སྐྱེ་ཁམས་དཔལ་ཡོན་གྱིས་སྒྱུ་འཕྲུལ་མཚོ་བྱང་ལ་གཟི་བྱིན་བསྩལ།
2019.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

 ཁ་བས་གཡོགས་པའི་མཚོ་བྱང་རྩྭ་ཐང་ལྷིང་འཇགས་དང་འཆམ་མཐུན་གྱི་ཁྲོད་དུ་གནས་ཤིང་།  སྐབས་རེར་ལམ་འགྲམ་དུ་རི་དྭགས་དགོ་ཡི་ཁྱུ་ཚོགས་མཐོང་ཐུབ་པ་དེས། གསོན་ཉམས་ལྡན་པའི་སྒོ་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གཏམ་རྒྱུད་རྒྱས་པར་བཀྲོལ།  གནས་འདི་ནས་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དུ་ལེགས་བཅོས་ཐོབ་སྟེ། མཁའ་དབྱིངས་སྔོ་ཞིང་ཆུ་མོ་དྭངས་བ། ཁོར་ཡུག་གཙང་བ། མཁར་གྲོང་མཛེས་པ་བཅས་ཀྱི་ད་ལྟའི་མཚོ་བྱང་དེ་ལྟ་ན་སྡུག་པའི་སྐྱེ་ཁམས་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད་པ་མཐོང་ཐུབ།

མཚོ་བྱང་ཁུལ་ནི་མཚོ་སྔོན་པོའི་བྱང་འགྲམ་དུ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གསུམ་སྟོང་བཞི་ཆིག་བརྒྱ་ཡོད། མངའ་ཁོངས་སུ་མཚོ་སྔོན་པོའི་བཞུར་རྒྱུན་གྱི་རྩྭ་སའི་བརླན་སའི་སྐྱེ་ཁམས་མ་ལག་དང་མདོ་ལ་རི་བོའི་ནགས་ཚལ་ཆུ་ཁོངས་བསྐྱིལ་གསོག་གི་སྐྱེ་ཁམས་མ་ལག་ཡོད་པས། རྨ་ནུབ་དོག་ལམ་གྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དོ་མཉམ་སྲུང་སྐྱོབ་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། སྐྱེ་ཁམས་ཀྱི་གོ་གནས་ཧ་ཅང་གལ་ཆེ།

སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན། མཚོ་བྱང་ཁུལ་གྱིས་ཚན་རིག་གི་ཆོད་གཏམ་འདི་གཞིར་བཟུང་སྟེ། ཡང་དག་པའི་སྐྱེ་ཁམས་དཔལ་ཡོན་ལྟ་བ་བཙུགས་ནས། མཚོ་བྱང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ཁྲོད་བཞག་ནས། མཛེས་སྡུག་གི་མཚོ་བྱང་འཛུགས་སྐྲུན་བྱེད་པ་དེ་ཁུལ་དེའི་རིགས་སོ་སོའི་མི་དམངས་འབུམ་གཅིག་ཁྲི་བརྒྱད་ཀྱིས་འཚོལ་སྙེག་བྱེད་པའི་དམིགས་འབེན་གསར་བར་གྱུར་ཡོད།

མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་དུས་བཅད་ལྟར་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བར་ཞིབ་འཇུག་བྱས་ཏེ། ལོ་རེར་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གྲོས་ཚོགས་བསྡུས་ནས་བཀོད་སྒྲིག་བྱས། རྒྱལ་ཁབ་ཀྱི《ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》དང《རླུང་ཁམས་ཆེན་མོའི་འབག་བཙོག་འགོག་བཅོས་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་བརྒྱད་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྲིད་ཇུས་རབ་དང་རིམ་པ་འགྲེམ་སྤེལ་བྱས་ཏེ། མཚོ་བྱང་ཁུལ་གྱིས་དུས་ཐོག་ཏུ་རྩེ་གྲས་ཇུས་འགོད་བྱས། ཐོག་མར་ཞིང་ཆེན་ཡོངས་ནས་རྒྱལ་ཡོངས་ཀྱི་ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཚོད་ལྟ་དང་ཞིང་ཆེན་ཡོངས་ཀྱི་ནགས་ལས་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་གསར་འཛུགས་བྱ་བ་ལག་བསྟར་བྱས།

