་མ་དང་བསྡུར་ན་ལི་སྨི0.84ཇེ་མཐོར་སོང་ཡོད་དེ། རྩྭའི་སྤྱིའི་ཐོན་ཚད་ལོ་སྔོན་མ་ལས13.29%འཕར་ཡོད།
2018ལོར་གླིང་ཁུལ་སྡོང་ཕྲན་གྱི་མཐོ་ཚད་ཆ་སྙོམས་སུ་ལི་སྨི3.68འཕར་ཡོད་ལ། ནགས་ཚལ་གྱི་སྡོང་ཕྲན་སྐྱེ་ཚད་སྨི་གྲུ་བཞི་མ་རེར་ཁེ1འཕར་ཡོད།
ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། 2018ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བརླན་སའི་ལྟ་ཞིབ་ས་ཚུགས་ཀྱི་རྩི་ཤིང་ཁེབས་ཚད་ལོ་སྔོན་མ་དང་བསྡུར་ན་ཆ་སྙོམས་སུ1%འཕར་ཡོད་པ་དང་། སྤྱིའི་ཆ་ནས་འཕར་སྣོན་བྱུང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། ལྟ་ཞིབ་ཚད་ལེན་ས་ཁུལ་གྱི་སྐྱེ་དངོས་འཕར་ཚད་མངོན་གསལ་ཡིན་ཞིང་། སྐྱེ་དངོས་ཆ་སྙོམས་སུ་འཕར་ཚད4%ཟིན་ཡོད།
སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་ལས་གཞིས་སྐུལ་འདེད་འོག 2018ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བྱེ་འགྱུར་ས་ཁུལ་གྱི་རྩི་ཤིང་ཁེབས་ཚད་ལོ་སྔོན་མ་ལས་ཆ་སྙོམས་སུ2%འཕར་ཡོད་དེ་སྐྱེ་དངོས་སྤྱིའི་སྐྱེ་ཚད་སྨི་གྲུ་བཞི་མ་རེར་ཁེ1འཕར་ཡོད་པ་རེད། །
གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2005ལོ་ནས་ད་བར་རང་རྒྱལ་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་མ་དངུལ་སྒོར་དུང་ཕྱུར180ལྷག་ཙམ་བཏང་བ་དང་ད་ལོ་སླར་ཡང་སྒོར་དུང་ཕྱུར9གཏོང་རྒྱུ་རེད།
གཙང་གསུམ་འབྱུང་ཡུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་མཁོ་ཁུངས་ཡིན་ཞིང་། དུས་རབས་སྔོན་མའི་ལོ་རབས70པ་ནས་བཟུང་གནམ་གཤིས་འགྱུར་ལྡོག་དང་དེ་བཞིན་མིའི་གཏོར་བཤིག་གི་དབང་གིས་ས་གནས་དེ་གའི་རྩྭ་ཐང་དང་། གཙང་པོ། མཚེའུ་སོགས་སྐྱེ་ཁམས་མ་ལག་ཉམས་ཞན་དུ་གྱུར་ནས་ཆུ་མགོའི་ཆུ་རྩྭ་གསོ་ནུས་ཇེ་ཞན་དུ་ཕྱིན་ཏེ་ཆུ་བོའི་སྨད་རྒྱུད་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད།
2005ལོར་རང་རྒྱལ་གྱིས་དུས་ཡུན་ལོ9ཡི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་འཛུགས་སྐྲུན་འགོ་ཚུགས་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་དོན་དྲུག་དང་བྱེ་བ་ལྔ་བཏང་བས་ས་ཁུལ་དེའི་སྐྱེ་ཁམས་ཉམས་ཞན་གྱི་རྣམ་པར་འགྱུར་ལྡོག་འབྱུང་མགོ་ཚུགས་ཡོད། 2014ལོའི་ཟླ་དང་པོར་གཏོང་ཚད་དེ་བས་མང་བ་དང་ཚད་གཞི་དེ་བས་ནན་མོ་ཡིན་པའི་དུས་སྐབས་གཉིས་པའི་བཟོ་སྐྲུན་མུ་མཐུད་དུ་སྤེལ་མགོ་ཚུགས་པས་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་འབུམ་གསུམ་ཁྲི་དགུ་སྟོང་ལྔ་ཟིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ཁོ་ནར་གཙང་གསུམ་འབྱུང་ཡུལ་གྱི་ས་ནག་ ཐང་བཅོས་སྐྱོང་དང་། མིས་བཟོས་ནགས་བཟོ། བྱེ་འགོག་རྩྭ་གསོ། བརླན་ས་སྲུང་སྐྱོབ། རྩྭ་ཐང་གི་གནོད་ཅན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་སོགས་ལས་གཞིར་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་གཉིས་བཏང་ཡོད་པ་རེད།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས2018ལོར་ཡོངས་བསྒྲགས་བྱས་པའི་མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་ལས་གཞིའི་འཆར་འགོད་ལག་བསྟར་དུས་དཀྱིལ་གྱི་དཔྱད་འཇོག་བྱས་འབྲས་ལས་མངོན་པ་ལྟར་ན། དུས་སྐབས་དང་པོའི་ལས་གཞིའི་ལག་བསྟར་བྱས་འབྲས་དང་བསྡུར་ན། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད4.8%ནས7.43%བར་འཕར་བ་དང་ཆུ་ཁོངས་བཟུང་ཚད་4.89%ནས་5.7%བར་འཕར་ཡོད། 