གཙང་གསུམ་འབྱུང་ཡུལ་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་བསྣན།
2019.04.28 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 20

 མཚོ་སྔོན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་རིམ་གཉིས་པའི་འཆར་འགོད་ལག་བསྟར་གྱི་དུས་དཀྱིལ་དཔྱད་འཇོག་མཇུག་འབྲས་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཞན་འགྱུར་གྱི་རྣམ་པར་ཐོག་མའི་ཚོད་འཛིན་ཐུབ་པར་གྱུར་པ་དང་།  སྐྱེ་ཁམས་འཛུགས་སྐྲུན་བཟོ་འགོད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནས་བབ་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ཡོད། སྐྱེ་ཁམས་སྲུང་སྐྱོབ་སྒྲིག་སྲོལ་ནང་རྐྱེན་ཉིན་བཞིན་འཐུས་ཚང་དུ་གྱུར་ཅིང་། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བྱུང་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་བརྟན་པོར་ཆགས་པའི་གྲུབ་འབྲས་དེ་དག་བླངས་པ་ནི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཁས་ལེན་ཞིག་རེད།

གཙང་གསུམ་འབྱུང་ཡུལ་ལ་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་གོ་གནས་དམིགས་བསལ་ཡོད་དེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་འཕེལ་རྒྱས་དང་འབྲེལ་བ་ཡོད། 2005ལོའི་ཚུན་ལ། རང་རྒྱལ་གྱིས་སྔ་གཞུག་ཏུ《མཚོ་སྔོན་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སྤྱིའི་འཆར་འགོད》དང《མཚོ་སྔོན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་རིམ་གཉིས་པའི་བཟོ་སྐྲུན་འཆར་འགོད》ལག་བསྟར་བྱེད་མགོ་བརྩམས། 2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེངས33པའི་རྒྱུན་ལས་གྲོས་ཚོགས་སྟེང《མཚོ་སྔོན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་རིམ་གཉིས་པའི་བཟོ་སྐྲུན་འཆར་འགོད》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དེས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་མཚོན། 2018ལོའི་ལོ་མགོར།《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དངོས་སུ་དཔར་འགྲེམ་བྱས་པ་དེས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་དུས་རིམ་དུ་སླེབས་པ་མཚོན་ཡོད་པ་དང་། འདི་ལས་དུས་རབས་གསར་པའི་ཚུན་ལ་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྩེ་རིམ་ཇུས་འགོད་བྱས་ཡོད་པ་མཚོན།

ཉེ་བའི་ལོ་འགའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག་རང་ཞིང་གི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གཟབ་ནན་ལྡན་པའི་ཚན་རིག་གི་ལྟ་ཚུལ་བཟུང་བ་དང་། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་སྤྱི་ཁོག་གྲུབ་ཚུལ་གྱི་ཕྱོགས་ཆ་ལེགས་སྒྱུར་བྱས་པ་མཚོན། རྩྭ་ས་ཞན་འགྱུར་ལ་ཐོག་མའི་ཚོད་འཛིན་ཐུབ་པ་དང་། ཆུ་ཁུངས་གསོག་ཁུལ་གྱི་བྱེད་ནུས་རིམ་བཞིན་སླར་གསོ་བྱུང་ཞིང་། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སྒྱུར་ཆེན་པོ་བྱུང་སྟེ། འཆམ་མཐུན་དང་། ལྗང་མདོག མཛེས་སྡུག་གི་གཙང་གསུམ་འབྱུང་ཡུལ་ང་ཚོའི་མིག་ལམ་དུ་ཡང་བསྐྱར་མངོན་བྱུང་། གོང་གི་གྲུབ་འབྲས་འདི་དག་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྩེ་རིམ་ཇུས་འགོད་བྱས་པ་ལས་བྱུང་བ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་གི་རྩེ་རིམ་ཇུས་འགོད་དོན་འཁྱོལ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་པ་ལས་བྱུང་བ་རེད།

ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་འགྲེང་སྟེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལོ་རྒྱུས་ཀྱི་སྐས་རིམ་གསར་པ་ཞིག་གི་སྟེང་སྤོ་རྒྱུ་ཇི་ལྟར་མངོན་འགྱུར་བྱེད་པ་དང་།  གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་འཁོར་སྐྱོད་ལེགས་པའི་ཕྱོགས་སུ་བསྐྱོད་རྒྱུ་ཇི་ལྟར་མངོན་འགྱུར་བྱེད་པ། “ཀྲུང་ཧྭའི་ཆུ་མཛོད”ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མུ་མཐུད་དུ་སྲ་བརྟན་ཡོང་བ་ཇི་ལྟར་མངོན་འགྱུར་བྱེད་དགོས་ཟེར་ན། གནད་འགག་དེ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་སྟངས་ཅི་ལྟ་བུ་ཞིག་འཛིན་པར་རག་ལས་པ་དང་། གཙང་གསུམ་འབྱུང་ཡུལ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་ཀྱི་འཐབ་ཇུས་གོ་གནས་ལ་ཟུང་འབྲེལ་བྱས་ཏེ། རྒྱལ་ཡོངས་ཀྱི་འཐབ་ཇུས་ཁྲོད་ཀྱི་གོ་གནས་སྟེང་འགྲེང་སྟེ་བལྟ་བ། མ་འོངས་པའི་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལམ་བུའི་སྟེང་འགྲེང་སྟེ་བལྟ་བ། གཙང་གསུམ་འབྱུང་ཡུལ་རྒྱུན་མཐུད་དུ་འཕེལ་རྒྱས་འགྲོ་བའི་མཐོང་སྣེའི་སྟེང་འགྲེང་སྟེ་བལྟ་དགོས། དེ་ནས་བསམ་བློའི་སྟེང་དང་འཐབ་ཇུས་དུས་རིམ་ཐད་རྒྱལ་ཁབ་ཀྱི་འཐབ་ཇུས་དང་གཅིག་གྱུར་སྲུང་འཛིན་བྱས་ཏེ། རང་རྟོགས་ཀྱིས་མཉམ་འདྲེས་དང་། ཧུར་ཐག་སྒོས་རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འཕེལ་རྒྱས་གལ་ཆེན་གྱི་འཐབ་ཇུས་དོན་འཁྱོལ་བྱ་དགོས།

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཀྱི་ཕྱོགས་ན་ཡོད་ལ། ཆེས་ཆེ་བའི་འགན་འཁྲི་ཡང་སྐྱེ་ཁམས་ཀྱི་ཕྱོགས་ན་ཡོད། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་ཕྱོགས་ན་ཡོད། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་འགྲེང་སྟེ། ང་ཚོས་གསལ་པོར་ཤེས་དགོས་པ་ནི། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་པའི་གཞི་རྩ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། བསམ་བློ་དང་། ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། གཙང་གསུམ་འབྱུང་ཡུལ་ས་ཁུལ་ཁྱོན་ཡོངས་ནས་བསྟུད་མར་འཕེལ་རྒྱས་འབྱུང་བའི་སྒུལ་ཤུགས་གསར་པ་མཐུན་སྦྱོར་བྱ་ཆེད་དང་། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་ཆེད་གསོན་ཤུགས་གསར་པ་སྣོན་དགོས།

གཞན་ཡང་གནམ་གཤིས་ལྟ་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན། ཆར་ཆུ་མང་ཞིང་མིའི་ཐབས་ལ་བརྟེན་ནས་ཆར་འབེབས་པ་ཇེ་མང་དུ་བཏང་བ་བརྒྱུད། 2018ལོར། གཙང་གསུམ་འབྱུང་ཡུལ་གྱི་མཚེའུ་ཡི་རྒྱ་ཁྱོན་ཇེ་ཆེ་རུ་སོང་བ་དང་། སྔོ་ཁེབས་ཀྱི་ཚད་ཇེ་མང་དུ་སོང་བ། ཆུ་རྒྱུན་ཆེ་རུ་འགྲོ་བ་སོགས་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་ཡག་པོ་ཞིག་མངོན་ཡོད།

སའི་གོ་ལའི“སྣེ་གསུམ་པའི”མདོ་དབུས་མཐོ་སྒང་གི་ལྟེ་བར་གནས་པའི་གཙང་གསུམ་འབྱུང་ཡུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་གཙང་པོ་ཆེན་པོ་གསུམ་གྱི་འབྱུང་ཁུངས་དང་། ཀྲུང་གོ་དང་དེ་བཞིན་ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ་གྱི་ཆུའི་ཐོན་ཁུངས་གལ་ཆེན་ཞིག་རེད།