2016ལོར་མཚོ་བྱང་ཁུལ་གྱིས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྟེང་རི་ཀླུང་མཛེས་ཤིང་སྐྱེ་ཁམས་ཁོར་ཡུག་སྔར་ལས་བཟང་བའི་མཛེས་སྡུག་གི་མཚོ་བྱང་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལས་འགན་གཏན་ལ་ཕབ་ཅིང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། བྱེད་ནུས་ཁུལ་གཙོ་བོའི་འཆར་འགོད་དངོས་འབེབས་ནན་མོ་བྱེད་པ། རང་བྱུང་སྐྱེ་ཁམས་མ་ལག་ནུས་ཡོད་སྒོས་སྲུང་སྐྱོབ་བྱེད་པ། མཁར་གྲོང་གི་ཁོར་ཡུག་སྤུས་ཚད་མངོན་གསལ་སྒོས་ལེགས་བཅོས་བྱེད་པ། ཤུགས་ཕུད་དེ་ནགས་ཚལ་ཐོན་ཁུངས་ལ་དོ་དམ་སྲུང་སྐྱོབ་བྱེད་པ་དང་། བརླན་སའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པ། བྱེ་མ་འགོག་བཅོས་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་རིག་གནས་ཡུལ་སྐོར་སོགས་ཕྱོགས་ལྔའི་ཐད་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་བསྐྱོད་པའི་འབད་འཐབ་དམིགས་འབེན་བཏོན།  སྐྱེ་ཁམས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བའི་འཐབ་ཇུས་དེ་མཐོ་ཚད་གསར་བ་ཞིག་ཏུ་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་གོ་གནས་སྔར་ལས་འབུར་ཐོན་ཏུ་གྱུར་ཞིང་། ཁོར་ཡུག་སྲུང་སྐྱོབ་ཆེན་པོའི་རྣམ་པ་འཛུགས་སྐྲུན་བྱས།

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་སྟེ། ཁུལ་ཡོངས་ཀྱི་ཁོར་ཡུག་དྲ་མིག་ཅན་གྱི་དོ་དམ་རྐྱེན་སྲོལ་བཙུགས་པ་དང་། ཁུལ་དང་རྫོང་། ཞང་། སྡེ་བ་བཅས་ཀྱི་ཁོར་ཡུག་ལྟ་སྐུལ་དོ་དམ་འགན་འཁྲི་གསལ་བོ་བྱས་ཤིང་། 《ནགས་ཚལ་དོ་དམ་སྲུང་སྐྱོབ་སྲོལ་ཡིག》དང《གཏེར་ཁའི་ཐོན་ཁུངས་དོ་དམ་སྲོལ་ཡིག》། 《མཁར་གྲོང་ལྗང་བསྒྱུར་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འཁེལ་དང་འགྲེམ་སྤེལ་བྱས།

2018ལོའི་ཟླ་བདུན་པར། མཚོ་བྱང་ཁུལ་གྱིས་དུས་ཐོག་ཏུ་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་དང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལན་སྤྲོད་བསམ་འཆར་དག་ཐེར་ལེགས་སྒྲིག་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་ནས། མཚོ་བྱང་གི་འབག་བཙོག་འགོག་བཅོས་མཁྲེགས་གཏོར་འཐབ་འཛིང་ལེགས་པོར་སྤེལ་བ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལན་སྤྲོད་གནད་དོན་དག་ཐེར་དང་ལེགས་སྒྲིག་བྱེད་པར་སྐུལ་འདེད་དང་། ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས།