2005ལོ་ནས2012ལོ་བར་གྱི་ཆུ་འདྲེན་ཚུལ་དང་བསྡུར་ན། ས་ཁུལ་དེས་ཉེ་བའི་ལོ་ཤས་རིང་ལོ་རེར་ཆ་སྙོམས་ཆུ་བོའི་སྨད་རྒྱུད་ལ་དྭངས་གཙང་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ང་དགུ་དང་བྱེ་བ་དྲུག་ས་ཡ་བདུན་ལྷག་ཙམ་གཏོང་གི་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་གཙང་གསུམ་འབྱུང་ཡུལ་གྱིས་སྒོར་དུང་ཕྱུར9ཡན་གྱི་དུས་སྐབས་གཉིས་པའི་རྣམ་གྲངས་ཀྱི་མ་འཇོག་དང་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་འབྱུང་བའི་འགན་ལེན་བྱ་རྒྱུ་རེད། 2020ལོར་སླེབས་སྐབས་རང་རྒྱལ་གྱིས་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་དང་པོ་དང་གཉིས་པའི་ལས་གཞིར་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར་ཉིས་བརྒྱ་བཞི་བཅུ་གཏོང་རྒྱུ་རེད།
ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་ཚན་ཞིབ་མི་སྣ་སྔར་ལས་མང་བོ་མདོ་དབུས་མཐོ་སྒང་དུ་གནས་པའི་གཙང་གསུམ་འབྱུང་ཡུལ་དུ་གཞིས་བཙུགས་ཏེ་ཡུལ་དེའི་སྐྱེ་ཁམས་སྲུང་སྐྱོབ་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་བཞིན་ཡོད། ད་ལྟ་ས་ཁོངས་དེ་རིམ་བཞིན་སྐྱེ་ཁམས་ཚན་ཞིབ་ཀྱི་གཤིན་སར་འགྱུར་བཞིན་ཡོད་པས་སྔོན་ཆད་ཤེས་ལྡན་པ་ཉུང་བའི་གནས་བབ་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་འབྱུང་ཡུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ལ་ཨེ་ཤེ་ཡའི་ཆུ་རྩ་གསོ་ཁུལ་གལ་ཆེན་དུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། མངའ་ཁོངས་སུ་ཆུ་བོ་དང་། འཁྱག་རོམ། འདམ་ར། གཅན་གཟན་སྣ་ཚོགས་ཡོད་པས་སྐྱེ་ཁམས་ཚན་ཞིབ་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། དེ་སྔོན་ས་རྒྱ་ཆེ་ལ་མི་གྲངས་ཉུང་བ་དང་། གནམ་གཤིས་ཆ་རྐྱེན་ཞན་པ། ཆ་སྙོམས་ས་བབ་སྨི་སྟོང་བཞི་བཅས་ཡོད་པའི་ཡུལ་གྲུ་དེར་འབྲེལ་ཡོད་ཀྱི་ཤེས་ལྡན་པ་ཉུང་བ་རེད།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས། ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ2016ལོར། རང་རྒྱལ་གྱིས་གཙང་གསུམ་འབྱུང་ཡུལ་དུ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཐོག་མར་བྱས་ཚུན། ཡུལ་དེར་བསྐྱོད་ནས་ཡུན་རིང་སྐྱེ་ཁམས་ཚན་ཞིབ་བྱེད་མཁན་རིགས་གཅིག་མཁས་ཅན་ཉིན་བཞིན་ཇེ་མང་དུ་འགྲོ་གི་ཡོད། མིག་སྔའི་བར། ཀྲུང་གོ་ཚན་རིག་གླིང་དང་། ཆིན་ཧྭ་སློབ་ཆེན། པེ་ཅིན་སློབ་ཆེན་སོགས་ཚན་ཞིབ་ཁང་གིས་རིམ་རྩིས་བྱས་ན་ཚོགས་པ་ཁག་ཐེངས་87མངགས་ཏེ་གཙང་གསུམ་འབྱུང་ཡུལ་གྱི་ས་གཤིས་དང་། འཁྱག་ས། ཆུ་དཔྱད། སྐྱེ་དངོས་སྣ་མང་རང་བཞིན་སོགས་ཞིབ་འཇུག་ཁྱབ་ཁོངས་སུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅེས་དེ་ལྟར་བཤད་བྱུང་།