དབྱེ་ཞིབ་བྱས་པ་ལས་མངོན་པ་ལྟར་ན། 2018ལོའི་དཔྱིད་ཀའི་ཚུན་དུ། གཙང་གསུམ་འབྱུང་ཡུལ་དུ་ཁ་བ་ཐེངས་མང་བབས་པ་དང་། ཆར་ཆུ་མོད་པ་དེས་གཙང་གསུམ་འབྱུང་ཡུལ་དུ་རྩྭ་སྐྱེས་པར་ཆ་རྐྱེན་ཡག་པོ་ཞིག་བསྐྲུན་ཡོད། འོན་ཀྱང་གཙང་གསུམ་འབྱུང་ཡུལ་དུ་དམིགས་བསལ་གྱི་ས་གཤིས་གནས་བབ་དང་གནམ་གཤིས་ཀྱི་རྐྱེན་པས་དེའི་ས་ངོས་ཆུའི་ཐོན་ཁུངས་ཀྱི་དུས་དང་བར་སྟོང་ཁྱབ་ཚུལ་སྙོམས་པོ་མིན་པ་དང་། ས་ཁོངས་རང་བཞིན་གྱི་ཆུ་དཀོན་པའི་གནད་དོན་ཧ་ཅང་མངོན་གསལ་ཡིན་པ་་རེད། དེར་བརྟེན་ས་ཁུལ་དེར་སྐྱེ་ཁམས་སླར་གསོ་རྣམ་པའི་མིའི་ཐབས་ལ་བརྟེན་ནས་ཆར་པ་འབེབས་པའི་ལས་དོན་བསྒྲུབས་ཏེ་ཆར་ཆུ་འབབ་ཚད་སྔར་ལས་ཇེ་མང་དུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་ནི་དགོས་གལ་ཧ་ཅང་ཆེན་པོ་ཞིག་རེད།

གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་གཉིས་ཀྱི་རིང་ལ་ལྟ་ཞིབ་ཚད་ལེན་དང་ས་ངོས་ནས་ཚད་ལེན་བྱས་པའི་གཞི་འཛིན་གྲངས་ཀ་ལས་མངོན་པ་ལྟར་ན།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་རྣམ་པ་སྤྱིའི་ཆ་ནས་བརྟན་འཇགས་ཡིན་ལ། སྤྱི་གླིང་ས་ངོས་ཀྱི་ཆུའི་ཐོན་ཚད་སྨི་གྲུ་བཞི་མ་ཐེར་འབུམ་དགུ་དང་དུང་ཕྱུར་དྲུག་བྱེ་བ་ལྔ་ས་ཡ་བཞི་ལ་སླེབས་ཡོད་པས་ཆུའི་སྤུས་ཚད་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད།

ལྟ་ཞིབ་ཚད་ལེན་གྲངས་ཀ་གཞིར་བཟུང་ན།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བརླན་ས་དང་ཆུའི་སྐྱེ་ཁམས་མ་ལག་གིས་བཟོ་ལས་ར་བའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་ལྔ་གཅིག་ཟིན་ཡོད་པ་དང་། བརླན་སའི་རྒྱ་ཁྱོན་གྱིས་བརྒྱ་ཆའི་ཉེར་གཉིས་དང་གྲངས་ཆུང་དགུ་གཅིག་ཟིན་ཡོད་ཅིང་། ཆུའི་སྐྱེ་ཁམས་མ་ལག་དང་བརླན་སས་སྐྱེ་ཁམས་མ་ལག་གི་རྣམ་པ་གཙོ་བོ་གྲུབ་པར་བྱས་ཡོད།

ལྟ་ཞིབ་ཚད་ལེན་གྱི་མཇུག་འབྲས་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལོ་རེའི་ཆར་ཆུ་འབབ་ཚད་ཧོ་སྨི་བཞི་བརྒྱ་དང་གྲངས་ཆུང་དྲུག་ཡིན་པ་དང་། ས་ངོས་ཀྱི་ཆུའི་ཐོན་ཚད་སྨི་གྲུ་བཞི་མ་ཐེར་འབུམ་དགུ་དང་དུང་ཕྱུར་དྲུག་ལྷག་ལ་སླེབས་ནས། ཆུའི་སྤུས་ཚད་ཆེ་ཕྱོགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅིང་། ས་ཁོངས་ནང་གནས་ཀྱི་མཁར་གྲོང་གཙོ་བོའི་ཁོར་ཡུག་སྔར་ལས་ཇེ་ལེགས་དང་མཁའ་དབུགས་སྔར་ལས་ཇེ་གཙང་དུ་ཕྱིན་ནས།  སྐྱེ་ཁམས་ཁོར་ཡུག་གི་སྤྱིའི་རྣམ་པ་བརྟན་འཇགས་ཅན་དུ་གྱུར་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།