ལོ་འདི་འགར། སྔོ་ལྗང་གི་རི་ཆུ་དང་དྭངས་གཙང་གི་མཁའ་དབུགས་དེ་མི་རྣམས་ཀྱི་འཚོལ་སྙེག་ཞིག་ཏུ་གྱུར་ཡོད།   མི་རྣམས་ཀྱིས་ཁ་རྒྱབ་ལ་རེ་སྒུག་བྱེད་པ་ནས་ཁོར་ཡུག་སྲུང་སྐྱོབ་ལ་རེ་སྒུག་བྱེད་པ་དང་། འཚོ་སྡོད་ལ་བརྩོན་པ་ནས་ཁོར་ཡུག་སྲུང་སྐྱོབ་ལ་བརྩོན་པ་དེ་ནི་མིའི་རིགས་ཀྱི་དགོས་མཁོ་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་ཆོས་ཉིད་ཡིན་པ་རེད།

1980ལོ་ནས་བཟུང་། ཧེ་ཡན་རྫོང་གིས་བྱེ་མ་འགོག་བཅོས་ཀྱི་བྱ་བ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་པ་དང་། ཁྱད་པར་དུ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། རིམ་བསགས་ཀྱིས་མ་དངུལ་སྒོར་བྱེ་བ་བརྒྱད་ལྷག་བཏང་ནས། བསྡོམས་པས་ནགས་ཚལ་སྤྱི་ཆིང་སྟོང་གསུམ་དགུ་བརྒྱ་སོ་གསུམ་བསྐྲུན་ཏེ། ནགས་ཚལ་དང་རྩྭ་སའི་ཕྱོགས་བསྡུས་ཁེབས་ཚད་བརྒྱ་ཆའི་སུམ་ཅུ་ནས་བརྒྱ་ཆའི་བཞི་བཅུར་བསླེབས་ཡོད་ཅེས་ཧེ་ཡན་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཆུ་བེད་ཅུའི་ཅུས་ཀྲང་ཁུང་ཆིན་ལོང་གིས་དེ་ལྟར་ངོ་སྤྲོད་བྱས།

ཚད་བརྒལ་གྱིས་ཕྱུགས་འཚོས་ནས་རྩྭ་སའི་ཁག་ཁུར་སྔར་ལས་ཇེ་ལྗིད་དུ་བཏང་བ་དང་། དེའི་ཁར་ཨ་བྲས་གནོད་པ་བཟོས་ཏེ་རྩྭ་ཕྱུགས་བར་གྱི་འགལ་བ་ཉིན་བཞིན་ཇེ་ཆེར་གྱུར་ནས་སྤྱི་ཆིང་ཁྲི་བདུན་དང་སྟོང་གསུམ་ཡོད་པའི་འབྲོང་ལུང་ཞང་ས་རླུང་ཐང་གི་རྩྭ་ས་དེ་ཉམས་ཞན་དུ་འགྱུར་མགོ་བརྩམས། དེའི་ནང་རྩྭ་ས་སྤྱི་ཆིང་ཁྲི་གཉིས་སྟོང་གསུམ་ཙམ་ས་ནག་ཐང་དུ་གྱུར་ཏེ་རི་སྐྱེས་སྲོག་ཆགས་གཅིག་ཀྱང་མཐོང་མི་ཐུབ་པའི་གནས་སུ་གྱུར་ཡོད།

དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་ནང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་ཞིབ་ཚོགས་པ་མངགས་ཏེ་ས་ནག་ཐང་བཅོས་སྐྱོང་གི་ཚན་རྩལ་མཁྲེགས་གཏོར་བྱ་བ་སྤེལ་བ་དང་། ལོ་ངོ་བཅུ་ལྷག་གི་རིང་ལ་འབད་འཐབ་ལྷོད་མེད་དང་ཚན་ཞིབ་མཁྲེགས་གཏོར་བྱ་བ་སྤེལ་བ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་ཆེད་མཁས་པས་ས་ནག་ཐང་དུ་གྱུར་བའི་འབྱུང་རྐྱེན་འཚོལ་ཞིབ་བྱུང་བ་དང་། མཐོ་སྒང་ས་ཁུལ་དུ་སྐྱེ་ཐུབ་པའི་ཕྱུགས་རྩྭ་ལེགས་པོ་གསོ་སྐྱོང་བྱས་པ་རེད།