པེ་ཅིན་སློབ་ཆེན་རང་བྱུང་སྲུང་སྐྱོབ་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་འབུམ་རམས་པ་ཞའོ་ལིན་ཡུན་གྱིས། སྐྱེ་ཁམས་ཚན་ཞིབ་ཀྱི“ཐོན་ཁུངས་གཙོ་གནད”གཙང་གསུམ་འབྱུང་ཡུལ་གྱི་ཆ་རྐྱེན་ཆེས་ཞན་ནའང་ཚན་ཞིབ་མི་སྣ་མང་པོའི་ཡིད་སྨོན་བྱ་ཡུལ་རེད། འདས་པའི་ལོ་3གྱི་རིང་། ཁོ་ཡུལ་འདིར་ལོ་རེར་ཆ་སྙོམས་བརྟག་ཞིབ་ཉིན80ཙམ་བྱས་ཏེ《ཨེ་ཤ་ཡ་དབུས་མའི་རི་ཐང་གི་སྐྱེ་ཁམས་མ་ལག་ནང་གི་གསའི་སྐྱེ་ཁམས་བྱེད་ནུས》སོགས་ཞིབ་འཇུག་བྱ་གཞི་བྲིས་ཚར་ནས་རིག་གཞུང་ལས་རིགས་སུ་ཤུགས་རྐྱེན་ངེས་ཅན་ཐོན་ཡོད་ཅེས་བཤད་བྱུང་།
ངོ་སྤྲོད་བྱས་པར་གཞིགས་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐྱེ་ཁམས་སྲུང་སྐྱོབ་ལ་ཞུགས་རྒྱུར་སྐུལ་ལྕག་བྱེད་ཀྱི་ཡོད་པ་དང་། ཚན་ཞིབ་ཁང་ལས་གཞན། སྲིད་གཞུང་མིན་པའི་རྩ་འཛུགས་ཀྱང་ཡུལ་དེ་གའི་ཚན་ཞིབ་ཀྱི་འདེགས་སྐྱོར་གལ་ཆེན་དུ་འགྱུར་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། སྤྱི་གླིང་གིས་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་དང་། པེ་ཅིན་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས། པེ་ཅིན་བུད་མེད་ཤེས་ལྡན་ཐེབས་རྩ་ལྷན་ཚོགས་སོགས་རྩ་འཛུགས་དང་མཉམ་ལས་བྱས་ནས་སྐྱེ་ཁམས་ཚན་ཞིབ་དང་། ཁོར་ཡུག་སློབ་གསོ། འབྲོག་པ་གསོ་སྦྱོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཀྱང་བཏང་བ་རེད།
པེ་ཅིན་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་གཙང་གསུམ་འབྱུང་ཡུལ་ལས་གཞིའི་ཀྲུའུ་རེན་ཀྲའོ་ཞང་གིས། 2013ལོར་གཙང་གསུམ་འབྱུང་ཡུལ་དུ་ཚན་རིག་བརྟག་དཔྱད་བྱས་ནས་ད་ལྟའི་བར་དུ། ང་ཚོའི་ཚོགས་པས་སྲོག་ཆགས་ས་ཡ་ལྷག་ཙམ་ལ་པར་བརྒྱབ་པའི་ནང་གསའ་ཡིས་གྲོགས་འཚོལ་བ་དང་། ས་ཁོངས་གཅིག་པའི་གསའ་དང་གཟིག་འགྲོ་སྐྱོད་སོགས་ཀྱི་འབྲེལ་ཡོད་གསར་རྙེད་དག་ནི་རྒྱལ་ཡོངས་སུ་ཐོག་མར་གྱུར་ཡོད་ཅེས་བཤད་བྱུང་།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་དེ་བཞིན་གཙང་གསུམ་འབྱུང་ཡུལ རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་སྟེ་རང་བྱུང་ཐོན་ཁུངས་ལ་གཏོར་བཤིག་གཏོང་མཁན་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་ཆེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ད་ལོའི་ཟླ3ཚེས4ཉིན་ནས་ཚེས19ཉིན་བར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་སྐོར་གཡེང་ཁྲིམས་འཛིན་ལས་དོན་ཐེངས་དང་པོ་སྤེལ་བ་རེད།
ཐེངས་འདིའི་སྐོར་གཡེང་གི་དམིགས་ཡུལ་གཙོ་བོ་ནི། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་རང་བྱུང་ཐོན་ཁུངས་ཀྱི་གནས་ཚུལ་དང་མིའི་རིགས་ཀྱི་བྱེད་སྒོའི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་འབྲེལ་སྐྱེ་ཁམས་ཁོར་ཡུག་དང་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ལྟ་ཞིབ་ཚད་ལེན་དང་ཐོ་འགོད་ཡག་པོ་བྱས་ཏེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་