2015ལོར་ཆི་ལེན་རྫོང་གིས་ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན་བཀོད་སྒྲིག་བྱས་ནས་ས་ནག་ཐང་ཕྱོགས་བསྡུས་བཅོས་སྐྱོང་གི་ཚོད་ལྟའི་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་པ་དང་། ད་ལྟའི་བར་ས་ནག་ཐང་གིས་སྔོན་ཆད་ཀྱི་མཛེས་ཉམས་ཡང་བསྐྱར་མངོན་ཏེ།  སྔོ་ལྗང་གི་རྩྭ་ཐང་དང་ནོར་ལུག་གི་ཁྱུ་ཚོགས། བག་ཡངས་སུ་རྒྱུ་བའི་རི་སྐྱེས་སྲོག་ཆགས་བཅས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གཟུགས་བརྙན་ཞིག་རིམ་བཞིན་མངོན་པ་རེད།

མཚོ་བྱང་གི་སྐྱེ་ཁམས་གོ་གནས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དེ་མཚོ་བྱང་ལ་མཚོན་ན་ཆེས་གལ་ཆེ་བ་ཐག་གིས་བཅད་ཡོད། རྒྱལ་ཁོངས་ལྗང་བསྒྱུར་བྱེད་པ་ནི་མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ལག་བསྟར་བྱེད་པའི་ལག་ལེན་གལ་ཆེན་ཡིན་པ་རེད་ཅེས་མཚོ་བྱང་ཁུལ་ནགས་ལས་ཅུའི་ཅུས་ཀྲང་མཱ་རུའུ་ཞང་གིས་དེ་ལྟར་བཤད། 2018ལོར་མཚོ་བྱང་ཁུལ་གྱིས་རྒྱལ་ཁོངས་ལྗང་བསྒྱུར་གྱི་ལས་འགན་སྤྱི་ཆིང་ཁྲི་གསུམ་སྟོང་གསུམ་ཉིས་བརྒྱ་ཡོངས་འགྲུབ་བྱས་པ་དང་། དེའི་ནང་མིས་བཟོས་ནགས་སྐྲུན་གྱི་ལས་འགན་སྤྱི་ཆིང་སྟོང་བདུན་ཉིས་བརྒྱར་སླེབས་ཡོད།

གྲོན་ཆུང་སྔོན་མ་དང་སྲུང་སྐྱོབ་སྔོན་མ། རང་བྱུང་སླར་གསོ་བཅས་གཙོ་བོ་ཡིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བར་སྟོང་རྣམ་པ་དང་ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བ་རོལ་སྟངས་བཅས་གྲུབ་པར་བྱེད་པ་དང་། འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་ལེགས་པོར་སྤེལ་བའི་དམིགས་འབེན་གཞིར་བཟུང་སྟེ། མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་བླངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མདོ་ལ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལ་གནང་བའི་འབྲེལ་ཡོད་མཛུབ་སྟོན་དགོངས་དོན་ལྟར། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་ཁྱོན་ཡོངས་ནས་དག་ཐེར་ལེགས་སྒྲིག་བྱ་བ་སྤེལ་བ་དང་། 《ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》གསར་བ་དང་།   ཆུའི་དོན་ཚན་བཅུ་དང་སའི་དོན་ཚན་བཅུ་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་དངོས་འབེབས་ནན་མོ་བྱས་ཤིང་། ཁྱོན་ཡོངས་ནས་ཆུ་དཔོན་ལམ་ལུགས་ལག་ལེན་དང་ཁྱོན་ཡོངས་ནས་ཆུ་དང་རླུང་ཁམས་ཆེན་མོ། ས་རྒྱུ་བཅས་ཀྱི་འབག་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་པས། ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་བ་དང་།  2018ལོའི་མཁའ་དབུགས་ཀྱི་སྤུས་ཚད་དེ2015ལོའི་བརྒྱ་ཆའི་དོན་དགུ་དང་གྲངས་ཆུང་གཉིས་ནས་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་གསུམ་ལ་འཕར།

ཁུལ་ཡོངས་ཀྱི་ཆུ་རྒྱུད་ཆེན་པོ་གསུམ་དང་ཆུའི་འབྱུང་ཁུངས་གཙོ་བོའི་སྤྱི་ཡོངས་ཀྱི་ཆུའི་སྤུས་ཚད་བརྟན་འཇགས་ཡིན་པས། ནུབ་མཚོ་གྲོང་རྡལ་དང་རྗོང་བཞིའི་མཁར་གྲོང་གི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་འབྱུང་ཁུངས་ཀྱི་ཆུའི་སྤུས་ཀ་ཚད་གཞིར་སླེབས་ཚད་བརྒྱ་ཆའི་བརྒྱར་སླེབས་ཡོད། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། མཚོ་བྱང་གི་རི་བོ་སྔར་ལས་སྔོ་ཞིང་ཆུ་མོ་སྔར་ལས་དྭངས་བའི་མཛེས་ཉམས་ཤིག་ཡང་བསྐྱར་མངོན་ཡོད།

མཚོ་བྱང་ཁུལ་གྱིས《སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་གདེང་འཇོག་དཔྱད་ཞིབ་བྱེད་ཐབས།》དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི《རྨོ་ཞིང་སྲུང་སྐྱོབ་ལ་ཤུགས་སྣོན་དང་བདག་བཟུང་ཁ་གསབ་དོ་མཉམ་ལམ་ལུགས་ལེགས་བསྒྱུར་སྐོར་གྱི་ལག་བསྟར་བསམ་འཆར།》ལག་ལེན་དངོས་འབེབས་བྱེད་པའི་ལག་བསྟར་ཇུས་གཞི་ཞིབ་འཇུག་འགྲེམ་སྤེལ་བྱས་པ་དང་། མགོ་ཁྲིད་ལས་བྱེད་པར་ཆུའི་ཐོན་ཁུངས་དོ་དམ་གྱི་འགན་འཁྲི་འཁུར་སྐབས་རྩིས་བཤེར་དང་། རང་བྱུང་ཐོན་ཁུངས་གཅིག་གྱུར་གཏན་འཁེལ་ཐོ་འགོད་དང་རང་བྱུང་སྐྱེ་ཁམས་གྱི་བར་སྟོང་བཀོལ་སྤྱོད་དོ་དམ་ཚོད་ལྟ་ཁྱབ་སྤེལ་བྱས་ཤིང་། མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུ་དང་མཚོ་བྱང་ནགས་ཚལ་སྤྱི་བདེ་ཅུ་བཙུགས། མདོ་ལ་རི་བོའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཚོད་ལྟའི་ལས་གཞི་ལག་བསྟར་བྱས་པ་དང་། རྒྱལ་ཁོངས་ལྗང་བསྒྱུར་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཤིང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་སྐྱེ་ཁམས་ཐོན་ལས་གསོ་སྐྱོང་གི་གོམ་སྟབས་ཇེ་མགྱོགས་སུ་བཏང་།

ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་འདྲེས་ཡོད་ལ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ལེགས་བཅོས་ཁྲོད་མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་མཐོ་ཚད་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་ངེས། རེ་བ་གསར་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་མཛེས་སྡུག་མཚོ་བྱང་གི་རྣམ་པ་གསར་བ་ཞིག་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཀྱིན་ཡོད།

ལོ་ཙཱ་བ། སྒྲོལ་མ་སྐྱིད།