རྔོན་རྒྱག་པ་དང་། ཤིང་གཅོད་པ། བྱེ་རྡོ་རྔོག་པ། ས་རྒོད་སློག་པ། ཆོག་མཆན་མ་ཐོབ་པར་འཛུགས་སྐྲུན་བྱེད་པ། འཛུགས་སྐྲུན་ཆུ་ཚད་དང་མི་མཐུན་པ་སོགས་ལས་གཞི་འཛུགས་སྐྲུན་དང་སྐྱེ་ཁམས་ཐོན་ཁུངས་ལ་གཏོར་བརླག་གཏོང་བ་སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཞིབ་བཤེར་དང་བཀག་འགོག་བྱས་ཏེ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་བཅའ་ཁྲིམས་དང་སྒྲིག་སྲོལ་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་མ་ལག་དང་། སྲོག་ཆགས། མིའི་རིགས་ཀྱི་བྱེད་སྒོ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྐྱེ་ཁམས་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་བརྟན་འཇགས་ཡོང་བ་བྱས་ནས་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་ཐོན་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱ་རྒྱུ་དེ་རེད།
མིག་སྔར་གླིང་ཁུལ་སོ་སོ་དང་རང་བྱུང་སྲུང་སྐྱོབ་ཁུལ་དུ་སྐོར་གཡེང་ཁྲིམས་འཛིན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
གཞན་ཡང་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་ལ་བརྟག་
དཔྱད་ཚོད་སྐོར་གྱི་ལས་དོན་ཟི་ལིང་དུ་སྤེལ་འགོ་ཚུགས་ཤིང་། ལས་དོན་འདིའི་དམིགས་ཡུལ་ནི་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་རེད།
མིག་སྔར། མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་ས་ཚིགས་གཉིས་སྔ་རྗེས་སུ་ལག་ལེན་བསྟར་འགོ་ཚུགས་ཤིང་། 2018ལོའི་ལོ་མཇུག་ཏུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་ཐོག་མའི་གྲས་སུ་བཅུག་པ་རེད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཧོ་དབན་ཁྲེང་གིས་ཐེངས་འདིའི་བརྟག་དཔྱད་ཚོད་སྐོར་ལས་དོན་ལ་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་དམིགས་ཚད་དུ་བྱས་ཏེ། ཆུ་རྩྭ་སྲུང་སྐྱོབ་ཁུལ་དང་བྱེ་འགྱུར་བཀག་སྡོམ་ཁུལ་ཟུང་འབྲེལ་གྱིས་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་བར་སྟོང་སོགས་སུ་བརྟག་དཔྱད་མཐིལ་རྟོགས་ཀྱི་ལས་དོན་སྤེལ་རྒྱུ་རེད་ཅེས་བཤད།
ཧོ་དབན་ཁྲེང་གིས་བཤད་རྒྱུར། རྣམ་གྲངས་འདིས་ད་ཡོད་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཞི་རྩའི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་ཆེད། རང་བྱུང་སྲུང་སྐྱོང་ཁུལ་གྱི“དཔེ་རིས་གཅིག”གཏོད་པ་དང་། རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ཁུལ་ལེགས་སྒྲིག རང་བྱུང་ཐོན་ཁུངས་ཐོན་རྫས་གཅིག་སྡུད་གཅིག་གྱུར་གྱི་དོ་དམ་ལ་ཤུགས་སྣོན་བྱེད་རྒྱུ་རེད་ཟེར།
ཐེངས་འདིའི་བརྟག་དཔྱད་ཚོད་སྐོར་ལས་དོན་ནི་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནུབ་བྱང་བརྟག་དཔྱད་འཆར་གཞི་ཇུས་འགོད་ཁང་གིས་སྤེལ་བ་དང་། ད་ལོའི་ལོ་མཇུག་གི་བར་བརྟག་དཔྱད་ཚོད་སྐོར་དང་རང་བྱུང་སྲུང་སྐྱོབ་ཁུལ་གཅིག་སྡུད་ལེགས་སྒྲིག་གི་ལས་དོན་ཡོངས་འགྲུབ་བྱེད་རྒྱུ་རེད། །
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།